ངའི་ཕ་ཡུལ་གྱི་མདའ་རྩེད།

བྱ་གཞུང་དབང་ཆེན་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-06-10

  ང་ཚོ་ས་ཆའི་དམངས་གཞས་ཞིག་ལས། ཤིང་སྐྱེས་སྐྱེས་ཐམས་ཅད་ཙན་དན་ཡིན། །རྩྭ་སྐྱེས་སྐྱེས་གཉིས་ཀ་མེ་ཏོག་ཡིན། །ཞེས་ཀྱང་། དེ་ནི་ངའི་ཕ་ཡུལ་གྱི་རང་བྱུང་ཁོར་ཡུག་གི་རྣམ་པ་དང་འོས་ཤིང་འཚམ་པ་ཞིག་མ་ཡིན་མོད། ཡང་གཞས་དེ་ལས་བུ་སྐྱེས་སྐྱེས་ཐམས་ཅད་མདའ་བ་ཡིན་ཞེས་འདུག་པ་དེ་ནི་ང་ཚོའི་ལུང་བ་འདི་ལས་འཕྲོད་པ་དང་མཛའ་བ་ཞིག་མི་འདུག་སྙམ།
  ངའི་ཕ་ཡུལ་ནི་བྱ་མདོ་ལུང་བ་ཡིན། ལུང་བ་འདིའི་མི་རྒྱུད་ནི་མདོ་སྨད་དཔའ་ལུང་ནས་མཆེད་ཡོང་བ་ཞིག་ཡིན་ཞིང་། གྲགས་ཚོད་ལ་དཔའ་ལུང་བ་ནི་བཙན་པོའི་དམག་གི་གདུང་རྒྱུད་ཡིན་པས། མདའ་འཕེན་པའི་སྲོལ་ཡང་དེ་ནས་དར་ཡོང་བ་ཞིག་ཡིན་སྐད། ངས་ཤེས་དུས་ཀྱང་ཡུལ་འདིའི་མི་རྣམས་ཀྱིས"གཞུ་ཡ་འཁྱོག་ཤྭ་ར་དཀར་པོ་ཡིན། །མ་འཁྱོག་འབྲོང་རྭ་སྨུག་པོ་ཡིན། །ཞེས་པ་ལྟར། ཤིང་སྲ་མོ་རྭ་ལྟར་བཀུག་སྟེ་གཞུ་བྱེད་ཅིང་། མདའ་བཟོ་བ་ལ་ཡང་གསོམ་ཤིང་དྲང་སྐྱེས་དང་སྨྱུག་མ་གསར་སྐྱེས་ཉོས་ཏེ་མདའ་ཤིང་བྱེད། "ཁྲ་སྒྲོ་རྒོད་རྒོ་གླག་སྒྲོ་གསུམ། །མདའ་ལི་མའི་སྟེང་ནས་སྤུན་ཞིག་བསྒྲིག།"ཅེས་པ་བཞིན། བྱའི་རྔ་སྒྲོ་བཏོན་ནས་མདའ་སྒྲོ་དང་། ལྕགས་རིགས་བརྡར་ཏེ་མདེའུ་བྱས་ཐོག མདའི་སྣེ་ལ་ཉག་ཆུང་བཏོད་དེ་ལྟོང་བྱ། "མཐེབ་མོ་དབར་གྱི་མདའ་འཕེན་དཀའ། །བུ་མཐེབ་རྩལ་འཛོམས་ན་དཀའ་རྒྱུ་མེད"ཅེས་ཏེ"སྟག་གི་སྤྱིལ་བོ་ཕུབ། འོག་རྟ་གཡུལ་དུ་བསད། གདོང་ཁྲག་གིས་བྱུགས་ཏེ་སླར་མི་ལྡོག་པའི་རྩིས་སུ་བྱས་ནས་རྒོལ་བས་གྲུ་གུ་བཏུལ་བའི་སྟོད་ཀྱི་དཔའ་ཚན་དང་། རལ་གྲི་ལ་རི་མོ་བྲིས། དུར་རྒྱགས་ལྟོར་ཟོས། ཚེ་སློག་རྒྱབ་ཏུ་གོན་ཏེ་མི་སྡུག་པའི་ཆས་སུ་བྱས་ནས་རྒོལ་བས་ལྗང་བཏུལ་བའི་བར་གྱི་དཔའ་ཚན་དང་། རལ་གྲིའི་ཤུབས་བཅག ཁ་ཆེམས་གཉེན་ཉེ་ལ་ཕོག བུ་སྨད་ཉེ་དྲུང་ལ་བཅོལ་ནས་མི་ལྡོག་པའི་རྩིས་ཀྱིས་རྒོལ་བས་རྒྱ་བཏུལ་བའི་སྨད་ཀྱི་དཔའ་ཚན"དག་གི་དཔའ་གདེང་རྒྱུད་འཛིན་མ་ནུས་ཀྱང་། ལོ་རེ་རེའི་ལོ་སར་དང་དུས་སྟོན་གྱི་སྐབས་སུ། སྡེ་བ་དང་སྡེ་བའམ་ཚོ་བ་དང་ཚོ་བ་བྱས་ཏེ་མཐེབ་རྩལ་སྐུགས་བཅད་དེ་དཔའ་བོའི་ལ་རྒྱ་དང་མདའ་བའི་མདའ་རྒྱུད་འཛིན་པའི་འགྲན་བསྡུར་གྱི་བྱེད་སྒོ་སྣ་ཚོགས་ཛ་དྲག་ཆེན་པོའི་སྒོ་ནས་སྤེལ་བཞིན་ཡོད།
  དྲང་མོར་བཤད་ན། འགྲན་བསྡུར་དེ་ནི་སྤྱིར་བཏང་གི་འགྲན་བསྡུར་ཞིག་གཏན་ནས་མ་ཡིན་ཏེ། འགྲན་བསྡུར་མ་བྱས་གོང་གི་གྲ་སྒྲིག་གི་བྱ་བ་ལ། སྡེ་བའི་གསར་བུ་ཐམས་ཅད་ཉིན་ནས་ཟླ་ལ་འདུས་ཏེ་མཐེབ་རྩལ་སྦྱོང་བརྡར་བྱེད་ཅིང་། ལྷ་མོ་ལུང་བསྟན་ཞུས་ཏེ་བཅའ་བ་རིམ་གྲོ་ཡུན་རིང་བྱེད་པ་དང་། རི་གང་མཐོ་མགོ་ནས་སྤྱི་བསང་འགོད་པ། གཞི་བདག་གང་གཉེན་བཀུར་ནས་མཆོད་འབུལ་བྱེད་པ་སོགས་སྔོན་འགྲོའི་ལས་རྒྱ་ཆེར་བྱེད། འགྲན་བསྡུར་དངོས་ཀྱི་བྱ་བ་བརྗིད་ཆེ་སྟེ། མདའ་བའི་རུ་དཔུང་སྟག་ཕྲེང་དང་གཡག་ཕྲེང་འདྲ་བ་བསྒྲིགས། ངོ་ལ་གཉེར་བཟུང་སྟེ་ལག་པས་ཕྱག་རྒྱ་སྣ་ཚོགས་བཟོ། ཁ་ནས་ཧ྄ཱུཾ་དང་ཕཊ་ཀྱི་སྒྲ་དང་། ཡང་ན། "མདའ་མོ་ལྟོང་ནས་ཆག་དང་། གཞུ་མོ་མཆོང་ནས་ཆག""མདའ་ཆག་གཞུ་ཆག""ལོ་དགུ་ལ་སྐལ་མེད"དང་། "ཁ་འདར་ལག་འདར་འབྱུང""རྐང་འོག་དང་ཞབས་འོག་ཏུ་ནོན་ཅིག"ལྟ་བུ་སོགས་རྣ་བར་གཟན་པའི་ཚིག་གིས་དམོད་བོར་ནས། ཕ་རོལ་བོའི་སེམས་ཁམས་དཀྲུག་པའི་ཐབས་བྱ། མདའ་ཕོག་མཁན་གྱི་རང་སྡེ་ལ་དཔའ་དར་འཐེན་པ་དང་། མཐའ་བསྐོར་ཏེ་ཀི་བསྭོ་བྱེད་ཅིང་། གནམ་ལྡིང་ས་ལྡིང་བྱས་ཏེ་དགའ་བའི་རྣམ་འགྱུར་ཇི་སྙེད་ཀྱིས་ཕ་རོལ་བོ་ལ་ངོ་ཚ་གཏོད་པར་བྱེད། ང་ཚོའི་ལུང་སྐད་དུ་མདའ་འཕེན་སའི་འབེན་ལ་འཇལ་མ་ཟེར། འཇལ་མ་ནི་རྒྱུ་ས་ལས་བྱས་ཤིང་དབྱིབས་གཏོར་གཟུགས་ཡིན། འཇལ་མའི་མགོ་ལ་པོ་ཐོ་འཇོང་འཇོང་ཞིག་སློང་བ་དེ་ལ་ཐོ་ལེ་དང་། འོག་ཏུ་སྟེགས་བུ་དམའ་མོ་ཞིག་བཟོ་བ་དེ་ལ་འཇལ་སྟེགས་ཟེར། དྲང་མོར་བཤད་ན། དེ་དག་ནི་འཇལ་མའི་བཟོ་ལྟ་ངོམ་བྱེད་ཙམ་ལས་མ་འདས་ཀྱང་། སྟོད་དུ་དཀར་ཙིག་མ་ཟེར་བའི་ཤོག་བུ་སྒོར་མོ༼དེང་སང་འོད་སྡེར་གྱིས་ཚབ་བྱ།༽ཞིག་འཇོག་པ་དེ་ནི་འཇལ་མའི་གློ་བ་ལྟ་བུ་དང་། དེ་ནི་ཐག་རིང་ན་འབེན་དེ་གསལ་ལྷིང་ངེར་མཐོང་བྱེད་ཡིན། དེའི་གོང་གི་འཇལ་མའི་སུམ་ཚིགས་ཀྱི་ནང་དབུས་སུ་རྒྱུ་ཙཎྜན་གྱིས་བཟོས་པའི་ཤིང་ཐུར་སྐེ་ཉག་ཆུང་བཏོད་པ་ཞིག་འཛུགས་པ་དེ་ནི་འཇལ་མའི་སྙིང་ལྟ་བུ་ཡིན། དེ་ལ་འཇལ་རྡེའུ་ཟེར། མདའ་ཕོག་པའི་མཐོ་དམའ་དང་རྒྱལ་ཕམ་ཐག་གཅོད་ནི་དེ་ལ་བརྟེན་ནས་བྱེད་པས། རང་གཞན་སྡེ་བའི་མདའ་བ་ཀུན་གྱི་སེམས་ཀྱི་གཏད་སོའང་དེ་ཡིན་ནོ། །འགྲན་བསྡུར་རྗེས་ཀྱི་བྱ་བ་ནི་སྐྱིད་ཆེ་བ་ཞིག་ཀྱང་ཡིན་ཏེ། ཕྱོགས་གཉིས་ཀའི་སྐྱེས་ཕོ་མོ་གཉིས་ཀ་གྲལ་ལ་འཛོམས་ནས། ཆང་སྐྱེམས་འདྲེན་རེས་དང་། མདའ་གླུ་དང་ལ་གཞས་གཏོང་རེས་སོགས་ལུས་སེམས་གཉིས་ཀ་ལྷོད་ལ་བཞག་སྟེ་སྐྱིད་པའི་དཔལ་ལ་རོལ་བར་བྱེད་དོ། །
  གལ་ཏེ་མདའ་དང་མདའི་རིག་གནས་ལ་ཆ་རྒྱུས་ཡེ་ནས་མེད་མཁན་ཞིག་ཚེ། ཕར་བལྟས་ཚོད་ཀྱིས་ངའི་ཕ་ཡུལ་གྱི་མདའ་རྩེད་འདི་དགོད་བྲོ་བ་ཞིག་ཏུ་སྣང་སྟེ། ས་ཐོ་ཞིག་གི་སྟེང་ལ་མདའ་ཕོག་ཚེ། ཉིན་གང་ལ་གནམ་ལྡིང་ས་ལྡིང་བྱས་ཏེ་སུག་དུབ་ཅིང་། ཀི་བཏབ་སྟེ་ཁ་ནང་རྡུལ་གྱིས་བཀང་ཡང་ད་དུང་དགའ་ཀྲོག་ཀྲོག་བྱེད་པ་འདི་ཅིས་ཀྱང་བློར་མི་ཤོང་བ་ཞིག་ཡིན་ན་ཡང་། ངའི་ཕ་ཡུལ་གྱི་མི་རྣམས་ཀྱིས"གཞུ་ཡ་འཁྱོག་དཀར་པོར་ཕ་འདང་དང་། གཞུ་མ་འཁྱོག་སྨུག་པོར་མ་འདང་། གཞུ་ཐིག་ཕྲ་མོར་སྤུན་འདང་དང་། ཉག་ཕྲན་མདའ་ལ་བུ་འདང"བཅས་བཞག་ཡོད་པས་སོ། །

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་ཕ་ཡུལ་གྱི་མདའ་རྩེད།

2015-06-10 བྱ་གཞུང་དབང་ཆེན་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།