ཕ་ཡུལ་གྱི་ལ་གཞས་འགྲན་བསྡུར་ཞིག་ལ་ཞུགས་རྗེས་ཀྱི་དྲན་ཚུལ།

  སྤྱིར་སྐད་དང་ངག་གང་གི་ཆ་ནས་ཆ་རྐྱེན་ཤིན་ཏུ་ཞན་པའི་ང་རང་ལྟ་བུ་ཞིག་ལ་ཆ་མཚོན་ན་ཐེངས་འདིའི་འགྲན་ཞུགས་ནི་ཆེས་ཐོག་མ་ཡིན་ལ་ཕལ་ཆེར་ཆེས་མཐའ་མ་ཡིན་ཡང་སྲིད་པས། འཆར་གཞི་དང་དམིགས་ཡུལ་གཅིག་ཁོ་ན་ནི་རང་གིས་ཤེས་ཚོད་དང་བློ་ལ་འཁོར་ཚོད་ཀྱི་སྲོལ་རྒྱུན་ལ་གཞས་འབའ་ཞིག་ཉན་པ་པོ་ལ་ལེན་རྒྱུའམ་བཤད་རྒྱུ་དེ་ཡིན། འདི་ནི་ངའི་ལ་གཞས་ཀྱི་དགེ་རྒན་ཐོག་མ་སྟེ་ཉིན་འདི་ཚོར་ང་རང་ཉིད་ལས་ཀྱང་ཞོགས་ལངས་ཀྱིན་པའི་ཨ་མ་དྲིན་མོ་ཆེའི་རེ་བ་ཉག་གཅིག་ཀྱང་ཡིན། ཡིན་ཡང་། འགྲན་ཞུགས་ཀྱི་མཉམ་མྱོང་མེད་པ་དང་གཤིས་ནས་འཚབ་ལུ་ཡིན་པ་སོགས་ཀྱིས་འགྲན་ཐེངས་དང་པོའི་ནང་འཆར་གཞི་ཅུང་འཆོལ་བར་དྲིན་ཆེན་མ་ལོའི་ཁ་ལོག་ཀྱང་ཉོས་ཡོད།
  བོད་རྩིས་ཀྱི་ཟླ་ལྔ་པའི་ཚེས་བཅོ་ལྔའི་དགོང་མོའི་ཆུ་ཚོད་བཅུ་ཡས་མས་ལ་འགྲན་ཐེངས་དང་པོ་འཚོགས་བྱུང་། དཔྱད་འདེམས་པ་ཚོས་ཐེངས་འདིར་ལ་གཞས་ཀྱི་རིགས་ལ་དེང་སང་ཚང་མས་དགར་ཚུལ་ལྟར་རྩེད་མགོའི་སྐོར། རོགས་འགྲོགས་པའི་སྐོར། ཞེ་མཐུན་པའི་སྐོར། ཁ་བྲལ་པའི་སྐོར། ཞེ་སྨྲེང་བའི་སྐོར། རོགས་དྲན་པའི་སྐོར། ལབ་ཀྱི་སྐོར་བཅས་ཁག་བདུན་དུ་དགར་ཡོད་ཚུལ་དང་།༼འགྲན་བསྡུར་གཞན་ནས་ད་དུང་རྩོད་པའི་སྐོར་དང་། སྐྱོན་འཚོལ་པའི་སྐོར་ཡང་དགར་བར་བྱེད་མོད་ད་ཐེངས་དགར་མ་བྱུང་། དེ་ནི་དེང་སང་རིགས་འདི་གཉིས་ལ་ཁ་བཙོག་སྐྱུགས་བྲོ་བ་ཕ་རོལ་པོར་ངོ་ཚ་ཆེར་གཏོད་པའི་ཚིག་མང་དུ་འདུ་བས་གནས་སྐབས་མ་བཞག་པ་ཡིན་རྒྱུ་རེད ༽འགྲན་ཞུགས་པ་རེ་རེས་དཔྱད་འདེམས་པའི་བཀོད་སྒྲིག་ལྟར་ལ་གཞས་ལྔ་རེ་ལེན་དགོས་ཚུལ། བཀོད་སྒྲིག་བྱས་པའི་སྐོར་གྱི་བརྗོད་བྱ་དང་ཁ་བྲལ་ན་སྐར་མ་འཕྲི་རྒྱུ་ཡིན་ཚུལ་དང་། ངེས་པར་དུ་སྲོལ་རྒྱུན་གྱི་ལ་གཞས་ལེན་དགོས་པ་ལས་བཅོས་མའམ་ཕ་རོལ་པོར་དམའ་འབེབས་པའི་གཞས་བླངས་ན་སྐར་མ་འཕྲི་རྒྱུ་ཡིན་ཚུལ་བཅས་ཀྱི་ཆ་རྐྱེན་ནམ་སྒྲིག་ལམ་བསྒྲགས་བྱུང་།
  འགྲན་བསྡུར་གང་ནས་ཀྱང་དཔྱད་འདེམས་པ་དག་གིས་འདི་ལྟར་རིགས་དགར་དོན་ནི། འདི་ལྟར་མ་དགར་བར་གང་འདོད་ལེན་དུ་བཅུག་ན་གླུ་བ་གླུ་མ་མང་ཆེ་ཤོས་ལེན་སླ་ཞིང་རྒྱུགས་ཆེ་བའི་རྩེད་འགོ་གཅིག་པུའི་ནང་འཁོར་བསྡད་ནས་མུ་མཐུད་དུ་གཏིང་ལ་འགྲོ་མི་ཐུབ་པ་དང་། ལེན་མཁན་གྱི་ཕྱོགས་ཡོངས་ཀྱི་ཆ་ཡི་བྱང་ཆ་ཡང་ལྷང་ལ་འབུད་མི་ཐུབ་པར་མ་ཟད་ཉན་པ་པོར་ཡང་སྤྲོ་བ་ཆེར་བསྐྱེད་མི་ནུས་ཤིང་མི་བདག་གཉིས་ཀ་ཉོབ་འགྲོ་བའི་གནས་ལ་ཐུག་འགྲོ་བ་རེད། དེ་བས་རིགས་དགར་ན་ལ་གཞས་ཀྱི་སྣ་ཇེ་མང་དུ་འགྲོ་བ་དང་སོ་སོ་ནས་རིགས་སོ་སོ་བ་རེ་བླངས་ན་འགྲན་བསྡུར་གཅིག་གི་ཁྲོད་ནས་གཞས་སྣ་ཆ་ཚང་ལ་ཉན་ཐུབ་པས་ཉན་པ་པོར་སྤྲོ་སྣང་བསྐྱེད་ཐུབ་པ་དང་ལེན་པ་པོར་ཡང་དོན་ངོ་མར་ལ་གཞས་སྤྱིའི་ཆ་ནས་ཁ་གང་བསྐོར་ལ་བྱང་ཆ་ཡོད་མེད་ལྷང་ལ་འབུད་ཐུབ་པ་ཡིན་པས། རིགས་ནི་ངེས་པར་དགར་དགོས་ཀྱང་དགོས་ལ་འོས་ཀྱང་འོས།
འོན་ཀྱང་། ལ་གཞས་ཚང་མ་རིགས་སོ་སོར་ཤ་བཀར་རྐྱ་བཀར་བྱ་རྒྱུ་ནི་དམངས་ཁྲོད་ཀྱི་དཔྱད་འདེམས་པ་དང་གླུ་བ་གླུ་མ་ཙམ་ཕར་ཞོག་ཐ་ན་དམངས་ཁྲོད་རྩོམ་རིག་གི་ཆེད་མཁས་ཡིན་ཟེར་ནས་མགོ་བོ་དགྱེ་དགྱེ་བྱེད་མཁན་དག་གིས་ཀྱང་ཤིན་ཏུ་དཀའ་བའི་གནས་ལོས་ཡིན་བསམ།
  དཔེར་ན༼རྩོད་པའི་སྐོར༽ལྟ་བུ་ཞིག་ལ་མཚོན་ན། ང་རང་གིས་བརྡ་འདི་ཐོག་དང་པོར་ནུབ་མཚོ་མི་རིགས་སྒྲ་སྙན་པར་སྐྲུན་ཁང་གིས་བསྒྲིགས་པའི་གླུ་བ་གྲགས་ཅན་གནམ་ཁོ་དང་གླུ་མ་སྟག་བྷེ། གླུ་བ་དཔའ་འབུམ་རྒྱལ་བཅས་གླུ་བ་གླུ་མ་གསུམ་གྱིས་ལེན་སྐོར་གཅིག་གི་ནང་ཕན་ཚུན་བླངས་ཡོད་པའི་སྒྲ་ཐག༼རྩོད་པའི་སྐོར༽ཞེས་པ་དེ་ལས་ད་གཟོད་གོ་ཐོས་བྱུང་པ་ཡིན།
  དེར་དཔེར་ན༼རི་ཨ་འཁྱིལ་ཀླད་ཀྱི་རྩྭ་འཁྱིལ་འདི། །ཁྱོད་ཁ་དཀར་རྐྱང་གི་ཡིན་རྒྱུ་ཞིག །ང་བྲེ་སེར་འབྲོང་གི་མིན་རྒྱུ་ཞིག །བཟའ་ཤེས་ན་སྤྱི་བརྒྱ་ཡོངས་ཀྱི་བྱེད། །བཟའ་མི་ཤེས་སུ་རྒྱལ་སུས་ལོན་བལྟ། །་་་་་་༽ལྟ་བུ་རང་གི་དགའ་རོགས་གཞན་གྱིས་འཕྲོག་པ་རྩོད་པར་སྐྱེས་པ་ཕོ་ཡིས་ཕོ་ལ་མཛའ་གྲོགས་རྩོད་པར་ལེན་པ་དང་།༼བྱ་ཁུ་ལོས་ནགས་རུ་བརྒྱུད་ཤུལ་ནས། །ཤིང་གསོམ་དཀར་སྡོང་བོའི་མགོ་ལ།།བྱ་གཞན་པ་འབབ་ཀི་མ་བཞག་ནས། །
ནང་བྱ་བརྒྱའི་ཁ་ཟིག་མིན་ན།།ཁྱོའི་མགོ་ན་བྱ་ཞིག་ཡོད་ཀི་ཟེར། །༽ ལྟ་བུ་རང་གི་མཛའ་གྲོགས་གཞན་དང་འགྲོགས་པར་མིག་སེར་ཟོས་ནས་ཕོ་ཡིས་མོ་ལ་ལེན་པ་སོགས་ཡོད། འབྲོག་སྐད་དུ་འདི་ལྟར་བརྩེ་དུང་གི་ཆེད་དུ་མིག་སེར་ཟ་བ་ལ༼དེས་དེ་རྩོད་ཀི་འདུག་ཟེར་པ་ཡིན༽དེ་བས་དེང་སང༼སྐྱོན་འཚོལ་བ༽ཞེས་རིགས་ཤིག་ཟུར་དུ་དགར་ནས་ཕན་ཚུན་རོགས་གཞན་པ་བཙལ་བ་རྩོད་པའི་ཚུལ་གྱིས་ལེན་གྱིན་པ་ནི་དོན་ལ་རྩོད་པའི་སྐོར་གྱི་ནང་ནས་བཅད་སོང་བ་ཞིག་ཡིན་འདྲ།
  ཐེངས་ཤིག་ངས་ཉེ་བའི་ཆར་ལ་གཞས་བླངས་ནས་སྐད་གྲགས་ཅུང་ཡོད་པའི་ཕ་ཡུལ་གཅིག་པའི་གླུ་མ་ལྷ་རིས་ལ༼ཁྱོད་ཡིན་ན་བསམ་དབང་དྲན་དབང་མ་བྱིན་པར་རང་དགར་ཁྱོད་ཀྱིས་རྩོད་པའི་སྐོར་ལོངས་ཤིག་ཟེར་ན་ཅི་ཞིག་ལེན་པར་བྱ༽ཞེས་པར་ཁོ་མོས༼སྤྱིར་ཡིན་ན་རྩོད་པ་ཡིན་ན་ཞི་མོ་གཉིས་ཀྱིས་ཞི་ལུ་གཅིག་རྩོད་པའམ་ཞི་ལུ་གཉིས་ཀྱིས་ཞི་མོ་གཅིག་རྩོད་པ་དེ་ལྟ་བུ་ལ་གོ་བ་རེད། ཡིན་ཡང་། ད་སྐབས་འགྲན་བསྡུར་སོགས་ནས་གློ་བུར་དུ་ཕོ་མོ་གཉིས་ཡར་བསླངས་ནས་ཁྱོད་གཉིས་ཀྱིས་ད་རྩོད་ཅིག་ཟེར་ན་ད་ཅི་ཞིག་རྩོད་ཨང༽ཟེར་ནས་ཀུ་རེ་བྱེད་ཅིང་གད་མོ་བགད་བྱུང་། དེ་ནི་གནས་ལུགས་དང་ལྡན་པའི་སྐད་ཆ་སྟེ། གལ་སྲིད༼རྩོད་པ༽ཞེས་པ་རྩོད་གཞི་མི་ཞིག་ལ་ཆ་བཞག་ནས་དགར་བ་ཡིན་ན་ཕོ་མོ་གཉིས་ཙམ་གྱིས་ནི་ཕན་ཚུན་ཅི་ཞིག་རྩོད་ཅིང་ཅི་ཞིག་ལེན་ཨང་།
  དེ་སྔོན༼སྐྱོན༽ཞེས་པ་ལ༼སྐྱོན་ནག༽ཀྱང་ཟེར་ཞིང་དེ་ནི་གཞན་ལ་ཁ་མིང་སྣ་མིང་འདོགས་པ་དང་འཕྱ་སྨོད་དང་མཐོང་ཆུང་ཚད་ལས་བརྒལ་པ་རེ་བྱེད་པའི་རིགས་ཤིག་ཡིན། དེ་བས་གནའ་མི་ཚོས༼སྐྱོན་ནག་ཁོག་པ་གང་བོ། ལེན་སའི་དགའ་ལོ་གཅིག་ཡོད༽ཟེར་ནས་སྤྱིར་བཏང་ལེན་པར་མི་བྱ། དཔེར་ན༼རྨ་ཧ་རིའི་མཆོད་རྟེན་མགོ་ལོ་བོ། །ཞྭ་ཕུད་ནས་མཇལ་ནི་མ་དགོས། །ལྷམ་ཕུད་ནས་རྒྱག་ན་འདོད་ཀི། །ས་མ་རིའི་ཞི་ལུ་ལྕེ་ལོ་བོ། །ཁ་བགད་ནས་འགྲོགས་ནི་མ་དགོས། །ངོར་ཁ་ཆུ་བཏབ་ན་འདོད་ཀི། །༽ལྟ་བུ་སྙིང་ལ་གང་ཟུག་དང་སེམས་ལ་གང་གནོད་ཀྱི་ཚིག་བཤད་དགོས་པས་བརྩེ་དུང་དང་འབྲེལ་བ་གཏན་ནས་མེད། དེ་བས་ལ་གཞས་ནི་ཕོ་མོའི་བརྩེ་དུང་མཚོན་པའི་ཚིག་སྦྱོར་ཡིད་དུ་འོང་པའི་མཛའ་གཞས་ཀྱི་སྐོར་ཡིན་ཟེར་པ་ལའང་ངེས་པ་མེད་དེ། ། དཔེར་ན་ལབ་ཀྱི་སྐོར་ལ་ཡང་ཕོ་མོའི་བརྩེ་དུང་གི་དྲི་ཙམ་མི་བྲོ་བས་སོ། །
  ཉེ་སྔོན་ང་རང་སྐད་འཕྲིན་ནང་གི་ལ་གཞས་ཀྱི་ཚོགས་པ་ཞིག་ལ་ཞུགས་པ་ཡིན། ཐེངས་ཤིག་ཁོ་ཚོས་དྲ་ཐོག་གི་འགྲན་བསྡུར་ཞིག་སྤེལ་པར་ཡང་ད་ཅི་གོང་ནས་བཤད་པ་ལྟར་ཐོག་མར་ལ་གཞས་ལ་རིགས་འགའ་དགར་ཞིང་སོ་སོར་ལེན་དུ་བཅུག་བྱུང་། བར་མཚམས་ཤིག་ལ༼སྐྱོན་འཚོལ་པའི་སྐོར༽ལེན་པའི་གླུ་བ་གླུ་མ་གཉིས་ཐོད་གཏུགས་བྱུང་པར་ཅིག་ཤོས་ཀྱིས༼ཁྱོད་ན་ཁ་ཐུར་ན་ཨེ་སོང་། །ཁྱོས་ན་བྱེའུ་སྐྱ་ལྡང་ཨེ་རིག །ཁྱོད་ཡག་ན་བཙོག་ན་དེ་རེད། །༽སོགས་སྐྱོན་ནག་གི་སྐོར་བླངས་བྱུང་། འགྲན་བསྡུར་ཚར་རྗེས་ཚོགས་མི་ཅུང་ཤེས་རྒྱ་ཅན་ཞིག་གིས་སྤྱི་བསྡོམས་ཤིག་བྱས་པ་ཧ་ཅང་ཡག་བྱུང་། ཁོས་སྲོལ་རྒྱུན་རྒྱུན་འཛིན་དང་གླུ་བ་གླུ་མ་དག་གི་འགན་འཁྲིའི་སྐོར་ནས་ཅུང་བཤད་པ་དང་མཇུག་མཐར་ནུབ་དེར་སྐྱོན་འཚོལ་པའི་སྐོར་ལེན་མཁན་གྱིས་སྐྱོན་ནག་གི་སྐོར་བླངས་པ་འགྲིག་མ་སོང་སྟེ། འུ་ཚོས་གླུ་བ་གླུ་མ་དག་གིས་སྐྱོན་འཚོལ་པ་དང་སྐྱོན་ནག་གི་སྐོར་ཡང་དབྱེ་ཤེས་ཀྱིན་མི་འདུག་ཟེར་ནས་མང་ཙམ་ལབ་བྱུང་།
  ཡིན་ཡང་ངས་བསམ་ན་དེ་ནི་ཆེས་སྔ་མའི་དུས་སུ་ལ་གཞས་ཀྱི་རིགས་དགར་མཁན་སུ་ཡིན་པ་དེ་དག་གིས་ཁ་མ་གསལ་པར་རབ་རིབ་བྱས་ཡོད་པས་ལན་པ་ལས་རྗེས་སུ་ཞུགས་མཁན་གྱི་མང་ཚོགས་ཀྱིས་ནི་ལན་མེད་དོ་སྙམ། རང་དགར་འགྲན་བསྡུར་སོགས་ལ་ཞུགས་མ་མྱོང་ཞིང་གོ་ཐོས་ཆེར་མེད་པའི་མང་ཚོགས་ཕལ་པ་ཞིག་གིས༼རྩོད་པ༽ཟེར་བ་གང་དང༼སྐྱོན༽ཟེར་བ་གང་ཡིན་ཧ་ཅི་ལྟར་གོ །ད་ལྟའི་བར་དུ་སྟོན་མོ་འཚོགས་ས་དང་རྩེད་འགོ་བསྡུ་ས་གང་ནས་ཀྱང་གང་འདོད་ཅི་འདོད་དུ་བླངས་ཡོང་བ་ལས། སློབ་མས་དཔེ་དེབ་ཇི་བཞིན་སྡེ་ཚན་སོ་སོར་དགར་རྒྱུ་ཞིག་གང་ན་ཡོད།
  སྤྱིར་བཏང་སྨྲེང་བ་ནི་ཕན་ཚུན་ཁ་མ་བྲལ་སྔོན་གྱི་ཚོར་འདུ་སྐྱོ་ལྷང་ངེ་བ་རིགས་ཤིག་སྟེ༼ བྱེའུ་འཇོལ་མོའི་སེམས་ན་སྨྲེང་གསུམ་ཡོད། །སེམས་སྨྲེང་བ་ཅང་ལ་བཤད་ཀི་མེད། །གཅིག་བཤད་ན་ཁུ་ལོ་་ཁྱོད་བཤད་ཡ། །བྱ་ཁུ་ལོས་ནགས་རུ་བརྒྱུད་རྒྱུ་རེད། །བྱེའུ་འཇོལ་མོ་ནགས་ནས་ལུས་རྒྱུ་རེད། །བྱ་འུ་གཉིས་ཁ་ཐག་རིང་རྒྱུ་རེད། །ཞེ་འདི་གསུམ་བསམ་ནས་སྨྲེང་ནི་ཡིན། །་་་་་༽ལྟ་བུ་ཞིག་དང་། ཁ་བྲལ་པ་ནི་ཁ་གྱེས་ཁ་མའི་སྔོན་ཏག་ཏག་ལ་ཁ་གྱེས་མི་ཐུབ་པའི་ཚུལ་གླེང་བ་དང་། རྗེས་མའི་དུས་ཆད་འཐེན་པ། ཕན་ཚུན་བློ་མི་འགྱུར་པའི་དམ་བཅའ་འཇོག་པ། ཕན་ཚུན་ལ་སེམས་གསོ་བྱེད་པ་སོགས་སྟེ༼ ས་རྒྱ་གར་མཆོག་རིའི་གཡས་ཟུར་ནས། །ང་རྒྱ་བྱ་ཁུ་ལོ་ལོབས་ནི་གི །མགོ་བསྒུར་ནས་ནགས་སིལ་བཏུས་ནི་གི །ཤིང་དྲ་མའི་བར་ནས་བསོར་ནི་གི །བྱ་ཁ་ཁ་འཕུར་གི་ཕྱིར་ཉིན་ནས། །ནགས་རྒྱ་རྫོང་ཁ་བ་རིང་མོ་ནས། །ང་གཅིག་པུས་ཉི་མ་ཇི་ལྟར་གཏོང་། །་་་་་༽ལྟ་བུ་དང་། དྲན་པ་ནི་ཁ་བྲལ་པའི་རྗེས་སུ་ཕ་རོལ་པོ་དང་སྔོན་གྱི་འདས་དོན་རྣམས་ཡིད་ལ་འཁོར་ནས་སེམས་སྐྱོ་སྡུག་ཚུལ་གླེང་བ༼ རྟ་དྲན་པའི་ལོ་རབས་མི་བཤད། །རྟ་དྲན་པའི་ལོ་རབས་བཤད་ན། །སྒ་བེ་སང་གསེར་ནག་ལྷུ་བཞི་འདི། །རྟ་ཡོད་དུས་སྐྱིད་ཀྱི་ཕ་ས་ཡིན། །རྟ་མེད་དུས་སྡུག་གི་ཁུར་བོ་རེད། །སྲབ་ཟིལ་མ་སྐར་མ་སྟོང་བདུན་འདི། །སྡུག་ཁུར་བོའི་སྟེང་གི་གོང་རྩ་རེད། །སྒ་ཁུར་གི་ཁུར་གི་ཇེ་ལྕི་རེད། །ཐང་སྤང་དཀར་ཁ་ཞེང་ཇེ་ཆེ་རེད། །ལམ་སྐྱ་མོ་ཁ་ཐག་ཇེ་རིང་རེད། །རྟ་ཡིད་ལ་ཡོང་རྒྱུ་ཇེ་ཐུ་རེད། །་་་་་་༽ལྟ་བུ་སོགས་ཡོད།
  ཡིན་ཡང་ལ་གཞས་སྐོར་ཞིག་ཏུ༼ དྲན༽དང༼ སྨྲེང ༽དང༼ ཁ་བྲལ༽སོགས་ཚིག་ཟིན་དངོས་ན་མི་གསལ་པས་འདི་འདི་དང་དེ་དེ་ཞེས་དགར་ཐབས་ཤིན་ཏུ་དཀའ་སྟེ། དཔེར་ན༼ང་བྱ་བརྒྱའི་གླག་མོ་ཟེར་བ། །ང་དེང་མ་གཤོག་རྩལ་བདེ་དུས། །ང་འཕུར་ས་ཨ་སྔོན་དགུང་ཡིན། །ངའི་འཕུར་གྲོགས་བྱ་བརྒྱའི་ཁྱུང་ཡིན། །ངའི་གཤོག་རྩལ་ཁྱུང་གི་བདེ་ཡིན། །ང་དེང་སང་གཤོག་རྩལ་གཉོམ་དུས། །ང་འབབ་ས་བྲག་དམར་ཐེམ་ཡིན། །ངའི་འཕུར་གྲོགས་ཐང་དཀར་རྒོད་ཡིན། །ངའི་གཤོག་རྩ་རྒོད་ཀི་གཉོམ་ཡིན། ། ང་ཞང་བཟང་ཚ་མོ་ཟེར་བ། །ང་དེང་མ་སྣང་བ་མཐོ་དུས། །ང་འདུག་ས་རང་སྡེ་གྲོང་ཡིན། །ངའི་འདུག་རོགས་དྲིན་ཆེན་མ་ཡིན། །ངའི་སྣང་བ་མ་གི་སྤྲོ་ཡིན། །ང་དེང་སང་ཞེ་རྩ་གཉོམ་དུས། །ང་འདུག་ས་སྲུ་སྡེའི་ད་ཡིན། །ངའི་འདུག་རོགས་གོར་མོ་དུང་ཡིན། །ངའི་ཞེ་རྩ་དུང་གི་གཉོམ་ཡིན། །༽ལྟ་བུ་ཡིན་ན་དྲན་པའི་སྐོར་ཡིན་ནམ་སྨྲེང་བའི་སྐོར་ཡིན། ཡང་ན་ཁ་བྲལ་བའི་སྐོར་ཡིན་ཁ་བྲལ་ནས་རོགས་དྲན་པ་མིན་ནམ། རོགས་དྲན་ནས་ཞེ་སྨྲེང་བ་མིན་ནམ། དེ་ན་དེ་གསུམ་ག་འདྲེས་མ་མིན་ནམ། དེ་ན་འདི་ལྟ་བུ་མང་པོ་ཞིག་ཐག་གིས་བཅད་ནས་གང་གི་གྲས་སུ་འཇོག་གམ།
  ད་ཐེངས་ཕ་ཡུལ་གྱི་འགྲན་བསྡུར་དེའི་སྟེང་བུ་མོ་ཆུང་ཆུང་ཞིག་གིས་ང་ལ༼ཨ་ཅེ།ངས་སྨྲེང་བའི་སྐོར་དང་དྲན་པའི་སྐོར་གྱི་ཁྱད་པར་ཁྱོན་ནས་མི་ཁོར་པས་ད་ཅི་བྱ༽ཟེར་ཞིང་འཚུབ་ཆ་ཆེན་པོ་ལངས་ཀི་འདུག ངས་མོ་ལ༼སྐྱོན་ཡོད་པ་མ་རེད། དྲན་པའི་སྐོར་ལ་ཐོན་ན་རོགས་དྲན་པའི་ལོ་རབས་མ་བཤད་ཟེར་རྗེས་ཚིག་རྗེས་མ་མཐུད་ཤོག སྨྲེང་པའི་སྐོར་ཡིན་དུས་ཞེ་སྨྲེང་གི་ལོ་རབས་མ་བཤད་ཟེར་ནས་མཐུད་ཤོག སུས་ཀྱང་གསལ་བོར་དགར་ཐུབ་ཀི་མ་རེད༽ཅེས་པ་བཤད་པ་ཡིན། དོན་ལ་ཡང་ཕལ་ཆེར་དེ་འདྲ་ཞིག་ཏུ་གྱུར་འདུག་བསམ།
  སྤྱིར་བཏང་མགོ་ལོག་ཟླ་བྷེའི༼ གདོང་བ་ཉག་ནས་ཧ་ཐོ་རེད། བྲང་ནུ་མ་གཉིས་ཀ་ཧེ་ཐོ་རེད། ཁྱོད་གསར་བུ་ཆ་བོའུ་ཆབ་ཏོ་རེད༽ལྟ་བུས་གཙོ་བྱས་པའི་བཙོག་གཞས་དག་ལ་ཡིད་གཏིང་ནས་ཆད་ཡོད་པ་མ་གཏོགས། ང་རང་ཉིད་ནི་ལ་གཞས་གསར་པའི་རིགས་ཁྱོན་ནས་དང་ལེན་བྱེད་མི་ཐུབ་པའི་གྲས་ནི་རྩ་ནས་མིན་ཏེ། གླུ་བ་གནམ་ཤིང་བླངས་པའི་སྒྲ་ཐག༼རྩོད་པའི་སྐོར༽གྱི་ཁྲོད་དུ། ་་་་་་རྫ་རི་སྨུག་པོ་འདྲ་བའི་སྦྲ་ནང་གི། །རྨ་བྱའི་སྒྱོ་ཕྲན་འདྲ་བའི་རྩེད་རོགས་མ། །རྩེད་མ་ཡིན་ནོ་རྩེ་བ་གསའ་ནི་རེད། །མོ་སྒོ་ཡོད་ནོ་ཀུན་གྱིས་ཤེས་ནི་རེད། ། ་་་་སོགས་ལྟ་བུ་དང་དེའི་རྗེས་སུ་བྱུང་བའི་གླུ་བ་ཚེ་དཔལ་སྐྱབས་ཀྱིས་བསྒྲིགས་པའི༼དྲན༽ཞེས་པའི་སྒྲ་ཐག་གང་དེ་སོགས་ལ་གཞས་གསར་བ་སྐོར་ཞིག་ལའང་ཚིག་དང་དོན་གཉིས་ཆར་དགའ་བོ་ཞེ་དྲག་ཡོད།
  ཡིན་ཡང་། ད་ཆ་ལ་གཞས་གསར་བ་དག་སྙན་ངག་རང་བཞིན་ཅན་ནས་ཁ་བརྡ་དང་བཞད་གར་འདྲེས་མའི་རང་བཞིན་ཅན་ཞིག་ཏུ་འགྱུར་གྱིན་པ་དང་། མང་ཚོགས་ཀྱིས་ཀྱང་དེ་ལ་དགའ་བསུ་ཤུགས་ཆེར་བྱེད་དང་བྱེད་བཞིན་པ་དེ་འུ་ཚོས་ངེས་པར་དུ་བསམ་དགོས་པ་ཞིག་དང་། གླུ་བ་གླུ་མ་ཚོས་ཅིས་ཀྱང་བསྒྱུར་དགོས་པའི་གནད་དོན་ཞིག་ཏུ་བསམ། གླུ་བ་ཁྱུང་རྡོ་ལྟ་བུ་ཡིན་ན་སྐད་ངག་དང་ལ་གཞས་གཉིས་ཆ་ནས་ང་རང་ཆེས་དགའ་ས་ཞིག་ཡིན། ཡིན་ཡང་ད་ལྟ་ཁོས་དོན་ལྡན་གྱི་ལ་གཞས་མི་ལེན་པ་དང་སྙན་འཇེབས་ཀྱི་དབྱངས་ལ་མི་འགུག་པར་ལ་གཞས་བཙོག་པོའི་རིགས་འཁྲབ་སྟོན་འདྲ་ཞིག་བྱེད་ཀྱིན་འདུག་ཅིང་། དེ་བས་ཀྱང་ཁོ་ལ་དགའ་བའི་གསར་སྐྱེས་གླུ་བ་གླུ་མ་སྐོར་ཞིག་གིས་ཀྱང་ཁོ་དང་ཁོ་ལྟ་བུ་དག་ལ་ལད་ཟློས་བྱས་ནས་ལ་གཞས་ཡ་མ་བརླ་དེ་འདྲ་མང་པོ་དར་སྤེལ་བྱེད་ཀྱིན་ཡོད་པ་ནི་ཅི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང་།
སྔར་བོད་ཀྱི་སྒྱུ་རྩལ་པ་སྨན་བླ་སྐྱབས་ལགས་ཀྱིས་རྡུང་ལེན་འགྲན་བསྡུར་ཞིག་གི་སྟེང་རྡུང་ལེན་གྱི་གཞས་ཚིག་ཁ་གཡང་ཅན་ནས་སྒྱུ་རྩལ་རང་བཞིན་ཅན་ལ་གཞོལ་རྒྱུ་གལ་ཆེ་ཞེས་གསུངས་པ་ནང་བཞིན། ད་ལྟ་ལ་གཞས་ལ་ཡང་ནད་དེ་འདྲ་ཞིག་ཡོད་དེ། ༼ ཕ་སྐད་གཙང་མ་ཤོད་དང་ཁོར་ཡུག་སྲུང་སྐྱོབ་བྱོས༽སོགས་ཁ་ཏ་རྐྱང་པ་བྱས་ནས་ཕར་ལན་ཚུར་ལན་གང་འདེབས་དགོས་པ་ཡང་མི་ཤེས་པ་ཞིག་ཏུ་འགྱུར་བཞིན་འདུག མུ་མཐུད་དུ་འདི་ལྟར་སོང་ཞིང་འདི་ལྟ་བུ་ལེན་མཁན་དག་ལ་དགའ་བོ་ཆེར་བྱས་ན་ལ་གཞས་ནི་ཕོ་མོའི་མཛའ་བརྩེ་གཙོ་བོར་གླེང་བའི་སྙན་ངག་རིགས་ཤིག་ནས་ཁ་ཏ་སློབ་གསོ་ཁོ་ན་གཏོང་བའི་འབོལ་རྩོམ་བཅད་མའི་རིགས་ཁོ་ན་ཞིག་ཏུ་འགྱུར་པའི་ཉེན་ཁ་ཤིན་ཏུ་ཆེ།
  མང་པོ་ཞིག་གིས་ལ་གཞས་གསར་པའི་རིགས་དང་ལེན་བྱེད་མི་ཐུབ་པ་ནི་བསམ་བློ་རྙིང་སོང་གི་རྟགས་རེད་ཟེར་ཡང་སྲིད་མོད། ཐེངས་ཤིག་རྐང་ཚའི་གླུ་བ་ཚེ་རིང་དང་ཁ་བརྡ་བྱེད་མྱོང་ཡོད་དེ། ཁོང་གིས་ཀྱང་སྔར་རང་གིས་བླངས་ཚར་ཅིང་སྒྲ་ཐག་ཏུ་ཕུད་ཚར་བའི་གཞས་རྙིང་དག་ཕྱིར་འཚོལ་སྡུད་བྱེད་འདོད་ཡོད་ཅིང་། ལ་གཞས་གསར་བ་བླངས་པ་ཡིན་ཟེར་ནས་སྲོལ་རྒྱུན་ལ་གཞས་མང་དག་ཅིག་བརླགས་སོང་བར་ད་ལྟ་འགྱོད་པ་དྲག་ཏུ་སྐྱེས་བྱུང་ཟེར་གི་འདུག་པས་དོན་འདི་ནི་གླུ་བ་གླུ་མ་གསར་རྙིང་ཚང་མས་ངེས་པར་དུ་དོ་སྣང་བྱེད་དགོས་པའི་གནད་ཅིག་རེད་བསམ་བྱུང་།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་གྱི་ལ་གཞས་འགྲན་བསྡུར་ཞིག་ལ་ཞུགས་རྗེས་ཀྱི་དྲན་ཚུལ།

2015-07-23 ཁ་བ་ལྷ་མོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།