འབའ་ཡུལ་དུ་སྤྲིངས་པའི་འཕྲིན།
---འབའ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཀླུ་འབུམ་རྒྱལ་ལ་སྤྲིངས་པ།
སྔ་ཉིན་གནའ་མཁར་ཟི་ལིང་ནས་མཚོ་ལྷོའི་ཕྱོགས་ཀྱི་སློབ་གྲྭ་ག་གེ་མོ་ཞིག་ཏུ་དགེ་རྒན་གྱི་ཕྱག་ལས་གཉེར་གྱིན་པའི་གྲོགས་པོ་གློ་ཉེ་བ་ཞིག་དང་ངོ་འཕྲད་བྱུང་སོང་། ཁོ་ནི་སློབ་གསོའི་ལས་ཀར་ཤ་ཞེན་ཆེ་བའི་ན་གཞོན་ལྷག་བསམ་ཅན་ཞིག་ཡིན་ཞིང་ནམ་རྒྱུན་བོད་ཀྱི་སློབ་གསོའི་གནས་སྟངས་དང་འཕེལ་རྒྱས་ཀྱི་ཐད་ནས་ཁ་བརྡ་གློད་ཐེངས་རེ་རེར་ང་ལ་སྔར་མེད་ཀྱི་བློ་བསྐྱེད་ཅིག་སྦྱིན་འོངས་བས། སྒེར་གྱི་ངོས་ཐད་ནས་ངས་རྣམ་ཀུན་ཁོའི་ལྷག་བསམ་དང་འཇོན་ཐང་ལ་ཡི་རིང་བྱེད་ཀྱིན་ཡོད། རེབ་འདིར་ཡང་སྔོན་མ་དག་དང་འདྲ་བར་ངེད་གཉིས་གནའ་མཁར་ཟི་ལིང་གི་མགྲོན་ཁང་ཐ་ཆག་ཅིག་ཏུ་ཞག་འདུག་བྱས་ཏེ་སེམས་ལྷོད་པོས་ཁ་བརྡ་གློད་པ་ཡིན། ཕྱི་ཉིན་ནམ་ལངས་ཏེ་རང་སར་གྱེས་སྐབས་ཁོས་ང་ལམཚོ་ལྷོ་ཁུལ་སློབ་གསོ་ཅུའུ་ཡིས་གཙོ་སྒྲིག་བྱས་པའི་《མཚོ་ལྷོའི་སློབ་གསོ》ཅེས་པའི་སློབ་གསོའི་དུས་དེབ་ཅིག་ལེགས་སྐྱེས་ཤིག་གི་ཚབ་ཏུ་གནང་སོང་། ཉེ་བའི་ལོ་འདི་འགའི་རིང་ལ་མཚོ་ལྷོ་ས་ཁུལ་གྱི་སློབ་གསོའི་སྒྲིག་གཞི་དང་རྣམ་པ་སོགས་ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་ཀྱི་ལམ་ཁ་གསར་བ་ཞིག་བསྙེགས་ཏེ་གཡུར་དུ་བ་བའི་གྲུབ་འབྲས་ཐོན་ཡོད་པ་མཚོ་སྔོན་ས་ཁུལ་གྱི་མི་རིགས་སློབ་གསོའི་མིག་དཔེ་དང་དཔེ་གཞི་ལྟ་བུར་ཆགས་ཡོད། དེ་ལས་ཀྱང་མཚོ་ལྷོ་ཁུལ་འབྲེལ་ཡོད་སྡེ་ཁག་གིས་རང་སྡེའི་དགེ་རྒན་རྣམས་ལ་སློབ་གསོའི་བསམ་བློ་བགྲོ་གླེང་དང་སློབ་ཁྲིད་ཉམས་མྱོང་བརྗེ་རེས་བྱེད་སའི་གར་སྟེགས་འདི་ལྟ་བུ་ཞིག་བསྐྲུན་ཏེ་དུས་ལྟར་དཔར་བསྐྲུན་འགྲེམ་སྤེལ་བྱེད་ཀྱིན་པ་ནི་ང་ཚོས་རྗེས་སུ་ཡི་རངས་བྱེད་འོས་པའི་ལས་སུ་ཅི་ལ་མི་མཐོང་།
དབྱར་ཟླ་དྲུག་པའི་གནའ་མཁར་ཟི་ལིང་གི་ཚ་གདུང་ལ་གཡོལ་བའི་ཚུལ་གྱིས་ཉིན་གུང་ཙམ་ལ་ང་རང་འགྲུལ་བཞུད་རླངས་འཁོར་ལ་བསྡད་དེ་ཕ་ཡུལ་གྱི་འགྲོ་བའི་ལམ་དུ་ཞུགས་པ་ཡིན། འགྲུལ་བཞུད་རླངས་འཁོར་དུ་མི་སུམ་ཅུ་ལྷག་ཡོད་ཀྱང་རང་སར་གླུ་དབྱངས་ལ་ཉན་པའམ་གཉིད་འདུག་པས་ཁུ་སིམ་མ་འདུག ངས་ཀྱང་གྲོགས་དྭངས་མས་གནང་སྦྱིན་མཛད་པའི《མཚོ་ལྷོའི་སློབ་གསོ》ལག་ཏུ་བླངས་ནས་ཞིབ་ཏུ་ཐེངས་གཅིག་བཀླག་པར་བརྩམས་པ་ཡིན། དུས་དེབ་འདི་ནང་དོན་གྱི་ཆ་ནས་སྣ་འཛོམས་རང་བཞིན་ཅན་ཞིག་ཏུ་འདུག་སྟེ། མཚོ་ལྷོ་ས་ཁུལ་གྱི་འབྲེལ་ཡོད་སློབ་གསོའི་གསར་འགྱུར་དང་བརྡ་འཕྲིན། དཔྱད་རྩོམ་སོགས་སྣ་མང་པོ་ཞིག་འདུ་བར་མ་ཟད། རྣམ་པའི་ཆ་ནས་རྒྱ་བོད་ཡིག་རིགས་གཉིས་ཀྱི་བརྩམས་ཆོས་བསྲེས་མར་སྦྱར་འདུག ཡིན་ཀྱང་རང་ཉིད་མ་གཞི་ནས་རྒྱ་ཡིག་གི་ཆུ་ཚད་ཞན་པས་དེབ་ཀྱི་དཀར་ཆག་ལས་བོད་ཡིག་གི་དཔྱད་རྩོམ་ཁག་ཤོག་ངོས་དུ་བར་བཀོད་ཡོད་པ་བཙལ་ནས་བཀླག་པར་བརྩམ་ཙམ་ལ། 《དམའ་འབྲིང་སྐད་ཡིག་གི་རྒྱུགས་གཞི་བཅའ་སྟངས་ཐད་ཀྱི་བསམ་གཞིག》ཅེས་པ་ཐོག་མར་ཀློག་འདུན་སྐྱེས་བྱུང་སྟེ། རྒྱུགས་ནི་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་དངོས་ཡོད་ཀྱི་ལག་ལེན་དང་འབྲེལ་བ་དམ་པོ་ཡོད་པའི་སློབ་གསོའི་ཐབས་ལམ་ཞིག་ཡིན་ཏེ། དགེ་རྒན་གྱིས་སློབ་ཁྲིད་ཡག་པོ་བྱས་མ་བྱས་དང་སློབ་མས་སློབ་སྦྱོང་ཡག་པོ་བྱས་མ་བྱས་རྒྱུགས་ལེན་པའི་ཐབས་ལ་བརྟེན་ནས་གཞལ་གྱིན་ཡོད་པའི་ཁར། སློབ་གྲྭ་དང་ས་གནས་ག་གེ་མོའི་སློབ་གསོ་འཕེལ་རྒྱས་ཀྱི་ཆུ་ཚད་དང་སློབ་སྒྲུབ་ཀྱི་སྤུས་ཚད་སོགས་ཚད་ག་འདྲ་ཞིག་ཏུ་ཐོན་ཡོད་མེད་སོགས་ཀྱང་རྒྱུགས་དང་འབྲེལ་ཐབས་མེད་པར་ཆགས་ཡོད་པས། ཚན་རིག་དང་མཐུན་པའི་ཚད་ལྡན་གྱི་རྒྱུགས་གཞི་བཅའ་སྟངས་ཤིག་ཆགས་ཐུབ་ཚེ། དགེ་རྒན་གྱི་སློབ་ཁྲིད་ལ་ཕན་ཐོགས་ཤིང་སློབ་མའི་སློབ་སྦྱོང་ལ་གོ་ཆོད་པ་ནི་གདོན་མི་ཟ། ཡང་ན་འདིའི་རྐྱེན་པས་དགེ་རྒན་ཞིག་གི་སློབ་ཁྲིད་ཀྱི་ལག་ལེན་དང་དངོས་བརྒྱུད་ཀྱི་མྱོང་བ་ལས་ཐོན་པའི་དཔྱད་རྩོམ་འདི་ཐོག་མར་བཀླག་འདུན་སྐྱེས་སོ།།
2015ལོའི《མཚོ་ལྷོའི་སློབ་གསོ》དེབ་གསུམ་པར་བཀོད་པའི《དམའ་འབྲིང་སྐད་ཡིག་གི་རྒྱུགས་གཞི་བཅའ་སྟངས་ཐད་ཀྱི་བསམ་གཞིག》ཅེས་པའི་དཔྱད་རྩོམ་འདི་ནི་འབའ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཀླུ་འབུམ་རྒྱལ་ལགས་ཀྱི་བྲིས་པ་ཞིག་རེད། དཔྱད་རྩོམ་འདི་ལ་ཐོག་མར་ནང་དོན་གནད་བསྡུས་དང་དེ་ནས་བརྡ་ཆད་གཙོ་བོ། དེ་ནས་རིམ་བཞིན་གཞུང་གི་དངོས་དོན་སོགས་གོ་རིམ་ལྡན་པར་བཀོད་ཡོད་པ་ལ་ཚད་ལྡན་གྱི་རིག་གཞུང་དཔྱད་རྩོམ་ཁག་ལ་ལྡན་དགོས་པའི་དགོས་ངེས་ཀྱི་གོ་རིམ་གསལ་བས། ངས་རྩོམ་ཡིག་འདིའི་ཚིག་རེ་རེ་དང་ཚན་པ་རེ་རེ་བཞིན་ཞིབ་ཏུ་ཐེངས་གཅིག་བཀླགས་པའི་མོད་ལ། དེ་སྔ་གང་ཞིག་ནས་འདི་དང་དོན་ཆ་འདྲ་བའི་རྩོམ་ཡིག་ཅིག་བཀླགས་མྱོང་བའི་ཚོར་སྣང་ཞིག་སྐྱེས་འོངས་པ་སྟེ། དཔྱད་རྩོམ་འདིའི་ནང་དོན་གྱི་ཆ་ནི་མཚོ་སྔོན་སློབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱི་དགེ་རྒན་ཚེ་འབར་ལགས་ཀྱིས་ཡ་རྫི་རྫོང་ནས་དམའ་འབྲིང་དང་སློབ་ཆུང་གི་སྐད་ཡིག་རྒྱུགས་གཞི་བཟོ་ཐབས་སྐོར་ནས་འཆད་ཁྲིད་གནང་བ་སྒྲ་ཕབ་པ་དེ་དཀར་མཛེས་ཁུལ་ཁམས་བྱང་མི་རིགས་མཐོ་འབྲིང་གི་དགེ་མིང་ཙམ་འཛིན་པ་པད་མ་བཀྲ་ཤིས་ནསབོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་དགེ་རྒན་རྣམས་ལ་མཁོ་ཆེ་བར་དགོངས་ཏེ་ཇི་མ་ཇི་བཞིན་ཡིག་ངོར་ཕབ་ཏེ་མཚོ་སྔོན་པོའི་བོད་ཡིག་དྲ་ངོས་ཀྱི་སློབ་གསོའི་མུན་སེལ་ལེ་ཚན་དུ་བཀོད་ཡོད་པ་དེ་དང་འདྲ་བོ་འདུག
དགེ་རྒན་ཚེ་འབར་ལགས་ཀྱི《དམའ་འབྲིང་དང་སློབ་ཆུང་གི་སྐད་ཡིག་རྒྱུགས་གཞི་བཟོ་ཐབས་སྐོར་བཤད་པ》ཅེས་པའི་འཆད་ཁྲིད་ཀྱི་མ་ཕྱི་འདི་སྤྱི་ལོ2011-6-16ཉིན་གྱི་སྔ་དྲོའི་ཆུ་ཚོད9:28:00ཙམ་ལ་མཚོ་སྔོན་པོའི་བོད་ཡིག་དྲ་གནས་སུ་བཀོད་པར་བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་མང་པོ་ཞིག་གིས་སྐད་ཡིག་གི་སློབ་ཁྲིད་བྱེད་པ་དང་སྐད་ཡིག་གི་རྒྱུགས་གཞི་བཟོ་སྐབས་ཀྱི་དཔྱད་གཞིར་འཛིན་གྱིན་ཡོད་ཚུལ་སྣ་ཐོས་མང་དུ་བྱུང་མྱོང་བས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་མྱོང་། རེབ་འདིར་འབའ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཀླུ་འབུམ་རྒྱལ་ལགས་ཀྱིས་དགེ་རྒན་ཚེ་འབར་ལགས་ཀྱི་མྱོང་བ་དང་རྣམ་དཔྱོད་ལས་ཐོན་པའི་རྩོམ་ཡིག་འདི་ལ་ཡ་མི་ང་བའི་སྒོ་ནས་སློབ་མའི་ལས་བྱ་དག་བཅོས་བྱེད་པའི་ལོབས་ཕྱོགས་ལྟར་ཚིག་ཐུང་ངུ་རེ་དང་ཚན་པ་ཐུང་ངུ་རེ་འཕྲི་སྣོན་གང་ལེགས་བྱས་ཤིང་། རང་གི་ངག་ལ་བདེ་ཕྱོགས་ལྟར་ཕྲད་རེ་གཉིས་ཤིག་བཅོས་རྗེས་རང་གི་བློ་གྲོས་ཀྱི་ནོམ་དུ་བསྡུས་པ་ནི་ཅི་འདྲའི་ཡ་ང་བའི་སྦྱོར་བ་ཞིག་རེད་ཨང་། གོ་ཐོས་སུ་དགེ་རྒན་ཀླུ་འབུམ་རྒྱལ་ལགས་ནི་རིག་གནས་ཀྱི་རྨིང་མཐུག་ཅིང་སློབ་ཁྲིད་ཀྱི་ཐབས་ལ་བྱང་བ། རིག་སྟོབས་ཆེ་ཞིང་དཔྱོད་པའི་འཇུག་སྒོ་ཡངས་བས་རྫོང་མི་རིགས་སློབ་འབྲིང་ཙམ་མ་ཟད་འབའ་རྫོང་གི་དགེ་རྒན་དག་གི་མིག་དཔེ་རུ་འཛིན་རུང་བའི་ཕུལ་བྱུང་གི་དགེ་རྒན་ཡ་མེད་ཅིག་ཡིན་ཞིང་། བསྟུད་མར་ལོ་འགའི་རིང་ལ་ཁུལ་དང་རྫོང་རིམ་པའི་ཕུལ་བྱུང་དགེ་རྒན་དང་རྐང་འཛིན་དགེ་རྒན་དུ་བདམས་ནས་གཟེངས་རྟགས་རེག་མྱོང་བའི་ཁར། སློབ་ཁྲིད་ཀྱི་ལས་ཞོར་དུ་བྱིས་པའི་ལོ་ནའམ་སེམས་ཁམས་དང་འཚམ་པའི་ཁ་ཤགས་སམ་གར་ཆུང་གི་འཁྲབ་གཞུང་མང་དུ་བྲིས་པར་བོད་ཁམས་སུ་དགའ་བསུ་འཐོབ་མུས་ཡོད་ཟེར། ཚུལ་འདི་བདེན་ན་ང་རང་འབའ་རྫོང་གི་དགེ་རྒན་གྱི་དཔུང་སྡེ་དང་དེ་སའི་དགེ་རྒན་རྣམ་པའི་རིག་གཞུང་ཞིབ་འཇུག་གི་གོམས་སྲོལ་ལ་དགོས་མེད་ཀྱི་དོགས་པ་ཞིག་ཀྱང་ངང་གིས་སྐྱེས་འོངས། རྗེ་ས་པཎ་ལགས་ཀྱི་མཁས་པ་ཐམས་ཅད་རྐུན་མ་ཡིན་པར་གསུངས་པ་བདེན་ཡང་བརྐུས་ནས་ཚད་འདི་འདྲ་ཞིག་ལ་ཐོན་ཆོག་པའི་གུ་ཡངས་ཤིག་གནང་མ་མྱོང་བ་འདྲ། རང་རྒྱལ་གྱི་རྩོམ་ཡིག་བདག་དབང་སྲུང་སྐྱོབ་བཅའ་ཁྲིམས་ཀྱིས་ཀྱང་ཚུལ་འདི་ལ་གུ་ཡངས་གནང་མི་སྲིད།
ཁ་ཤས་ཤིག་གིས་ངས་ཉེས་མེད་བསྙོན་འདོགས་བྱས་པར་ལབ་ཀྱང་སྲིད། ང་ཡང་ཁྱོད་དང་འདྲ་བར་སློབ་གྲྭ་ཆེ་ཆུང་རིམ་པར་བརྒྱུད་དེ་ཚད་ལྡན་གྱི་སློབ་གསོ་མྱངས་མཁན་གྱི་མི་བུ་སྒེར་ཚུགས་ཅན་དང་རྩ་དོན་ཅན་ཞིག་ཡིན་པའི་ཆ་ནས་ངས་རང་གི་སྐད་ཆ་ལ་ཁ་སྟོང་ནང་གི་ཚིག་སྟོང་ཙམ་མ་ཡིན་པར་དེ་འབྲེལ་གྱི་འགན་རྫོགས་པར་ཁུར་ངེས་ཡིན། གཤམ་ནས་བདེན་པ་རི་རབ་འདྲ་ཞིག་དཔང་ལ་བཞག་ནས་གོང་དུ་སྨྲས་ཟིན་པ་དག་ཁུངས་མེད་འཆལ་གཏམ་དང་ལུང་མེད་ཉོག་གཏམ་མིན་པའི་ཚུལ་མདོར་ཙམ་བསྒྲུབ་པར་བྱ་སྟེ།
༡ བརྩམས་ཆོས་སྤེལ་བའི་དུས་ཀྱི་ཆ་ནས། དགེ་རྒན་ཚེ་འབར་ལགས་ཀྱི་《དམའ་འབྲིང་དང་སློབ་ཆུང་གི་སྐད་ཡིག་རྒྱུགས་གཞི་བཟོ་ཐབས་སྐོར་བཤད་པ》ཅེས་པའི་འཆད་ཁྲིད་ཀྱི་མ་ཕྱི་ནི་སྤྱི་ལོ2011ལོའི་སྤྱི་ཟླ་དྲུག་པར་མཚོ་སྔོན་པོའི་བོད་ཡིག་དྲ་ངོས་སུ་བཀོད་པ་བརྒྱུད་ནས་དཔྱོད་ལྡན་ཀུན་གྱི་མཐོང་སྣང་དུ་མངོན་པ་དང་། དགེ་རྒན་ཀླུ་འབུམ་རྒྱལ་གྱི《དམའ་འབྲིང་སྐད་ཡིག་གི་རྒྱུགས་གཞི་བཅའ་སྟངས་ཐད་ཀྱི་བསམ་གཞིག》ནི་2015ལོའི་ལོ་དཀྱིལ་ཙམ་ལ་《མཚོ་ལྷོའི་སློབ་གསོ》རུ་བཀོད་ནས་སྤྱི་ཚོགས་སུ་འགྲེམ་སྤེལ་བྱས་པ་ཡིན། དུས་ཀྱི་སྔ་ཕྱིའི་ཆ་ནས་ལོ་ངོ་བཞི་ཡི་ཡུན་གྱིས་ཆོད་པས་དགེ་རྒན་ཀླུ་འབུམ་རྒྱལ་གྱིས་དགེ་རྒན་ཚེ་འབར་གྱི་ཁྲིམས་མཐུན་གྱི་ཁེ་དབང་ལ་རྡོག་རྫིས་བཏང་བ་རྩོད་མེད་དུ་ཆགས་འདུག
༢ རྩོམ་གྱི་སྒྲིག་གཞིའི་ཐད་ནས།
དགེ་རྒན་ཚེ་འབར་ལགས་ཀྱི་《དམའ་འབྲིང་དང་སློབ་ཆུང་གི་སྐད་ཡིག་རྒྱུགས་གཞི་བཟོ་ཐབས་སྐོར་བཤད་པ》ཅེས་པའི་འཆད་ཁྲིད་ཀྱི་མ་ཕྱིའི་སྤྱི་ཁོག་གི་སྒྲིག་གཞི་གཤམ་ལྟར།
གཅིག ཡི་གེའི་དག་ཆ་ཡོད་མེད་ལ་བརྟག་པ།
༡ ཉན་འབྲི ། ༢ རི་མོའི་འོག་ཏུ་མིང་འབྲི་བ།
༣ ཡིག་ནོར་འཚོལ་བ། ༤ ཚིག་སྐྱོན་འཚོལ་བ།
གཉིས། དོན་གྱི་གོ་བ་ལེན་པར་བརྟག་པ།
༡ འགྲེལ་བཤད་བྱེད་དུ་འཇུག་པ།
གསུམ། ཡི་གེའི་བཀོལ་སྤྱོད་ཀྱི་ནུས་པར་བརྟག་པ།
༡ རི་མོའི་འོག་ཏུ་ཚིག་འབྲི་བ། ༢ ཚིག་སྒྲིག་པ། ༣ ཐིག་གིས་སྦྲེལ་བ། ༤ མིང་བདམས་ནས་ཁ་སྐོང་བ།
༥ བྱ་ཚིག་ཁ་སྐོང་བ། ༦ ཚིག་གྲོགས་སྦྱོར་བ། ༧ ཚིག་གི་གོ་རིམ་སྒྲིག་པ། ༨ ཞིབ་བརྗོད་ཀྱི་གོ་རིམ་སྒྲིག་པ། ༩ ཚིག་རྒྱས་འབྲི་བྱེད་པ།
༡༠ རྩོམ་ཡིག་འབྲི་བ།
བཞི། བློར་འབྲི་བའི་ཚད་ལ་བརྟག་པ།
༡ ཁ་སྐོང་། ༢ ཕྲད་ཁ་སྐོང་། ༣ དཔེར་བརྗོད་འབྲི་བ། ༤ རྩ་ཚིག་བློར་འབྲི་བ། ༥ ཕྲད་ངོས་འཛིན།
ལྔ སློབ་ཚན་གྱི་ཤེས་བྱ་བཟུང་བའི་ཚད་ལ་བརྟག་པ།
དགེ་རྒན་ཀླུ་འབུམ་རྒྱལ་གྱི《དམའ་འབྲིང་སྐད་ཡིག་གི་རྒྱུགས་གཞི་བཅའ་སྟངས་ཐད་ཀྱི་བསམ་གཞིག》ཅེས་པའི་དཔྱད་རྩོམ་གྱི་སྤྱི་ཁོག་གི་སྒྲིག་གཞི་གཤམ་གསལ་ལྟར།
གཅིག ཡི་གེའི་དག་ཆ་ཡོད་མེད་ལ་བརྟག་པ།
༡ ཉན་འབྲི །
༢ ཡིག་ནོར་འཚོལ་བ། ༣ ཚིག་སྐྱོན་འཚོལ་བ།
གཉིས། དོན་གྱི་གོ་བ་ལེན་པར་བརྟག་པ།
༡ འགྲེལ་བཤད་བྱེད་དུ་འཇུག་པ།
གསུམ། ཡི་གེའི་བཀོལ་སྤྱོད་ཀྱི་ནུས་པར་བརྟག་པ།
༡ ཚིག་སྒྲིག་པ། ༢ ཐིག་གིས་སྦྲེལ་བ། ༣ མིང་བདམས་ནས་ཁ་སྐོང་བ།
༤ བྱ་ཚིག་ཁ་སྐོང་བ།
༥ཚིག་གི་གོ་རིམ་སྒྲིག་པ། ༦ ཞིབ་བརྗོད་ཀྱི་གོ་རིམ་སྒྲིག་པ། ༧ ཚིག་རྒྱས་འབྲི་བྱེད་པ།
༨ རྩོམ་ཡིག་འབྲི་བ།
བཞི། བློར་འབྲི་བའི་ཚད་ལ་བརྟག་པ།
༡ ཁ་སྐོང་། ༢ ཕྲད་ཁ་སྐོང་། ༣ དཔེར་བརྗོད་འབྲི་བ། ༤ རྩ་ཚིག་བློར་འབྲི་བ། ༥ ཕྲད་ངོས་འཛིན།
ལྔ སློབ་ཚན་གྱི་ཤེས་བྱ་བཟུང་བའི་ཚད་ལ་བརྟག་པ།
དྲུག སྤྲོས་བཤད་བྱེད་པ་དང་དྲིས་ལན་འདེབས་པའི་ནུས་པར་བརྟག་པ།
བདུན དབྱེ་ཞིབ་དང་གོ་བ་ལེན་པའི་ཆུ་ཚད་ལ་བརྟག་པ།
དམའ་འབྲིང་དང་མཐོ་འབྲིང་གི་སྐོར།
གཅིག དྲིས་ལན་འདེམ་པ།(སྐར༢༠)
༡ ཡི་གེའི་དག་ཆའི་སྐོར། ༢ འགྲེལ་བཤད་ནོར་མེད(ཡོད)པ་འཚོལ་དུ་འཇུག་པ།
༣ ཚིག་སྐྱོན་འཚོལ་དུ་འཇུག་པ། ༤ ཕྲད་ཀྱི་སྐོར། ༥ བྱ་ཚིག་གི་འདྲི་ཚིག ༦ སློབ་ཚན་གྱི་ཤེས་བྱའི་སྐོར།
གཉིས ཁ་སྐོང་།(སྐར༢༠)
༡ ཕྲད་ཁ་སྐོང་། ༢ སྙན་ངག ལེགས་བཤད་ཀྱི་ཚིག་གི་རྐང་བ་ཁ་སྐོང་།
༣ མཚན་ཉིད་དང་རྩ་ཚིག་ཁ་སྐོང་། ༤ སྙན་ངག་གི་དཔེར་བརྗོད་ཁ་སྐོང་།
གསུམ ལྟ་ཀློག་དང་དབྱེ་ཞིབ།(སྐར༢༠)
༡ རྩོམ་སྟངས་དབྱེ་ཞིབ། ༢ དཔེ་དང་དཔེ་ཅན་ངོས་འཛིན། ༣ ཚིགས་བཅད་སྙན་ངག་ལ་དབྱེ་ཞིབ་བྱེད་པ།
དྲུག སྤྲོས་བཤད་བྱེད་པ་དང་དྲིས་ལན་འདེབས་པའི་ནུས་པར་བརྟག་པ།
བདུན དབྱེ་ཞིབ་དང་གོ་བ་ལེན་པའི་ཆུ་ཚད་ལ་བརྟག་པ།
དམའ་འབྲིང་གི་སྐད་ཡིག་གི་རྒྱུགས་གཞིའི་སྐར་གྲངས་བགོད་སྟངས།
གཅིག དྲིས་ལན་འདེམ་པ།(སྐར༢༠)
༡ ཡི་གེའི་དག་ཆའི་སྐོར། ༢ འགྲེལ་བཤད་ནོར་མེད(ཡོད)པ་འཚོལ་དུ་འཇུག་པ།
༣ ཚིག་སྐྱོན་འཚོལ་དུ་འཇུག་པ། ༤ ཕྲད་ཀྱི་སྐོར། ༥ བྱ་ཚིག་གི་འདྲི་ཚིག ༦ སློབ་ཚན་གྱི་ཤེས་བྱའི་སྐོར།
གཉིས། ཁ་སྐོང་།(སྐར༢༠)
༡ ཕྲད་ཁ་སྐོང་། ༢ སྙན་ངག ལེགས་བཤད་ཀྱི་ཚིག་གི་རྐང་བ་ཁ་སྐོང་།
༣ མཚན་ཉིད་དང་རྩ་ཚིག་ཁ་སྐོང་། ༤ སྙན་ངག་གི་དཔེར་བརྗོད་ཁ་སྐོང་།
གསུམ ལྟ་ཀློག་དང་དབྱེ་ཞིབ།(སྐར༢༠)
༡ རྩོམ་སྟངས་དབྱེ་ཞིབ། ༢ དཔེ་དང་དཔེ་ཅན་ངོས་འཛིན། ༣ ཚིགས་བཅད་སྙན་ངག་ལ་དབྱེ་ཞིབ་བྱེད་པ།
༤ ལེགས་བཤད་དང་སྙན་ངག་གི་བརྗོད་བྱའི་བསྟན་དོན་འབྲི་བ། རྩོམ་སྟངས་དབྱེ་ཞིབ་བྱེད་པ།
༥ མིང་དང་ཐ་སྙད་ལ་འགྲེལ་བཤད་བྱེད་པ། ༦ མངོན་བརྗོད་ངོས་འཛིན།
༧ གསལ་བཤད་རྩོམ་ཡིག་དང་དགག་སྒྲུབ་རྩོམ་ཡིག་སྐོར་གྱི་འདྲི་ཚིག
བཞི། མིང་འགྲེལ།(སྐར༡༠)
ལྔ། ཚིག་སྒྲིག་པ།(སྐར༡༠)
དྲུག རྩོམ་ཡིག(སྐར༢༠)
༤ ལེགས་བཤད་དང་སྙན་ངག་གི་བརྗོད་བྱའི་བསྟན་དོན་འབྲི་བ། རྩོམ་སྟངས་དབྱེ་ཞིབ་བྱེད་པ།
༥ མིང་དང་ཐ་སྙད་ལ་འགྲེལ་བཤད་བྱེད་པ། ༦ མངོན་བརྗོད་ངོས་འཛིན།
༧ གསལ་བཤད་རྩོམ་ཡིག་དང་དགག་སྒྲུབ་རྩོམ་ཡིག་སྐོར་གྱི་འདྲི་ཚིག
བཞི། མིང་འགྲེལ།
ལྔ། ཚིག་སྒྲིག་པ།(སྐར༡༠)
དྲུག རྩོམ་ཡིག(སྐར༢༠)
(སྤྱི་ཁོག་གི་སྒྲིག་གཞིའི་ཚིག་དུམ་གྱི་གཤམ་དུ་འཕྲེད་རྟགས་བཏབ་པའི་ཁག་ནི་རྩོམ་ཡིག་གཉིས་ཀའི་འདྲ་བའི་ཆ་ཡིན།)འདི་ལྟར་དགེ་རྒན་རྣམ་པ་གཉིས་ཀྱི་རྩོམ་ཡིག་གི་སྤྱི་ཁོག་གི་སྒྲིག་གཞིའི་ཚིག་དོན་ཁག་དཀྱུས་གཅིག་ཏུ་བཞག་ནས་བསྡུར་བ་ལས་རྩོམ་ཡིག་གཉིས་ཀའི་ནང་དོན་བརྒྱ་ཆའི་དགུ་བཅུའི་ཡན་གཅིག་མཚུངས་སུ་འདུག་ཅིང་། ཚིག་དང་ཚན་པ་རེ་རེ་བཞིན་ཞིབ་བསྡུར་བྱས་ནའང་ཇི་མ་ཇི་བཞིན་དུ་འདུག་པའི་ཆ་ཧ་ཅང་མང་ཡང་གནས་སྐབས་སུ་ཚིག་ཚོགས་མང་འགྲོ་དོགས་ནས་དགོས་མེད་ཀྱི་ངལ་བ་མ་བསྟེན་པ་ཡིན། ཡིན་ཀྱང་མི་འདྲ་ས་ཉག་གཅིག་ཡོད་པ་ནི་དགེ་རྒན་ཀླུ་འབུམ་རྒྱལ་གྱིས་དགེ་རྒན་ཚེ་འབར་ལགས་ཀྱི་འཆད་ཁྲིད་ཀྱི་མ་ཕྱི་ལས་སློབ་ཆུང་སྐད་ཡིག་དང་མཐོ་འབྲིང་སྐད་ཡིག་གི་རྒྱུགས་གཞི་བཟོ་ཐབས་སྐོར་གྱི་ནང་དོན་ལས་ཉུང་ཤས་ཤིག་དགོས་མེད་དུ་དོར་ཞིང་མང་ཤོས་ཤིག་སློབ་འབྲིང་སྐད་ཡིག་གི་རྒྱུགས་གཞིའི་ནང་དོན་དུ་བཅོས་པ་ཙམ་རེད། ཚུལ་འདི་སྐད་ཡིག་དགེ་རྒན་ཞིག་གིས་སློབ་མའི་རྩོམ་ཡིག་ལ་དག་བཅོས་བྱེད་ཐབས་དང་ཁྱོན་ནས་མི་འདྲའམ། འདི་ལྟར་གཞན་གྱི་རྩོམ་ཡིག་ལས་ཉུང་ཤས་དོར། ཁ་ཤས་བཅོས། མང་ཤོས་སོར་བཞག་བྱས་རྗེས་རང་གི་ཞིབ་འཇུག་གི་འབྲས་བུར་གླེང་ཆོག་པའི་དབང་ཆ་ལྷག་མ་ཞིག་སུ་ཡིས་གནང་ཡོད་དམ། ཉེ་སྔོན་དྲ་བའི་སྒང་ནས་ན་གཞོན་ཁ་ཕོ་ཅན་ཞིག་གིས་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་མང་ཤོས་ལ་གཞན་གྱི་དཔྱད་རྩོམ་སྐེ་ཤ་ཨོལ་འཐེན་གྱིས་ཞུ་བ་བྱས་ནས་སློང་བའམ་ཉོ་བ། གཞན་གྱི་དཔྱད་རྩོམ་ལ་བཤུ་ལུང་བཤུ་བྱེད་པའམ་ཚིག་དུམ་རེ་འགའ་སྒྱུར་སྒྲིག་བྱེད་པའི་ནུས་པ་ཙམ་ལས་དངོས་ཐོག་བདེན་འཚོལ་གྱིས་ཞིབ་འཇུག་བྱས་ནས་དཔྱད་པ་སྤེལ་བའི་ནུས་པ་མི་ལྡན་པར་ཁ་ཚོན་བཅད་མྱོང་བ་ཅུང་ཟད་ཐལ་ཆེ་ཡང་དོན་ལ་གནས་པར་སེམས། འདི་ལྟར་གཞན་པའི་རིན་ཐང་ཅན་གྱི་རྩོམ་ཡིག་ཁག་སློབ་མའི་ལས་བྱར་དག་བཅོས་བྱེད་པའི་ལོབས་ཕྱོགས་ལྟར་འཕྲི་སྣོན་ཉུང་ཤོས་ཤིག་བྱས་རྗེས་རང་གི་རྣམ་དཔྱོད་ཀྱི་རྩལ་དུ་རློམ་ནས་རྫིག་རྫིག་བྱེད་པ་ལས་ཡིག་འབྲུ་ན་གཅིག་ཀྱང་བྲིས་པར་རང་སར་བསྡད་ན་ལེགས་པར་སྙམ། གལ་ཏེ་དགེ་རྒན་ཚེ་འབར་ལགས་ཀྱིས་ནམ་ཞིག་རང་གི་གསར་རྩོམ་གྱི་དབང་ཆ་ལ་ཁྲིམས་མཐུན་གྱིས་སྲུང་སྐྱོབ་བྱ་རྒྱུའི་ཆོད་སེམས་བརྟན་པོས་འབྲེལ་ཡོད་ཀྱི་ཁྲིམས་འཛིན་སྡེ་ཁག་ལ་གཏུགས་བཤེར་བྱེད་པའི་དབང་དུ་བཏང་ཚེ་དགེ་རྒན་ཀླུ་འབུམ་རྒྱལ་གྱིས་དེ་འབྲེལ་གྱི་བྱས་ཉེས་ལ་འགན་ཁུར་དགོས་པ་གདོན་མི་ཟ།
གཞན་གྱི་ཞིབ་འཇུག་གི་འབྲས་བུ་རང་གི་བློ་གྲོས་ཀྱི་ནོམ་དུ་བསྡུ་བའི་སྣང་ཚུལ་འདི་རང་རེའི་བོད་ཀྱི་ཤེས་ཡོན་པའི་སྡེ་ཡི་རྒྱུན་མཐོང་གི་སྣང་ཚུལ་ཞིག་སྟེ། རྟ་རྒྱུགས་སར་རྟ་ལུད་ཡོད་ངེས་པ་བཞིན་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཙམ་མ་ཟད། སློབ་གྲྭ་ཆེན་མོ་དང་ཆེད་ལས་ཞིབ་འཇུག་པའི་སྡེ་ཡི་རིག་གཞུང་ཞིབ་འཇུག་གི་ལག་ལེན་ཁྲོད་ནའང་རྒྱུན་དུ་བྱུང་དང་འབྱུང་གིན་ཡོད་ཚུལ་སྨྲ། འདི་ལས་བོད་ཀྱི་ཤེས་ལྡན་པ་རྣམས་ལ་ད་དུང་ཡང་རིག་གཞུང་ཞིབ་འཇུག་གི་གོམས་སྲོལ་ཚུལ་ལྡན་ཞིག་ཆགས་མེད་པ་ཚོར་ཡོང་། མི་རིགས་ཤིག་གི་རིག་གནས་འཕེལ་ཞིང་རྒྱས་པ་རིག་གཞུང་ཞིབ་འཇུག་གི་ལས་ཀ་དང་འབྲལ་ཐབས་ཡེ་ནས་མེད། རིག་གཞུང་ཞིབ་འཇུག་གི་ལས་ལ་འཇུག་ན་ཐོག་མར་གཞན་གྱི་ཞིབ་འཇུག་གི་འབྲས་བུ་མངར་མོའི་སྟེང་དུ་རང་གི་ཕྱག་རིང་རྐྱོང་བའི་ལོབས་ཕྱོགས་ངན་པ་དེ་རིང་དུ་སྤངས་ཏེ་ཚུལ་མཐུན་གྱི་རིག་གཞུང་ཞིབ་འཇུག་གི་གོམས་སྲོལ་ལེགས་པོ་ཞིག་ཆགས་པར་དུས་ད་ལྟ་ནས་ཕྲན་རང་ཉིད་ནས་མགོ་བརྩམ་པར་དགོས་འདུག་སྙམ།
གསལ་བཤད། རྩོམ་ཐུང་འདི་འབྲི་བའི་ཐོག་མཐའ་བར་གསུམ་དུ་བསམ་གཟས་ནས་རྙོག་དྲ་བཟོ་འདོད་པའམ་གཞན་གྱི་བླ་བཙགས་འདོད་པའི་ཀུན་སློང་གཞར་ཡང་མེད་པ་རྒྱ་ཆེ་བའི་ཀློག་པ་པོ་རྣམ་པའི་ཐུགས་ལ་འཇལ་འཚལ། འདིར་ཆེད་དུ་འབའ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཀླུ་འབུམ་རྒྱལ་ལགས་ཀྱིས་དཀའ་ལས་སྐུ་ཚེགས་ལ་མ་འཛེམས་པར་མཚོ་སྔོན་སློབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱི་དགེ་རྒན་ཚེ་འབར་ལགས་ཀྱི་ཉམས་མྱོང་དང་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི《དམའ་འབྲིང་དང་སློབ་ཆུང་གི་སྐད་ཡིག་རྒྱུགས་གཞི་བཟོ་ཐབས་སྐོར་བཤད་པ》ཅེས་པའི་རྩོམ་ཡིག་ལེགས་ཤོས་འདི་ཚད་ལྡན་གྱི་སློབ་གསོའི་དུས་དེབ་བརྒྱུད་ནས་མཚོ་ལྷོའི་ཕྱོགས་ཀྱི་དགེ་རྒན་རྣམས་གཙོ་བྱས་ཏེ་བོད་ཁམས་ཀྱི་སློབ་གསོ་ལག་ལེན་པའི་སྡེ་ལ་འོས་སྦྱོར་གནང་བར་ལྷག་བསམ་དག་པོས་ཐུགས་རྗེ་སྙིང་ནས་ཞུའོ།།
གཤམ་གྱི་དྲ་གནས་འདི་ལ་ཞུགས་ཚེ་མཚོ་སྔོན་སློབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱི་དགེ་ཚེ་འབར་ལགས་ཀྱིས་ཡ་རྫི་རྫོང་ནས་དམའ་འབྲིང་དང་སློབ་ཆུང་གི་སྐད་ཡིག་རྒྱུགས་གཞི་བཟོ་ཐབས་སྐོར་འཆད་ཁྲིད་གནང་བའི་མ་ཕྱི《དམའ་འབྲིང་དང་སློབ་ཆུང་གི་སྐད་ཡིག་རྒྱུགས་གཞི་བཟོ་ཐབས་སྐོར་བཤད་པ》ཧྲིལ་གྱིས་བཀླག་ཐུབ། དྲ་ཚིགས། http://www.amdotibet.cn/html/jy/jyll/2011-06/10925.html
རྩོམ་སྒྲིག་པ། སྐྱ་བོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།