བདག་གི་བྱིས་པའི་ལོ་རབས།(བཅུ་གཅིག་པ)
གོ་རེ་གཅིག་གི་སྐྱིན་པ།
གཟའ་ཉིན་མའི་ཕྱི་དྲོར་སློབ་གྲྭར་འགྲོ་དུས། སློབ་གྲོགས་ཚོས་དཔེ་ཆ་དང་མཉམ་དུ་གོ་རེ་དང་རྩམ་པ། སིལ་ཏོག སྐོམ་ཆུ་སོགས་འཁྱེར་ཡོང་བ་ཡིན། དེ་ནི་ཁོ་ཚོས། སློབ་ཁྲིད་ཀྱི་བར་གསེང་དང་ནངས་དགོང་གི་དུས་སུ་ཟ་བ་ཡིན། སྒོས་སུ། དགོང་སྦྱོང་གྲོལ་ནས་ཉལ་ཁང་དུ་ཐོན་ཚེ། སློབ་གྲོགས་ལ་ལ། ལྟོགས་ནས་རྟ་རྒོད་རྒྱུག་རྒྱུག་དང་སྐོམ་ནས་རྟེའུ་འཚེར་འཚེར་བྱེད་ཅིང་། གཡས་གཡོན་གྱི་ཉལ་ཁང་དུ་སོང་ནས། རང་གི་བཟང་ས་དང་གྲོགས་པོ་དག་གི་ལག་ནས་གོ་རེ་སློང་བ་དང་། སློབ་གྲོགས་བཙན་པོ་དང་ལྟོ་རྐྱལ་དག་གིས། སློབ་མ་གཉོམ་ཆུང་རྣམས་ཀྱི་གོ་རེ་བཙན་གྱིས་འཕྲོག་ནས་ཟ།
ང་ཚོའི་ཉལ་ཁང་ནང་དུ་སློབ་མ་བཅུ་གཉིས་ཡོད་ཅིང་། ཉལ་ཁྲི་གཅིག་གི་སྟེང་ན་སློབ་མ་གཉིས་རེ་ཉལ་བཞིན་ཡོད། དགུན་ཁར། ཆུ་ཚོད་དགུ་བའི་སྟེང་དགོང་སྦྱོང་གྲོལ་བ་དང་། ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་། ལས་རེས་དགེ་རྒན་ཉལ་ཁང་ནང་ལ་ཡོང་ནས་མི་གྲངས་ལེན་པ་དང་གཙང་སྦྲ་ལ་ཞིབ་བཤེར་བྱེད་པ་ཡིན། ཁོ་ཚོ་ཕྱིར་སོང་རྗེས། སློབ་མ་ཚོ་ཉལ་སའི་ནང་ནས་བྱི་ལོང་འབུར་འབུར་དང་། ཆུ་ཁོལ་གདུ་གདུ་བྱས་ནས་གྲག་འགུལ་ཇེ་མང་དུ་འགྲོ་བ་རེད།
ང་ཚོས་ཉལ་ཁང་ནང་ནས་གླུ་དབྱངས་ལེན་རེས་དང་ཁེད་བཤད་རེས། ཀུ་རེ་རྩེ་རེས། གོ་རེ་དང་སྐོམ་ཆུ་འཐུངས་ནས་སྡོད་པའི་སྐབས་སུ། དུས་རྒྱུན་ཉལ་ཁང་དུ་ཡོང་མཁན་ནི། དམའ་འབྲིང་གཉིས་པ་དང་གསུམ་པའི་སློབ་མ་སྐོར་ཞིག་ཡིན། ཁོ་ཚོས་ང་ཚོ་དང་མཉམ་དུ་གོ་རེ་ཟ་བ་དང་། ཡང་ན་གོ་རེ་དང་སྐོམ་ཆུ་ཁྱེར་ནས་ཕྱིར་ཁོ་ཚོའི་ཉལ་ཁང་དུ་བུད་འགྲོ དེ་དག་གི་ནང་ནས་སློབ་གྲོགས་ལ་ལས། ཁ་ཡག་ངོ་བསྟོད་བཤད་པ་དང་ཁ་འཇམ་ལག་འཇམ་བྱས་ནས་གོ་རེ་སློང་བ་དང་། ཡང་ལ་ལས། འཇིགས་སྐུལ་ཞེད་སློང་དང་གཡོ་སྒྱུ་ཁྲམ་གསུམ་བཀོལ་ནས་བཙན་གྱིས་ཁྱེར་བའང་ཡོད།
དེ་དག་གི་ནང་ནས། ང་ཚོ་ཆེས་སྡུག་ལ་གཏོད་མཁན་ནི་དམའ་འབྲིང་གཉིས་པའི་སློབ་གྲོགས་ནོར་བུ་རྒྱལ་མཚན་ཟེར་བ་དེ་ཡིན། སློབ་གྲོགས་དེ་ཉལ་ཁང་ལ་ཐོན་དུས་སྐད་ཆ་ཡག་པོ་གཅིག་ཀྱང་མི་བཤད་པར། "ཡ་སྐྱག་ཕྲུག་ཚོ། དེ་རིང་ཡང་ཁྱོད་ཚོས་ཨ་ལགས་ལ་མཇལ་དར་འབུལ་དགོས། མཇལ་དར་ལ་གོ་རེ་དང་རྩམ་པ། སྒོས་སུ། ཤ་སྐམ་དང་ཁོལ་ཁོལ་ཁུ་ནག་ཡོད་ན་ཧ་ཅང་བཟང་།"ཟེར་ཞིང་། བྱིན་ན་བཀའ་དྲིན་མེད་ཅིང་། མ་བྱིན་ན་གཅར་རྡུང་བྱེད་པའི་སློབ་མ་མ་རབས་ཤིག་ཡིན།
ངའི་ཉལ་རོགས་ནི། འབྲོག་ཕྱོགས་ནས་ཡོང་བའི་སློབ་གྲོགས་ཚེ་རིང་དབང་ཕྱུག་ཡིན། སློབ་གྲྭར་ཡོང་དུས། ཁོས་འབྲོག་ཕྱོགས་ཀྱི་ཐོན་རྫས་གཙོ་བོ་མར་དང་རྩམ་པ། ཤ་སྐམ་སོགས་ཁྱེར་ཡོང་བ་དང་། ངས་ཡུལ་ནས་གོ་རེ་ཐལ་བསྲེགས་མ་ཁྱེར་ཡོང་བ་ཡིན། ངེད་གཉིས་ཀྱིས་ཟ་མ་དེ་དག་གོར་སྒམ་གཅིག་ཏུ་འཇོག་པ་དང་། ནངས་དགོང་གི་སྐབས་སུ་མཉམ་ཟ་མཉམ་འཐུང་བྱས་པ་ཡིན། ངེད་གཉིས་ལ་དེ་ལྟར་ཟ་རྒྱུ་མང་བོ་ཡོད་ནའང་། དཀའ་ལས་འབངས་ཀྱིས་བརྒྱབ། སྐྱིད་པོ་དཔོན་པོས་བྱས་ཟེར་བ་ལྟར། སློབ་གྲོགས་ནོར་བུ་རྒྱལ་མཚན་ཐོན་དུས། ཟས་ཞིམ་པོ་ཡོད་ཀྱང་ཟ་དབང་དང་། གོས་ཡག་པོ་ཡོད་ཀྱང་གོན་དབང་མེད་པ་ཡིན།
རེབ་ཐེངས་ཤིག་ལ། ངས་ཨ་མས་བསྲེགས་པའི་གོ་རེ་ཟར་མ་ཞིག་སློབ་གྲྭར་ཁྱེར་ནས་སོང་། དགོང་སྦྱོང་གྲོལ་རྗེས། ཚེ་རིང་དབང་ཕྱུག་དང་ངེད་གཉིས་ཀྱིས་མགོ་བོ་ཉལ་ཐུལ་གྱིས་བཏུམས་ནས་གོ་རེ་དེ་བཟའ་གྲབས་བྱེད་སྐབས། ནོར་བུ་རྒྱལ་མཚན་ཐོན་ནས། "སྤྲང་ཕྲུག་གཉིས་ཀ་སྐྱིད་པོ་རེད་ལ། གོ་རེ་འདི་འདྲ་ཞིམ་པོ་ཡོད་ན་ཐོག་མར་ང་ལ་མི་འབུལ་བར། ཁྱོད་གཉིས་ཀྱིས་ཟ་སྲོལ་གང་ན་ཡོད། ངོ་མ་ངོ་ཚ་མེད་པ་རེད།"ཟེར་ནས། ཁམ་བུ་གང་ཡང་ཟོས་མེད་པའི་གོ་རེ་དེ་ཁྱེར་ནས་བུད་སོང་། ངའི་སེམས་སུ། དོན་ངོ་མར་ངོ་ཚ་མེད་པ་ནི། ཁྱོད་ཡིན་པ་ལས་ངེད་གཉིས་ག་ལ་ཡིན་སྙམ་མོད། ཁོའི་ངོར་བལྟས་ནས་སྐད་ཆ་གཅིག་ཀྱང་མ་ཤོད།
རྗེས་སུ། ངེད་ཚང་གི་འཛིན་གཙོ་གསང་བདག་གིས། ནོར་བུ་རྒྱལ་མཚན་གྱིས་ཉལ་ཁང་ནང་དུ་སློབ་མ་རྣམས་ལ། ཅི་ལྟར་བརྙས་བཅོས་དང་གང་ལྟར་ཐུབ་ཚོད་བྱེད་པ་སོགས་འཛིན་བདག་ལ་བཤད་པས། འཛིན་བདག་གིས་ཁོ་ལ། སྔར་བྱས་ལ་འགྱོད་བཤགས་དང་སྐྱིན་ཚབ་འཇལ་བ། རྗེས་ཕྱོགས་དེ་འདྲ་གཏན་ནས་ལས་མི་ཆོག་པར་དམ་བཅའ་འཇོག་ཏུ་བཅུག དེ་དུས། ཁོས་འཛིན་བདག་གི་མདུན་ནས་བདག་གི་ངོ་ལ་བལྟས་ཏེ། "ངས་ཁྱོད་ཀྱི་གོ་རེ་དེའི་སྐྱིན་པ་སྟེར་ངེས་ཡིན། སྟེར་ཁོ་ཐག་ཡིན། མི་སྟེར་ན་དཀོན་མཆོག་གསུམ།"ཟེར་ནས། ཁུང་ཁ་རྡོ་ཡིས་བཅད། ཚིག་རྟིང་མནའ་ཡིས་མནན་ཡོད་ནའང་། དུས་ད་ལྟའི་དབར་དུ། ཁོས་ང་ལ་གོ་རེ་དེའི་སྐྱིན་པ་བྱིན་མ་མྱོང་།
པད་མ་གཡང་འཛོམས།
ལོ་རིམ་དྲུག་པའི་སློབ་སྐབས་དང་པོའི་ནང་དུ། པད་མ་གཡང་འཛོམས་ང་ཚོའི་འཛིན་གྲྭའི་ནང་ལ་གསར་དུ་ཡོང་ཞིང་། འཛིན་བདག་གི་ངོ་སྤྲོད་ལྟར་ན། མོ་ནི་རྫོང་དཔོན་པད་མ་རིག་འཛིན་གྱི་ཞི་མོ་ཆུང་བ་ཡིན་པ་དང་། ད་བར་དུ། རྒྱ་རིགས་སློབ་གྲྭ་ནས་དཔེ་ཆ་བཏོན་པ་རེད།
མོ་རང་གྲལ་ཤར་དང་པོའི་གྲལ་མགོར་བསྡད་ཡོད་ཅིང་། འཕྲེད་ཀྱིས་བལྟས་ན། ངེད་གཉིས་ཀྱི་འདུག་ས་དྲང་ཐིག་གཅིག་ཏུ་ཁེལ་ཡོད་པས། ང་ཅུང་ཟད་ནང་དུ་བསྒུར་ཏེ་མིག་ཟུར་གྱིས་བལྟས་ན། མོས་སློབ་ཁྲིད་ལ་ཉན་པའི་རྣམ་འགྱུར་དང་ལས་བྱ་འབྲི་བའི་ཚུགས་ཀ སློབ་གྲོགས་གཞན་ལ་ཁ་བརྡ་བྱེད་སྐབས་ཀྱི་བཟོ་ལྟ་སོགས་གསལ་བོར་མཐོང་ཐུབ། རྒྱུ་མཚན་ཅི་ཡིན་བཤད་མི་ཤེས་མོད། སློབ་ཁྲིད་ཀྱི་སྐབས་སུ། ངས་ཐེངས་མང་བོར། རང་དབང་མེད་པར་ཁོ་མོར་མིག་ཟུར་གྱིས་ལྟ་དགོས་བྱུང་བ་དང་། དེ་ལ་རྐྱེན་བྱས་ནས། དགེ་རྒན་གྱིས་ང་ལ། "དབྱངས་བྷ། ཁྱོད་ཀྱིས་སློབ་ཁྲིད་ལ་མི་ཉན་པར། པད་མ་གཡང་འཛོམས་ཀྱི་ངོ་ལ་བལྟས་ནས་ཅི་བྱེད། མོའི་ངོ་ན་མེ་ཏོག་གད་ཡོད་དམ།"ཟེར་ནས་གཤེ་གཤེའང་བཏང་བ་ཡིན།
དགེ་རྒན་གྱིས་བཤད་པ་ལྟར། མོའི་ངོ་ན་མེ་ཏོག་གད་མེད་ལ། སློབ་གྲོགས་གཞན་དང་མི་འདྲ་བའི་ཁྱད་ཆོས་འདི་ཡིན་ཟེར་བ་ཞིག་ཀྱང་མེད་མོད། གང་ལྟར། ང་ལ་མོ་དང་གྲོགས་པོ་སྒྲིག་པའམ་ཁ་བརྡ་བཤད་པ། མཉམ་དུ་རྩེད་མོ་བརྩེ་འདོད་པའི་བསམ་ཚུལ་ཞིག་རྒྱུན་དུ་བྱུང་བ་ཡིན། འོན་ཀྱང་། སློབ་ཁྲིད་ཀྱི་བར་གསེང་དང་ནངས་དགོང་སློབ་གྲྭའི་ར་སྐོར་ནང་ནས་རྩེད་མོ་རྩེ་སྐབས། ངས་ཁོ་མོས་ཅི་བྱེད་གང་ལས་ལ་ལྐོག་ནས་སོ་ལྟ་བྱེད་པ་ལས། མཉམ་དུ་རྩེད་མོ་རྩེ་བ་དང་ཁ་བརྡ་བྱེད་པར། ཚོད་ཚོད་ལ། སྐྲག་སྣང་ཞིག་དང་འཚུབ་ཆ་ཞིག་སྐྱེས་ཡོང་། དེ་ནི་བདག་གིས་རྒྱ་སྐད་ཡག་པོ་བཤད་མི་ཤེས་པར་ངོ་ཚ་བ་ཡིན་ནམ། ཡང་ན་་་ ་་་།
མོ་རང་རྒྱ་རིགས་སློབ་གྲྭར་སོང་བས་རྒྱ་ཡིག་རྒྱ་སྐད་ལ་ཧ་ཅང་བཟང་མོད། བོད་ཡིག་བོད་སྐད་ཀྱི་ཆུ་ཚད་ཤིན་ཏུ་ཞན། མོས་བོད་སྐད་བཤད་པ་དང་བོད་ཡིག་བཏོན་པ་གཏན་ནས་མི་དག་པས། "ངའི་མགོ་ན་བཞིན་འདུག"ཟེར་བའི་ཚབ་ཏུ། "ངའི་སྒོ་ན་བཞིན་འདུག"ཟེར་བ་དང་། ལུག་གི་མཚང་རའི་མིང་ལ། "ལུག་གི་ཨོང་ཤའི་ཁ་ལེབ།"ཅེས་དང་། སློབ་ཚན་གྱི་ཁ་བྱང་ལ། "རྗེ་རིན་པོ་ཆེ།"ཟེར་བ་ཞིག་ཡོད་པ་དེ་འདོན་སྐབས། མོས་"འཇེ་རིན་པོ་ཆེ།"ཞེས་བཀླགས་པས། ང་ཚོ་དགེ་སློབ་ཡོངས་རྫོགས་རང་དབང་མེད་པར་ཧབ་ཆ་ཐེངས་མང་མི་རྒྱག་ག་མེད་བྱུང་།
སྒོས་སུ། བོད་ཡིག་གིས་རྩོམ་འབྲི་བ་དང་ཚིག་གྲུབ་བཟོ་སྐབས། མོའི་ངོ་ལ་ཐབས་ཟད་འུ་ཐུག་གི་ཉམས་ཤིག་མངོན་ཡོང་བ་ཡིན། ཉིན་ཞིག་དགེ་རྒན་གྱིས། ཁ་ཡིག་ལ། ང་ཚོའི་སློབ་གྲྭ་ཟེར་བའི་རྩོམ་ཡིག་ཅིག་འབྲི་དགོས་ཟེར་མ་ཐག ངས་རང་དབང་མེད་པར་ཁོ་མོའི་ཕྱོགས་སུ་ལྟ་སྐབས། མོས་ཚུར་ལ་ལྟ་བཞིན་པའི་དུས་སྐབས་དང་ཏག་ཏག་གཅིག་ཏུ་ཁེལ་བ་དང་། མོའི་ངོ་མདངས་ཡོངས་སུ་ཤོར་ཞིང་། མིག་གི་མཐའ་ལ་མཆི་མ་དྭངས་མོ་ཞིག་ཀྱང་འཁྱིལ་འདུག
ཕྱི་དྲོའི་སློབ་ཐུན་གཉིས་པ་གྲོལ་རྗེས། ངས་ཉིན་གུང་སྦྱང་དེབ་སྟེང་དུ་བྲིས་པའི་རྩོམ་ཡིག་དེ་ཁོ་མོར་སྟེར་ཞོར། "འདི་ངས་བྲིས་པའི་རྩོམ་ཡིག་ཡིན། རྩོམ་ཡིག་འབྲི་མི་ཤེས་ན་གཞན་གྱི་རྩོམ་ཡིག་ལ་ལད་འབྲི་བྱས་ཆོག"ཅེེས་བཤད་པ་ན། མོས་རྒྱ་སྐད་ཀྱིས། "谢谢,真的谢谢你"ཞེས་བཤད་པ་དང་། མོའི་ལུས་སྟེང་ནའང་། སྔོན་ཆད་རྒྱ་ཡིག་དགེ་རྒན་གྱི་ལུས་སྟེང་ན་ཁྱབ་པའི་སྤོས་ཆུའི་དྲི་མ་ལྟ་བུ་ཞིག་ཁྱབ་འདུག
དུས་དེ་ནས། ང་རང་མོ་དང་འབྲེལ་འདྲིས་བྱུང་ཞིང་། ངས་རྒྱ་ཡིག་གིས་བྲིས་པའི་རྩོམ་ཡིག་ལ་ཁོ་མོས་དག་བཅོས་བྱས་པ་དང་། མོའི་བོད་ཡིག་གི་རྩོམ་ཡིག་མང་བོ་བདག་གིས་བྲིས་པ་ཡིན། ངེད་གཉིས་དེ་ལྟར་གྲོགས་པོ་བཟང་བོར་གྱུར་བ་དང་། ཁོ་མོས། བདག་གིས་མཐོང་མ་མྱོང་བའི་རྒྱ་ཡིག་གི་དཔེ་ཆ་སྣ་ཚོགས་ཁྱེར་ཡོང་ནས་ང་ལ་གཡར་བ་དང་། ངས་དཔེ་ཆ་དེ་དག་གི་ནང་དོན་ཡག་པོ་ཞིག་མི་གོ་ཡང་། དཔེ་ཆ་དེ་དག་གི་སྟེང་དུ་བཀོད་པའི་རི་མོ་མང་བོས་ངའི་ཡིད་དབང་ཅིག་ཅར་དུ་འཕྲོག་སྟེ། མ་འོངས་པར། རི་མོ་དགེ་རྒན་ཞིག་བཅའ་འདོད་པའི་ཕུགས་བསམ་ཡང་བཅངས་མྱོང་། ཡིན་ནའང་། སློབ་སྐབས་རྗེས་མར། མོ་ང་ཚོའི་སློབ་གྲྭའི་ནང་དུ་མ་ཡོང་བར་སྔར་གྱི་སློབ་གྲྭའི་ནང་དུ་གནས་སྤར་བས། རི་མོའི་དཔེ་དེབ་དེ་དག་ངའི་མིག་ལམ་ནས་གཏན་ཏུ་ཡལ་ཞིང་། རི་མོ་དགེ་རྒན་ཞིག་བཅའ་འདོད་པའི་ཕུགས་བསམ་དེའང་དེ་ལྟར་འཇགས་སོང་།
ཁ་ཏོག་མང་བོ་ཟོས་པའི་མཇུག་འབྲས།
ངའི་གྲོགས་པོ་ཟླ་བ་ཚེ་རིང་ནི་སོབ་གོར་དང་ཧེམ་བག་ཟ་རྒྱུར་དགའ། ཁོ་ལ་སྒོར་མོ་འགའ་རེ་ཡོད་དུས། སློབ་གྲྭའི་སྒོ་ཁར་ཡོད་པའི་ཚོང་ཁང་དུ་སོང་ནས་ཁ་ཏོག་སྣ་ཚོགས་དང་། ཁོལ་ཁོལ་ཁུ་ནག་སོགས་ཉོས་ཡོང་བ་ཡིན། ཁོ་ནི་མི་ལག་ཡངས་ཤིག་སྟེ། རང་ལ་ཟ་རྒྱུ་གང་ཡོད་གཞན་ལ་སྟེར་རྒྱུར་སེར་སྣ་མེད་པ་དང་། ཡོད་དུས་ནངས་ཟ་དགོང་ཟ་དང་། མེད་དུས་ཁ་ལྕེ་བསྐམས་ནས་གཞན་གྱི་ཁ་ནང་ལ་ཅེར་ནས་འདུག་མཁན་ཞིག་ཀྱང་ཡིན།
ཁོས་རང་ལ་ཡོད་པའི་བཟའ་བཏུང་རྣམས་རང་གིས་ཟ་བ་དང་། སེར་སྣ་མེད་པར་གཞན་ལ་སྟེར་བའི་རྐྱེན་གྱིས། ཡུལ་ནས་ཁྱེར་ཡོང་བའི་གོ་རེ་དང་ཁ་ཏོག་གིས་ཉིན་མ་མང་བོར་མི་འདང་བ་ཡིན། ཁོ་ནི་ངོ་མ་ཟ་ཧེབ་ཆེ་བ་ཞིག་རེད་དེ། རང་ལ་ཟ་རྒྱུ་མེད་སྐབས། ཁོ་རང་ཉལ་ཁྲིའི་ཐོག་ཏུ་སོང་ནས་དཔེ་ཆར་ལྟ་བ་དང་ཚགས་པར་ཀློག་པ་སོགས་ཀྱིས། རང་སེམས་ཀྱི་སྲེད་པ་གནོན་ཅི་ཐུབ་བྱས་ནའང་། ཁོའི་ཆགས་ཞེན་གྱི་ཚུགས་ཀ་མངོན་པའི་མིག་ཟུང་དེ་གཉིས་བཀག་ཀྱང་མི་ཁོག་པའི་རྐུན་མ་གཉིས་དང་འདྲ་བར། སློབ་གྲོགས་གཞན་གྱིས་ཁ་ཏོག་ཟ་བ་ལ་རིག་རིག་གིས་ལྟ་བ་དང་། མཚམས་ལ་རེར། ཁོའི་སེར་ལ་སྦོམ་པའི་སྣབས་དེ་ཆགས་སྲེད་ཀྱིས་བཞུར་བའི་ཁ་ཆུ་དང་འདྲེས། ཁ་ཆུ་མ་ནེའི་མགོ་ན་བཞུར་གྱིན་པའི་བཟོ་ལྟ་དེ། ངའི་མིག་ལམ་ནས། ད་ལྟའང་ད་དུང་ཕར་གཡོ་ཚུར་གཡོ་བྱེད་ཀྱིན་འདུག
དེ་ལྟ་ནའང་། གཞན་གྱིས་མ་བྱིན་པར་ཁོས་རྐུ་བ་དང་འཕྲོག་པ་སོགས་ཀྱི་ལས་གཏན་ནས་མི་བྱེད་ཅིང་། རྐུ་མི་བྱེད་པ་ནི་ཁོའི་ཨ་མྱེས་འདའ་ཁར། ཁོ་ལ་བཞག་པའི་མཐའ་མའི་ཁ་ཆེམས་ཡིན་ཟེར། དེའི་རྐྱེན་གྱིས། སློབ་གྲོགས་རྣམས་ཀྱིས་ཁོ་ལ། སྐྱེས་བུ་དམ་པ་རྒུད་གྱུར་ཀྱང་།། རང་གཤིས་བཟང་བོ་ག་ལ་འདོར།། ཆར་སྡོད་བྱེའུ་སྐོམ་ན་ཡང་།། ས་ལ་བབས་པའི་ཆུ་མི་འཐུང་།།ཞེས་དང་། གཏམ་སྔ་ཚིག་རྡོ་ལ་རི་མོ་ཡིན།། རྡོ་ཆག་ཀྱང་རི་མོ་སུབ་ལེ་མིན།། མི་བཟང་བོ་ཟླ་བ་ཚེ་རིང་དེ།། གཤིས་འགྱུར་མེད་སེར་བོ་གསེར་དང་འདྲ།།ཟེར་ནས། བསྟོད་བསྔགས་དང་ཡི་རང་བྱེད་པ་རྒྱུན་མི་ཆད།
དགོང་མོ་ཞིག་ལ་གློ་བུར་དུ། ཁོའི་གསུས་པ་དྲག་ཏུ་གཟེར་ནས་བཤལ་སྐྱུག་རྙང་གསུམ་དང་ངུ་དངངས་འདར་གསུམ་བྱས་ཏེ། ང་ཚོ་ཅི་བྱ་གཏོལ་མེད་དང་ཧ་ལས་ཧོན་ཐོར་དུ་གྱུར་སྐབས། འཛིན་གཙོ་གསང་བདག་སློབ་གྲྭའི་སྨན་པ་འབོད་དུ་བརྒྱུགས། སྨན་པས་ཁོའི་ཚ་གྲང་བརྟགས་རྗེས། འཛིན་བདག་ལ་ཁ་པར་བཏང་སྟེ་ཁུལ་སྨན་ཁང་དུ་བུད་སོང་། དགོང་མོར་དེར། འཛིན་གཙོ་དང་འཛིན་བདག སྨན་པ་བཅས་ཀྱི་བཀའ་དྲིན་ལ་བརྟེན་པ་མིན་ན། ཁོ་ད་ལྟ་འཇིག་རྟེན་འདི་ན་ཡོད་མེད་ཀྱང་ཧ་ཅང་ཐེ་ཚོམ་སྐྱེ་དགོས་པ་ཞིག་ཡིན།
སྨན་པས་བཤད་པ་ལྟར་ན། ཁོས་སྤུས་ཀ་ཞན་པའི་ཁ་ཏོག་སྣ་ཚོགས་ཟོས་པའི་རྐྱེན་གྱིས། ཁོག་གི་རྒྱུ་མའི་ཆ་ཤས་མང་བོ་རུལ་ཡོད་པ་མ་ཟད། མཆིན་པ་དང་མཁལ་མ་ལ་སོགས་ལའང་གནོད་པ་ཚབས་ཆེན་བཟོས་འདུག་ཅེས། འཛིན་བདག་ཕྱིར་ཡོང་རྗེས་སེམས་ཁུར་དང་བཅས་ཏེ་ང་ཚོར་གསུངས་བྱུང་། དུས་དེ་ནས། ཁོ་ང་ཚོའི་འཛིན་གྲྭའི་ནང་དུ་གཏན་ནས་ཡོང་མ་ཐུབ་ལ། ལོ་གཉིས་འགོར་ནས་ང་རང་དམའ་འབྲིང་དང་བོ་ཡིན་དུས། ཁོ་ཕྱིར་ཡོང་ནས་ལོ་རིམ་ལྔ་བའི་ནང་དུ་བུད་སོང་།
གཏམ་ཉུང་ཉུང་བཤད་ན་ཁྱིམ་མཚེས་འགྲིག ཟས་རན་པ་ཟོས་ན་འབྱུང་གཞི་བདེ་ཞེས་པ་ལྟར། ཟས་གོས་གང་ཡང་རང་ཉིད་ཀྱི་ལུས་སེམས་ལ་འཕྲོད་ཅིང་རན་པ་ཞིག་སྤྱོད་རྒྱུ་ནི་ཅི་འདྲའི་གལ་ཆེན་ནང་གི་དོན་ཆེན་ཞིག་རེད་ལ། ངའི་ཨ་མས་རྒྱུན་དུ། བུ་ལ་ཟ་ཚོད་མེད་ན། ཨ་མས་ལག་ཚོད་འཛིན་དགོས་ཟེར་ནས། ངས་ཁ་ཏོག་སྣ་ཚོགས་ཟ་སྐབས་བཀག་འགོག་དང་ཚོད་འཛིན་བྱེད་པའང་། ཅི་འདྲའི་དགོས་ངེས་ཤིག་དང་གནས་ལུགས་ཡོད་པ་ཞིག་རེད་ཨང་།
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།