བདག་གི་བྱིས་པའི་ལོ་རབས།(བཅུ་གཉིས་པ)
སྨན་པའང་ཡིན་པའི་དགེ་རྒན་ཞིག
ང་རང་བོད་ཡིག་དང་དབྱིན་ཡིག་མ་ཟད། ད་དུང་ཆེས་དགའ་བའི་བསླབ་བྱ་གཞན་ཞིག་ཡོད་པ་ནི་སྐྱེ་དངོས་ཡིན། སྐྱེ་དངོས་དགེ་རྒན་གྱི་མིང་ལ་མཁའ་མོ་ཆེ་རིང་ཟེར་ཞིང་། མོ་ནི་གཟུགས་གཞི་ཆེ་ལ་སྐྲ་རིང་བ། རྣ་གདོང་དང་མཁུར་ཚོས་འབུར་ཞིང་མིག་གཉིས་སྐར་ཆེན་ལྟར་འཚེར་བ། རྒྱབ་གཞུང་ཆེ་ཞིང་ཡངས་ལ་མགོ་རྐང་མཇིང་གསུམ་སྦོམ་པ་སྟེ། མདོར་ན། སྐད་གདངས་ལ་བལྟས་ན་བུད་མེད་ཅིག་དང་གཟུགས་པོའི་ཚུགས་ཀར་བལྟས་ན་སྐྱེས་པ་ཞིག་དང་གཉིས་སུ་མེད།
མོས་སློབ་ཁྲིད་བྱས་པ་ནི་ཧ་ཅང་སྤྲོ་སྣང་ལྡན་པ་དང་། སློབ་ཡུན་ཇི་ལྟར་རིང་ཡང་ཉོབ་སྣང་དང་སུན་སྣང་གང་ཡང་མེད་པར། རྩེད་མོ་སྣ་ཚོགས་དང་མཚར་སྣང་གིས་ཕྱུག་པའི་མུ་འབྲེལ་བརྙན་འཕྲིན་ཞིག་ལ་ལྟ་བ་དང་འདྲ། མོ་ལ་ད་དུང་ཁྱད་ཆོས་གཞན་ཞིག་མངའ་བ་ནི། སློབ་ཁྲིད་ཀྱི་སྐབས་སུ་ཀུ་རེ་རྩེད་མོ་རྩེ་ཞིང་སློབ་གྲོགས་ཡོངས་ལ་འདྲ་མཉམ་གྱི་ལྟ་སྟངས་ཡོད་པ་དེ་ཡིན།
མོ་རྒྱུན་དུ་སློབ་ཆས་སྣ་ཚོགས་བཀོལ་ནས་སློབ་ཁྲིད་བྱེད་པར་དགའ། མོའི་སློབ་ཁྲིད་ཀྱི་སྐབས་སུ། མ་ནེ་ལག་པར་ཁེན་ནས་གཉིད་ཅོག་རྒྱག་མཁན་དང་མགོ་བོ་ཅོག་ཙེར་བསྙེས་ནས་སྔུར་བ་འཐེན་མཁན། ཕན་ཚུན་ལ་འཕྲིན་ཡིག་སྐུར་མཁན་སོགས་ཧ་ལམ་མེད་ལ། གལ་སྲིད་རེ་གཉིས་བྱུང་ཡང་། རྡོ་གཅིག་གིས་བྱ་བརྒྱ་དགུང་ལ་བདའ། གཏམ་གཅིག་གིས་འཛམ་གླིང་དབང་དུ་བསྡུ་ཟེར་བ་ལྟར། མོས་ཀུ་རེ་བརྩེས་ནས་རྨི་ལམ་དཀྲོགས་ཤིང་། ཁ་མཚར་བཤད་ནས་ཡིད་སེམས་སྤྲོ་རུ་འཇུག
སྐྱེ་དངོས་སློབ་དེབ་ཀྱི་སྟེང་དུ་རྩི་ཤིང་དང་འདབ་ཆགས་སོགས་ཀྱི་རི་མོ་སྣ་ཚོགས་ཡོད་ཅིང་། དེ་དག་ནི་ཚོན་མདངས་རྣམ་པར་བཀྲ་ཞིང་བལྟས་ན་མིག་ལ་མཛེས་པ་ཞིག་རེད། སྒོས་སུ། མིའི་ལུས་ཕུང་གི་རི་མོ་ཆ་ཚང་ཞིག་ཡོད་པ་དེའི་སྟེང་ནས། ངས་ང་ཚོའི་མིའི་རིགས་ཀྱི་ལུས་ཕུང་གི་གྲུབ་ཚུལ་དང་ཁྲག་གི་འཁོར་རྒྱུག གཅིག་སྐྱག་གི་འབབ་ཚུལ། ཨ་མར་ཕྲུ་གུ་ཆགས་ཚུལ་སོགས་རྟོགས་ཤིང་། དེ་མ་ཟད། དགེ་རྒན་མཁའ་མོ་ཚེ་རིང་ལགས་ཀྱིས་ང་ཚོ་ད་དུང་སྐྱེ་དངོས་འགྲེམ་སྟོན་ཁང་དང་། ཚོད་ལྟ་ཁང་དུ་ཁྲིད་དེ་མིའི་རུས་ཀྲང་སྐོར་གྱི་རི་མོ་སྣ་ཚོགས་ལ་ལྟ་རུ་བཅུག ལྷག་ཏུ། དགེ་རྒན་ལགས་ཀྱི་འགྲེལ་བཤད་བྱས་པ་ལ་བརྟེན་ནས། ངས་ཐོག་དང་པོར། སློབ་གྲོགས་བུ་མོ་ཚོར་མོ་ལོ་བཅུ་གཉིས་བཅུ་གསུམ་ནས་བཟུང་ཟླ་མཚན་ཞེས་པ་ཞིག་འབབ་རྒྱུ་ཡོད་པ་གསར་དུ་ཤེས།
ཐེངས་དང་པོར། དགེ་རྒན་མཁའ་མོ་ཚེ་རིང་ལགས་ཀྱིས་ཕོ་མོ་གཉིས་ཀྱི་ལུས་ཕུང་གི་གྲུབ་ཚུལ་དང་ཟླ་མཚན་འབབ་ལུགས་སོགས་འཆད་སྐབས། སློབ་གྲོགས་ཚོ་ངོ་ཚ་ནས། ལག་པས་ཁ་སྣ་བཏུམ་ནས་གད་མོ་དགོད་པ་དང་ངོ་གདོང་དམར་བོར་གྱུར་ནས་སྐད་ཆ་མི་ཤོད་པ་ཡོད་མོད། མོས་འགྲེལ་བཤད་མང་བོ་བྱས་པ་དང་བསྟུན་ནས། སློབ་གྲོགས་ཚོའང་རིམ་གྱིས་གོམས་ལོབས་སུ་སོང་ཞིང་། དགེ་རྒན་ལགས་ལ། དྲི་བ་སྣ་ཚོགས་ཁ་འདྲི་གཏིང་འདྲི་བྱེད་མཁན་ཇེ་མང་དུ་གྱུར།
ལོ་རིམ་དྲུག་པའི་སྐབས་སུ། ཟླ་རེའི་ནང་དུ། དགེ་རྒན་མཁའ་མོ་ཚེ་རིང་ལགས་དང་སློབ་གྲོགས་ཞི་མོ་ཚོར་"གསང་བའི་ཚོགས་འདུ་"ཞིག་འཚོགས་རྒྱུ་ཡོད། ཐོག་མའི་དུས་སུ། ང་ཚོ་སློབ་གྲོགས་ཞི་ལི་ཚོས། "གསང་བའི་ཚོགས་འདུ་"དེའི་"དགོངས་དོན་"ལ་ཚོད་དཔག་སྣ་ཚོགས་བྱས་ཤིང་། སློབ་གྲོགས་ལ་ལས། "ཁོ་ཚོས་བུད་མེད་རྒྱལ་ཁབ་ཅིག་གཟུག་འདོད་པ་རེད།"ཅེས་དང་། ཡང་ལ་ལས། "ཁོ་ཚོས་ང་ཚོ་བསྐྱུར་ཏེ། ཚོགས་འདུ་ཁང་ན་གློག་བརྙན་ཡག་པོ་ཞིག་ལ་ལྟ་བཞིན་འདུག"ཟེར་བ་སོགས། ཀུ་རེ་དང་ཚོད་དཔག་གི་སྐད་ཆ་སྣ་ཚོགས་བཤད་མོད། རྗེས་སུ་སློབ་གྲོགས་བུ་མོ་ཚོས་བཤད་པ་ལྟར་ན། ཚོགས་འདུའི་ནང་དོན་གཙོ་བོ་ནི་གསང་བ་ཞིག་ཅི་ཡང་མ་ཡིན་པར། བུ་མོ་ཚོར་ཟླ་མཚན་འབབ་ལུགས་དང་དེ་ལ་མཉམ་འཇོག་བྱེད་ཚུལ། གཙང་ཤོག་འཇོག་སྟངས་སོགས་ཏེ། མདོར་ན། ལུས་ཕུང་བདེ་ཐང་གི་སྐོར་ནས་སློབ་ཁྲིད་ཅིག་བྱས་པ་རེད་འདུག
རྗེས་ནས་ཤེས་གསལ་ལྟར་ན། དགེ་རྒན་མཁའ་མོ་ཚེ་རིང་ལགས་ནི། ང་ཚོའི་སློབ་གྲྭར་མ་ཡོང་བའི་སྔོན་དུ་སྨན་པ་ཞིག་རེད་ཟེར། དགེ་རྒན་གྱི་ཁྱད་ཆོས་འཛོམས་ལ་སྨན་པའི་ཤེས་བྱའང་ལྡན་པའི་མོ་ནི་དེ་ལྟར། སློབ་མའི་སློབ་སྦྱོང་དང་བདེ་ཐང་གཉིས་ཀ་གཙིགས་སུ་འཛིན་མཁན་གྱི་དགེ་རྒན་དཔེ་མེད་ཅིག་ཡིན་མོད། གཞུག་ནས། མོ་རང་གི་ཁྱོ་གའི་རེ་བ་ལྟར་ལས་གནས་སྤར་ཏེ་ལས་ཁུངས་གཞན་ཞིག་ཏུ་བུད་སོང་བས། དུས་དེ་ནས། ངས་ཁོ་མོའི་གྲིབ་མ་ཙམ་ཡང་མཐོང་མ་མྱོང་མོད། ཁོ་མོས་ཀུ་རེ་རྩེ་སྐབས་ཀྱི་རྣམ་འགྱུར་དང་ཚུགས་ཀ་དེ་དག མཚམས་ལ་རེར། ངའི་ཡིད་སེམས་ཀྱི་གངས་དཀར་ངོགས་སུ་ཝ་ལེར་ཝ་ལེར་དྲན་ཡོང་།
སྐྱོན་མི་འདུག་སྙམ།
ཉིན་ཞིག་གི་བོད་ཡིག་སློབ་ཁྲིད་ཀྱི་སྐབས་སུ། དགེ་རྒན་གྱིས་ང་ཚོར། བོད་མཁས་པ་ཟེར་བའི་རྩོམ་པ་པོ་གྲགས་ཅན་ཞིག་གི་ལོ་རྒྱུས་བཤད་པ་ཡིན། ཁོས་བཤད་རྒྱུར། "ཁོང་གི་མཚན་དངོས་ལ་མི་ཕམ་དགེ་ལེགས་རྣམ་རྒྱལ་ཟེར་ཞིང་། རྒྱལ་དབང་ལྔ་བའི་སྐབས་ཀྱི་མཁས་པ་ཞིག་རེད། ཉི་མ་ཤིན་ཏུ་དྲོ་བའི་ཉིན་ཞིག་ལ། རྒྱལ་དབང་ལྔ་བས་རབ་གསལ་ཁ་རུ་ཇ་འཐུང་ཞོར་ཉི་མར་ལྡེ་ནས་ཡོད་སྐབས། མི་ཕམ་དགེ་ལེགས་རྣམ་རྒྱལ་ཁོང་ཚང་ལ་མཇལ་དུ་ཡོང་བ་རེད།"
"མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས། ཁ་བཏགས་དཀར་པོ་ཞིག་མཐོ་རུ་བཏེགས་ནས་མཇལ་ཁ་ཞུས་རྗེས། ཁོང་གཉིས་མཉམ་དུ་བསྡད་ནས་གསུང་གླེང་སྣ་ཚོགས་མཛད། གསུང་གླེང་མང་བོ་བྱས་རྗེས། རྒྱལ་དབང་ལྔ་བས། 'ངས་སྔོན་ཆད་ཁྱོད་རང་མཁས་པ་ཞིག་རེད་ཅེས་གོ་མྱོང་། དེ་རིང་ཁ་བརྡ་བྱས་ནས་བལྟས་ན། དངོས་གནས་དྲང་གནས་ཀྱི་མཁས་པ་ཞིག་རེད། ཁྱོད་ཀྱི་མིང་ལ་བོད་ཡུལ་གྱི་མཁས་པའམ། ཡང་ན་བོད་མཁས་པ་ཟེར་ན་འགྲིག'ཅེས་གསུངས་པ་ན། མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་ཉམ་ཆུང་གི་བཟོ་ལྟ་སྟོན་ཞོར། 'དེ་འདྲ་ཞིག་ག་ལ་ཡིན། ང་ནི་བོད་ཡུལ་གྱི་མཁས་པ་ཞིག་མ་ཡིན་པར། བོད་ཡུལ་ན་མང་བོ་ཡོད་ཀྱང་། མཚན་སྙན་གྲགས་མེད་པའི་སྲོག་ཆགས་བོང་བུ་ལྟ་བུ་ཞིག་ཡིན།'ཞེས། ཁེངས་སྐྱུང་གི་སྒོ་ནས་གསུང་ལན་ཞུས་པ་རེད།"
"ངོ་མ་བཤད་ན། མི་ཕམ་དགེ་ལེགས་རྣམ་རྒྱལ་ལགས་ནི། སྐབས་དེར་བོད་ཡུལ་ན་མིང་དུ་གྲགས་པའི་མཁས་པ་ཆེན་པོ་ཞིག་རེད་མོད། ཁོང་ལ་མཁས་པ་ཡིན་པའི་ང་རྒྱལ་དང་ཁེངས་དྲེགས་ཅི་ཡང་མེད་པར། ནམ་རྒྱུན་ཁེངས་སྐྱུང་གི་སྒོ་ནས་བྱ་བ་སྒྲུབ་མཁན་ཞིག་རེད། རྗེས་སུ། ཁོང་གིས་དཔེ་ཆ་རྩོམ་སྐབས་ཀྱང་ཁེངས་སྐྱུང་གི་སྒོ་ནས། དཔེ་ཆའི་འགོ་ཤོག་གི་སྟེང་ལ། བོང་མཁས་པ་མི་ཕམ་དགེ་ལེགས་དགེ་ལེགས་རྣམ་རྒྱལ་ཞེས་བྲིས་པ་རེད། འོན་ཀྱང་། ཁོང་ཉིད་སྐུ་གཤེགས་རྗེས་ཁོང་གི་སློབ་མ་དང་མཁས་པ་རྣམས་ཀྱིས། བོང་མཁས་པ་ཞེས་པ་ཞིག་ག་ལ་ཡོད། འདི་ཕལ་ཆེར་ཡིག་ནོར་ཡིན་རྒྱུ་རེད་སྙམ་ནས། བོང་གི་རྗེས་ཡིག་ང་ཡིག་གི་ཚབ་ཏུ་ད་ཡིག་ཅིག་བྲིས་ཏེ། བོད་མཁས་པ་ཞེས་བཅོས་ཤིང་། དུས་དེ་ནས་བཟུང་། ཁོང་གི་མཚན་ལ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་ཞེས་གྲགས་པ་རེད།"ཟེར།
དགེ་རྒན་གྱིས་ང་ཚོར་ཁོང་གི་ལོ་རྒྱུས་དེ་འདྲ་ཞིག་བཤད་དོན་ནི། ང་ཚོར་ནུས་པ་དང་ཡོན་ཏན། ཐུན་མིན་གྱི་ཁྱད་ཆོས་དང་བྱིངས་ལས་འཕགས་པའི་བློ་རིག་ཅི་འདྲ་ཡོད་ཀྱང་། ང་རྒྱལ་དང་ཁེངས་དྲེགས་ཡོད་མི་འོས་པར་ཕན་ཚུན་བརྩི་བཀུར་དང་ཁེངས་སྐྱུང་བྱེད་འོས་པ་དེ་རེད།
དེ་ཡང་ངོ་མ་རེད། རང་གི་ནུས་པས་གཞན་ལ་སྲིད་ཞུ་སྒྲུབ་པ་དང་འགན་ཁུར་དང་ལེན་བྱེད་མཁན་ཞིག་ཡིན་ཚེ། ང་ཚོ་ཆེ་ཆེ་གྲགས་གྲགས་ཀྱི་མཚན་སྙན་ཅི་ཡང་མེད་པའི་བོང་བུ་ལྟ་བུ་ཞིག་བྱས་ཀྱང་སྐྱོན་མི་འདུག་སྙམ། ཁ་དཔེ་ལ། བོང་སྐྱ་ལི་ཟོག་གི་མཐའ་མ་ཟེར། འདང་བརྒྱབ་ན་འཁོར་བའི་གཞི་མ་ཡིན་ཟེར་བ་ལྟར། རྣ་འབྱོག་ལྷ་བ་ལྷབ་བེ། ཨོང་ཤ་ལྡ་མ་ལྡེ་མེར་རང་གི་ལས་ཀ་ལ་གཡོ་སྒྱུ་དང་སུན་སྣང་གང་ཡང་མེད་པར། དུས་བཞིར་འབད་བརྩོན་བྱེད་མཁན་ནི་ང་རྒྱལ་གྱི་རྭ་རྩེ་རྡར་བའི་འབྲོང་གཡག་དང་། ཁེངས་དྲེགས་ཀྱི་མགོ་འཕང་སྟོད་པའི་རྟ་ཕོ་སོགས་གང་ཡང་མ་ཡིན་པར། སྙན་གྲགས་ཅི་ཡང་མེད་པའི་སྤྱིར་བཏང་གི་བོང་བུ་ཡིན་པའོ།།
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།