ང་ཡི་ཁེར་རྐྱང་། ཁྱེད་ཀྱི་རྩོམ་རིག
ལོ་འདི་འགར་ཆུང་དུས་ཀྱི་ཟང་ཟིང་ལ་དགའ་བའི་གཤིས་ཀ་དེར་རིམ་བཞིན་འགྱུར་ལྡོག་འགྲོ་བཞིན་པ་རང་གིས་ཀྱང་གསལ་བོར་ཚོར་ཡོང་། ད་ལྟ་གྲོགས་པོ་སུ་ཞིག་གིས་རྣམ་པ་མི་འདྲ་བའི་འདུ་འཛོམས་ལ་སྐད་བཏང་ན་ཡང་། ཅི་ནུས་ཀྱིས་ཁ་གཡོར་ས་འོས་མོ་རེ་བཙལ་ནས་གཡོལ་གང་ཐུབ་བྱས་པ་ཡིན་ལ། རྣམ་ཀུན་རང་གཅིག་པུ་ལྷོད་ལྷོད་ཀྱིས་སྡོད་ཐུབ་པར་གོ་སྐབས་མང་ཙམ་བསྐྲུན་པ་ཡིན།
རང་གཅིག་པུར་གནས་དུས། ངའི་ཡིད་འཛིན་གྱི་ཡོལ་གོ་རུ་ང་དང་ལོ་ཟླའི་བར་ཐག་གིས་ཆོད་པའི་ཆུང་བྱིས་པའི་དུས་ཀྱི་གནས་སྐབས་གང་མང་ཞིག་གསལ་འདེབས་བྱེད་མི་དགོས་པར་ཤར་ཡོང་། མི་ཡི་དྲན་པའི་འཛིན་སྟོབས་ཀྱི་ནུས་པ་ཟེར་བ་འདི་ནི་ཅི་འདྲའི་ཁྱད་མཚར་བ་ཞིག་རེད་ཨང་། དྲན་པའི་ཁུག་སོར་ཉར་ཡོད་པའི་ཕྱིར་དྲན་དེ་དག་ལས་ཕལ་ཆེ་བ་ནི་སྤྱི་ཡི་སྒྲོམ་གཟུགས་མོག་པོར་གྱུར་ཡོད་པའམ་ཡང་ན་བྱུང་རིམ་ཆ་ཚང་གི་སྒྲིག་གཞི་ཐོར་ཡོད་པ་ཤ་སྟག་ཡིན་མོད། དེ་ལས་ལྡོག་སྟེ། གནས་སྐབས་ཤིག་གམ་ཡང་ན་རྣམ་པ་ཕྲ་མོ་ཙམ། ཡང་ན་མི་ཞིག་གི་དགོད་ཉམས་ཤིག འགུལ་སྐྱོད་ཆུང་ངུ་ཞིག དབང་པོ་ལྔ་གང་རུང་གི་མྱོང་སྣང་ཕྲ་མོ་ཞིག རྣམ་འགྱུར་ཞིག སྐད་ཆ་ཚིག་གཅིག་སོགས་བྱེ་བྲག་གི་བྱུང་བ་ཕྲ་མོའི་རིགས་ནི་ཤིན་ཏུ་གསལ་བོའི་སྒོ་ནས་དུས་ནམ་ཡང་ཕྱིར་དྲན་དུ་འཁྱུག་ཙམ་གྱིས་གསལ་ལྷང་ངེར་འཆར་ཡོང་། དེར་བརྟེན། ང་རང་གཅིག་པུར་གནས་དུས། ཡིད་དུ་གསལ་ལྷང་ངེར་འཆར་ཡོང་བའི་བྱིས་དུས་ཀྱི་ཕྱིར་དྲན་ནི་ཧ་ཅང་མང་ཞིང་། དེ་དག་ལ་གསལ་འདེབས་ཅི་ཡང་བྱེད་མི་དགོས་པར་སེམས་ཀྱི་ཡོལ་ངོར་འཁྱུག་ཙམ་དང་སྣང་ཙམ་བྱེད། ངས་ནམ་ཡང་མི་ཞིག་གི་བྱིས་དུས་ཀྱི་བརྒྱུད་རིམ་མང་པོ་ཞིག་ནི་རུས་གཏིང་དུ་སིམ་པའི་བག་ཆགས་ཟེར་བའི་ཐ་སྙད་འདིའི་རང་གཟུགས་སུ་སྨིན་ངེས་པ་དང་། བྱིས་དུས་ཀྱི་བག་ཆགས་ཟེར་བ་འདི་ནི་མི་དེ་རང་གི་ཕྱིས་ཀྱི་ཚེ་སྲོག་གི་འགྱུར་ཁུག་གི་ཆེས་རྩ་བའི་དབྱངས་རྟར་གྱུར་འགྲོ་བར་ཡིད་ཆེས་བྱེད་བཞིན་ཡོད། ཁ་གསལ་གྱིས་བཤད་ན། ང་ཚོ་མི་དར་མ་སུ་ཡིན་རུང་ཕྲུ་གུའི་དུས་སྐབས་བརྒྱུད་ནས་མ་ཡོང་པ་ཞིག་མེད་ཅིང་། ཕྲུ་གུའི་དུས་སྐབས་ཀྱི་བག་ཆགས་མང་པོ་ཞིག་ནི་ཚེ་འདིའི་ཆེས་གསལ་བའི་ཕྱིར་དྲན་དེ་ཡིན་ལ། བག་ཆགས་དེ་ཡིས་དོན་སྙིང་ངེས་ཅན་ཞིག་གི་ངོས་ནས་ཁྱེད་ཀྱི་མི་ཚེའི་རྩིགས་ལྡེབས་སུ་ཁྱེད་རང་མི་ག་འདྲ་ཞིག་ཏུ་འགྱུར་ངེས་པའི་སྐྱ་རིས་ལྟ་བུའི་རི་མོ་བརྐོས་ཡོད་པ་རེད་སྙམ།
འོ་ན། ང་ལ་མཚོན་ན་ད་ལྟ་ཡང་དུས་རྒྱུན་དུ་བརྗེད་པ་མེད་པར་ཡིད་འཛིན་གྱི་ཡོལ་གོ་རུ་ལྷུང་ཡོང་བའི་ཕྱིར་དྲན་དེ་གང་ཡིན་ནམ། དེ་ལྟ་བུའི་ཕྱིར་དྲན་གྱི་བག་ཆགས་ཀྱིས་ངའི་མི་ཚེ་ལ་ཤུགས་རྐྱེན་ཅི་འདྲ་ཞིག་སྤྲད་ཡོད་དམ་ཞེ་ན། དེ་ནི་ང་རང་ལུག་རྫིར་བསྐྱོད་དུས་ཀྱི་རྣམ་པ་ཞིག་ཡིན་ཏེ། ང་རང་རི་མགོ་མཐོ་ས་ཞིག་ནས་གཅིག་པུར་བསྡད་དེ་ཐག་ཉེ་རིང་གི་རི་ཀླུང་ལ་མིག་ཟིམ་ཟིམ་གྱིས་རྒྱང་ལྟ་བྱེད་པའི་ཕྱིར་དྲན་དེ་རེད། དེ་དུས་ཕལ་ཆེར་ང་རང་ལོ་ན་བཅུ་ཡས་མས་ཤིག་ཡིན་སྲིད། དེ་དུས་ལོ་ན་བཅུ་ཡས་མས་ཀྱི་ཕྲུ་གུ་དེ་ད་ལྟའི་ཕྲུ་གུ་ཕལ་མོ་ཆེ་དང་མི་མཚུངས་པར་རྟག་པར་རི་མགོར་ལུག་འཚོ་རུ་བསྐྱོད་དགོས་ཀྱི་ཡོད། རི་ཚོགས་ཀྱི་བང་རིམ་ཕྱི་བརྩེགས་ནང་བརྩེགས་ཀྱིས་བསྒྲིགས་ཤིང་། སྒང་གཤོང་གི་རླབས་རིས་གཅིག་འཕྱོ་གཅིག་འཇགས་ཀྱིས་ཡོད་པའི་ཕ་ས་གོར་མོ་དེ་རུ། རི་བོ་དེ་དག་གིས་བཅད་པའི་ཕ་རོལ་དང་དེའི་ཕ་རོལ་ཅི་ཡང་མཐོང་མ་མྱོང་པའི་ཕྲུ་གུ་ཞིག་གིས། བསེར་རླུང་གྲང་མོར་ལྡང་ཡོང་བའི་མཐོ་ས་དེ་ནས་རྒྱ་ཆེ་ཞིང་སྟོང་ལྷང་ལྷང་གི་ས་ཆེན་དེ་མཐོང་ལམ་དུ་བསྡུས་ནས་སྡོད། དེ་དུས་ཉེ་རྒྱང་གང་དུ་མི་གཅིག་གི་སྣང་བརྙན་ཡང་མཐོང་མི་ཐུབ་ཅིང་། མཚམས་རེར་རི་མགོ་མཐོན་པོའི་ཕྲུ་གུ་དེ་ལ་རང་གཅིག་པུར་ལུས་པའི་ཁེར་ཧྲང་གི་ཚོར་བ་ངེས་མེད་དུ་འབྱུང་། མཚམས་རེར། བྱ་གླག་གཅིག་གིས་སྔོ་བསངས་སྟོང་བ་དེ་ནས་གཟན་གྱི་སྐབས་གླག་འཚོལ་བའི་ལྡིང་བསྐོར་ཡང་ཡང་རྒྱག་པ་དང་། དེའི་འཕྱོ་ལྡིང་གི་གྲིབ་མ་ནག་པོ་དེ་ཡང་ངའི་ཉེ་སར་ཡང་ཡང་འཕོས་ཡོང་། ད་ལྟ་ངས་གྲོང་ཁྱེར་ཆེན་པོའི་འདུ་འཛིའི་ཀློང་ནས་ངེས་མེད་དུ་ལོ་ངོ་བཅུ་ཕྲག་རེ་གཉིས་ཀྱི་ཡར་སྔོན་གྱི་རི་མགོར་སྡོད་པའི་ཕྲུ་གུ་དེ་དྲན་ཡོང་། དེ་ནི་ཅི་འདྲའི་ཁྱད་མཚར་པོ་ཞིག་རེད་ཨང་། རྒྱ་ཆེན་དང་སྟོང་སྣང་གི་ས་ཆེན་གྱིས་དེ་དུས་ང་ལ་རང་ཉིད་ཉམས་ཆུང་པའི་གསལ་འདེབས་ཡང་ཡང་བྱས་མྱོང་ལ། དེ་ལྟ་བུའི་གསལ་འདེབས་ཀྱིས་རི་མགོ་མཐོན་པོའི་ཕྲུ་གུ་དེའི་ཁེར་རྐྱང་གི་ཚོར་བ་ཇེ་དྲག་ཏུ་བཏང་ཡོད། རེད་ཨང་། དེ་དུས་ཀྱི་ང་ནི་ཅི་འདྲའི་ཁེར་རྐྱང་ཞིག་རེད་ཨང་།
ལོ་དེ་ལ། ཁེར་རྐྱང་གི་ངས་རི་མགོ་མཐོ་ས་དེ་ནས་ཕྱོགས་བཞིར་མིག་ཟིམ་ཟིམ་གྱིས་ལྟ་དུས། ཡོད་ཚད་དེ་ལྟར་གསོན་ཉམས་ཅི་ཡང་མེད་པའི་སྣང་བ་ཞིག་འགོག་མེད་དུ་སེམས་འགོར་འཐིབས་ཡོང་། ད་ལྟ་མང་པོ་ཞིག་གིས་མདོ་དབུས་མཐོ་སྒང་ལྷ་ཡི་ཞིང་ཁམས་འདྲ་ཞེས་བསྔགས་སྨོན་བྱེད་དུས། ངས་ནི་དེ་དུས་རང་ཉིད་ཕྲུ་གུ་ཡིན་པའི་སྐབས་ཀྱི་ཁེར་རྐྱང་གི་སེམས་ཚོར་ལས་མཐོང་བའི་མཐོ་སྒང་གི་སྣང་བརྙན་དེ་དག་ཡིད་ལ་དྲན་ཞིང་། དེ་ནི་ཕྲུ་གུ་ཞིག་གི་ཁེར་རྐྱང་གི་འཇིག་རྟེན་དུ་ལྷ་ཡུལ་དུ་འགྱུར་ཐབས་མེད་པའི་གནས་ལུགས་ཀྱང་ངང་གིས་རྟོགས་སོང་། དེ་ལས་ལྡོག་སྟེ། དེ་དུས་ཀྱི་ཕྲུ་གུ་དེར་ཡོད་པ་ནི་ཁེར་རྐྱང་གི་སུན་སྣང་དེ་ཡིན་སྲིད་ཅིང་། སུན་སྣང་གིས་སྐྱེལ་བའི་ཉི་མ་དེ་ནི་ཅི་འདྲའི་རིང་ཨང་། ད་ལྟ་བསམས་ན། ཁེར་རྐྱང་ནི་སྟོང་བསམ་དང་འཆར་ཡན་སྦྲུམ་པའི་སྔོན་འགྲོ་ཡིན་པ་འདྲ། དེ་དུས་ང་རི་མགོ་མཐོན་པོའི་རྩེ་ནས་སྡོད་དུས། ལས་རྒྱུ་ཅི་ཡང་མེད་ཅིང་། སྟོང་བསམ་དང་འཆར་ཡན་ལས་ལྷག་པའི་ལས་ཀ་གཞན་པ་ཞིག་ཅི་ཡང་མེད་པ་འདྲ། དེ་བས། ལོ་དེ་དག་ལ་ངས་རི་མགོ་ནས་ཁེར་རྐྱང་གིས་སྟོང་བསམ་དང་འཆར་ཡན་ཡང་ཡང་བྱས་པ་ཡིན། མཁའ་མཐའི་སྤྲིན་པ་དཀར་པོ་དེའི་བང་རིམ་བསྒྲིགས་སྟངས་ལ་ལྟ་བཞིན་རིམ་གྱིས་དེ་ནི་ཨ་ཕྱིའི་གནའ་གཏམ་ནང་གི་ལྷའི་དབང་བོའི་ཕོ་བྲང་ཡིན་སྣང་ཤར་ཞིང་། དེ་རུ་ལྷ་དང་ལྷ་མོའི་གར་སྟབས་བསྒྱུར་བཞིན་པའི་ཉམས་སྣང་སྐྱེས། ཐག་རིང་གི་ལུང་ཞབས་སུ་གྱ་གྱུར་འབབ་ཅིང་། ཉི་འོད་ཀྱི་འོག་ཏུ་ལྡོག་འོད་ལམ་ལམ་འཕྲོ་བའི་བཞུར་ཆུ་དེ་ནི་རྐང་ལག་ཐོགས་པའི་སྦྲུལ་དཀར་བོ་ཞིག་ནུར་བཞིན་པར་མཐོང་པ་དང་། ཐ་ན་ཐག་ཉེ་སའི་བྲག་ཐོ་དེའི་སྟེང་བབས་ཡོད་པའི་བྱ་རྒོད་དེ་ནི་བོད་ལྭ་དབོ་ལུག་གིས་གྱོན་ནས་ཀྲོང་ངེར་འགྲེང་བསྡད་ཡོད་པའི་རྒད་པོ་ཞིག་རེད་ཅེས་རྟོག་བཟོ་བྱས། དེར་མ་ཟད། ངའི་གམ་གྱི་ས་ངོས་ཀྱི་འཇིག་རྟེན་ཆུང་ཆུང་དེ་རུ་འདུར་རྒྱུགས་ཡང་ཡང་བྱེད་པའི་གྲོག་མ་མིག་མེད་དེ་དག་ཀྱང་། ངའི་ཁེར་རྐྱང་གི་སྟོང་བསམ་ཁྲོད་ནས་རྒྱལ་ཁབ་འགའ་ཤས་ཀྱི་དམག་དཔུང་དུ་གྱུར་འགྲོ་ཞིང་། ཁོ་ཚོས་དེ་གར་ཕན་ཚུན་ལ་འཐབ་མོ་སྦྲན་ནས་ཛ་དྲག་གི་ཡོ་ལང་རྒྱས་་་་་མཚམས་རེར། ངས་མིག་བཙུམ་ནས་གན་རྐྱལ་དུ་ཉལ་བ་དང་། དེ་དུས་ཀྱང་སེམས་ཀྱི་འཆར་ཡན་ལ་འགོག་ཐབས་མི་འདུག རང་ཉིད་གེ་སར་རྒྱལ་བོར་གྱུར་བ་དང་གླིང་སྒྲུང་གི་བྱུང་རབས་དེ་དག་གི་ནང་དུ་ཞུགས་ནས་ཕྱོགས་བཞིའི་དགྲ་བཞི་བཏུལ། བྱ་རུ་གྱུར་ནས་ནམ་མཁར་ལྡིང་བསྐོར་བྱས། ལུག་ཏུ་གྱུར་ནས་འབའ་སྐད་སྒྲོག དེ་བས་ཀྱང་། ལོ་བཅུའི་ཕྲུ་གུ་ཞིག་གི་མྱོང་བརྒྱུད་ལ་བརྟེན་ནས་དངོས་ཡོད་ཁྲོད་མེད་པའི་མི་སྣ་མང་པོ་གསར་བཞེངས་བྱས་ཏེ། དེ་དག་དང་ལྷན་དུ་དགའ་སྡང་ཆགས་ཞེན་ཡོད་པའི་འཚོ་བ་སྐྱེལ། གང་ལྟར་ཀྱང་། རི་མགོ་མཐོན་པོ་དེ་ཅི་འདྲ་སྟོང་ལྷང་ཡིན་ན། ང་དེ་ལྟར་ཁེར་རྐྱང་དུ་གྱུར་ཅིང་། ང་ཇི་ལྟར་ཁེར་རྐྱང་ཡིན་ན། ནང་སེམས་ཀྱི་འཆར་ཡན་གྱི་འཇིག་རྟེན་དེ་ལྟར་ཕུན་སུམ་ཚོགས་པར་གྱུར་སོང་།
ད་ལྟ། དེ་ལྟ་བུའི་ལོ་ཟླ་བདག་དང་རིང་དུ་གྱེས་ནས་ཡུན་རིང་འགོར་སོང་། མཚམས་རེར་ང་གྲོང་ཁྱེར་ཆེན་པོ་འདིའི་ཟང་ཟིང་གི་ཀློང་དུ་འཕྱན་ནས་སྣང་བ་རྒོད་པོར་གྱུར་དུས། གསལ་འདེབས་དང་རྒྱུ་མཚན་ཅི་ཡང་མེད་པར་ལོ་དེའི་རི་མགོ་མཐོན་པོའི་རྩེ་ཡི་རྒྱ་ཆེན་དང་སྟོང་ལྷང་སེམས་ངོར་འཁྱུག་ཡོང་ཞིང་། ལོ་དེའི་ཁེར་རྐྱང་གི་ཕྲུ་གུ་དེ་ཡང་མིག་ལམ་དུ་སྣང་ཙམ་བྱེད་ཡོང་། དེ་དུས་ངས་གཞི་ནས་ལོ་ཟླའི་གཙང་བོ་རྒྱང་དུ་བཞུར་སོང་བ་དང་། ངའི་ལང་ཚོ་དང་། རྨི་ལམ། མཚར་སྡུག་མང་པོ་ཞིག་གཙང་གཞུང་བརྒྱུད་ནས་རིང་དུ་ཁུར་ཚར་ན་ཡང་། རང་ཉིད་ནི་གཙང་འགྲམ་དུ་ལུས་པའི་མི་དེ་ཡིན་པ་ཚོར་ཅིང་། དུས་ཚོད་ཀྱི་འགོ་ཁུངས་སུ་ཡོད་པའི་ལོ་བཅུའི་སྐབས་ཀྱི་ཕྲུ་གུ་དེ་ད་དུང་ཡང་རང་གི་སེམས་ནང་དུ་རྒྱུན་སྡོད་བྱས་ཡོད་པ་རྟོགས། ད་དུང་། ངས་རང་ཉིད་སྔར་བཞིན་ཁེར་རྐྱང་ཡིན་པ་ཚོར། གྲོང་ཁྱེར་གྱི་མཚན་མོའི་གློག་ཞུན་གྱི་འོད་མདངས་རེས་གསལ་རེས་མོག་བྱེད་ཅིང་། མི་ཚོགས་ཀྱི་འཚང་ཁའི་ཀློང་ནས་ངས་རླུང་ལྭའི་གོང་བ་ཡར་བསླངས་ནས། བཞི་མདོའི་གློག་དམར་པོ་འཆར་བར་སྒུག དེ་དུས་ངའི་སེམས་སུ་དྲན་བཞིན་པ་ནི་འཆར་ཡན་དང་སྟོང་འདང་ལས་བྱུང་བའི་འཇིག་རྟེན་ཞིག་ཡིན་ནམ།
རྣམ་ཀུན་ང་ཚོས་འཆར་ཡན་དང་སྟོང་བསམ་ལས་བྱུང་པ་དག་ཡིག་ངོར་ཕབ་སྟེ་ཚིག་ལ་བརྒྱུས་པ་དེར་རྩོམ་རིག་ཅེས་འབོད་བཞིན་ཡོད་པ་འདྲ། རེད་ཨང་། ད་ལྟའི་བར་དུ་དང་ཐོག་རི་མགོར་སྡོད་པའི་ཕྲུ་གུ་དེ་རི་ལས་བབས་ཤིང་། རི་ཚོགས་ཀྱི་མུ་ཁྱུད་བརྒལ་ནས་རི་བོའི་ཕ་རོལ་དང་དེའི་ཕ་རོལ་དུ་ཆས་ཤིང་། མི་ཚེ་ཡང་སྟོན་ལ་ཉེ་ཡོད། ངའི་མི་ཚེ་ལ་གཞན་གྱི་མིག་ནང་དུ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་སྲིད་ལ། ང་རང་ཉིད་ཀྱིས་ཀྱང་དེ་ལྟར་འདོད་བཞིན་ཡོད། ཡིན་ན་ཡང་ད་ལྟའི་བར་དུ་འགྱུར་མེད་པ་ཞིག་ནི་ངའི་སེམས་ནང་དུ་རྒྱུན་སྡོད་བྱས་ཡོད་པའི་དང་ཐོག་གི་ཕྲུ་གུ་དེ་ཡིན་ལ། ཕྲུ་གུ་དེའི་ཁེར་རྐྱང་དང་། ཁེར་རྐྱང་ལས་བྱུང་བའི་སྟོང་བསམ་དང་འཆར་ཡན་ཡིན། དེ་བས་ཀྱང་དེ་ལྟ་བུའི་སྟོང་བསམ་དང་འཆར་ཡན་ཡིག་ངོར་ཕབ་སྟེ། ཚིག་ལ་བརྒྱུས་པ་དང་། ཀུན་གྱིས་རྩོམ་རིག་ཏུ་འབོད་པའི་ལས་ཀ་འདི་འདྲ་ཞིག་མཐའ་གཅིག་ཏུ་རྒྱུན་འཛིན་བྱས་ནས་ཡོང་པ་དེ་ཡིན།
ང་ལ་མཚོན་ན། རྩོམ་རིག་གླེང་བ་ལས་རང་གི་ཁེར་རྐྱང་གླེང་འདོད་ཀྱི་འདུན་པ་ལྷག་ཏུ་ཆེ་སྟེ། རྒྱུ་མཚན་ནི་ཁྱེད་ཅག་གིས་བཀླགས་པའི་ང་ཡི་རྩོམ་རིག་གི་བརྩམས་ཆོས་དེ་དག་ནི་ངའི་མི་ཚེའི་ཁེར་རྐྱང་གི་ཟིན་བྲིས་ཙམ་ལས་མ་འདས། དེ་དུས་རི་ལས་བབས་པའི་ཕྲུ་གུ་དེ་ལོ་བཅོ་ལྔ་བཅུ་དྲུག་གི་ལང་ཚོའི་མེ་ལྕེ་ཚ་འུར་ཏུ་འབར་བའི་ན་ཚོད་བརྒྱུད་ཅིང་། དེ་ནས་ལོ་ཉི་ཤུའི་སྣང་བ་དགུང་ལ་འཕྱོ་བའི་ལོ་ཟླ་ཧྲིལ་ཧྲིལ་ཕྱིན་པ་དང་། མི་ལོ་སུམ་ཅུའི་གོ་རིམ་གྱི་སྨིན་ཉམས་རིམ་གྱིས་རྒྱས་ཡོང་པའི་དུས་ཚོད་ནང་། མཚམས་རེར་ཧ་ཧ་ཧོ་ཧོའི་དགོད་སྒྲ་དང་ཁྱོད་བདེ་ང་སྐྱིད་ཀྱི་ཇ་ཆང་ལ་རོལ་ནས་དུས་འདའ་ཞིང་། མཚམས་རེར་འཚོ་གནས་ཀྱི་གོ་བབ་བསྒྱུར་བའི་ཉེ་རྒྱང་གི་དམིགས་འབེན་ལ་བརྩོན་ནས་དུས་བདའ། མཚམས་རེར་ཁ་ཞེ་མི་མཚུངས་པའི་འཛུམ་སྟོན་ཞིང་གཏམ་སྨྲས་ནས་ཉི་མ་སྐྱེལ། གང་ལྟར་ཀྱང་མི་ཕལ་མོ་ཆེ་དང་མཚུངས་པར་མི་ཚེ་འདི་ཟང་ཟིང་ལང་ལོང་གིས་སྐྱེལ་ཡོང་ན་ཡང་། ཟང་ཟིང་འཇགས་རྗེས་ཀྱི་ལྷིང་འཇགས་ཤིག་དང་། ཚུལ་འཆོས་དོར་རྗེས་ཀྱི་རྣལ་མ་ཞིག ངལ་དུབ་རྗེས་ཀྱི་དབུགས་དབྱུངས་ཤིག་ང་ལ་ཅིས་ཀྱང་མཁོ་བ་སྟེ། དེ་ནི་དབུགས་ཡུན་རིང་ལ་བཅད་པ་གང་ཞིག་གིས་དབྱང་རླུང་ལ་རེ་ཞིང་ཕྱོགས་པ་ལྟར་རེད། དེ་ལྟ་བུའི་གནས་སྐབས་སུ། རྣམ་ཀུན་ངས་རྐང་བཙུགས་ནས་རང་གཅིག་པུ་ལུས་བར་བྱས་ཤིང་། རང་གཅིག་པུར་ལུས་དུས། ངས་རང་གིས་བརྒྱུད་ཡོང་པའི་ཟང་ཟིང་དང་། རྙོག་འཛིང་། འདུ་འགོད་ཡོད་ཚད་ནི་དེ་ལྟར་སེམས་འདི་ཁེར་རྐྱང་དུ་ལུས་པའི་རྒྱུ་རུ་གྱུར་བ་ཚོར། དེ་དག་ནི་དང་ཐོག་ཕྲུ་གུ་དེའི་མཐོང་ལམ་གྱི་རྒྱ་ཆེ་བའི་རི་ཀླུང་དང་སྟོང་ལྷང་ལྷང་གི་ཡུལ་ཁམས་དང་མཚུངས་པར། ང་ལ་རང་ཉིད་སླར་ཡང་དང་ཐོག་གི་ཕྲུ་གུ་དེར་འགྱུར་བའི་ཉམས་སྣང་བྱུང་། དེ་ནས་ངས་དང་ཐོག་གི་ཕྲུ་གུ་དེ་ནང་བཞིན་དངོས་ཡོད་ལས་རིང་དུ་བརྒལ་བའི་འཆར་ཡན་དང་སྟོང་བསམ་བྱེད་མགོ་བརྩམས་ཤིང་། ངའི་སྙུ་གུའི་རྩེ་མོ་ཤོག་དཀར་དུ་འབྲི་བའི་ཧྲག་སྒྲའམ་ངའི་མཛུབ་མོའི་སྟངས་སྟབས་ཀློག་ཀླད་ཀྱི་མཐེབ་གཞོང་དུ་གཏག་པའི་ཐག་སྒྲ་དེ། ལོ་དང་ཟླ་བའི་འཁོར་བསྐྱོད་ཁྲོད་ཀྱི་ངའི་ཚེ་སྲོག་གི་འགྱུར་ཁུག་ཏུ་གྱུར་ཅིང་། ངའི་ཁེར་རྐྱང་གི་གླུ་དབྱངས་སུ་གྱུར། དེ་བས་ཀྱང་། ཁྱེད་ཅག་གི་རྩོམ་རིག་ཏུ་གྱུར།
ད་ལྟ། ངས་ང་ཡི་སེམས་ཀྱི་གྲིབ་མ་ལྟ་བུའི་ཁེར་རྐྱང་གི་སྣང་བ་འདི་ལ་གཟབ་ནན་གྱིས་གདོང་གཏོད་དགོས་འདུག ངས་རང་ཉིད་ཅིའི་ཕྱིར་འདི་ལྟར་དུས་དང་རྣམ་པ་ཀུན་ཏུ་ཁེར་རྐྱང་གི་ཚོར་བའི་རྙི་རྒྱ་འདི་ལས་ཐར་ཐབས་མེད་པར་བསམ་བློ་ཞིབ་ཏུ་བཏང་པ་ཡིན། ལོ་ཟླའི་གཙང་བོའི་མགོ་ཁུངས་སུ་ཡོད་པའི་ཕྲུ་གུ་དེའི་ཁེར་རྐྱང་ནི་རྒྱ་ཆེ་ཞིང་སྟོང་ལྷང་ལྷང་གི་ས་ཆེན་གྱིས་སྤྲད་པ་ཡིན་ན། ཕྱིས་སུ་དེ་ལས་རིང་དུ་གྱེས་ཏེ་རྙོག་ཅིང་འཛིང་ལ་འཛད་མཐའ་མེད་པའི་མི་ཚོགས་ཀྱིས་སྐྲུན་པའི་སྤྱི་ཚོགས་ཀྱི་འཚོ་བ་འདི་ཡིས་ང་ལ་སྤྲད་པ་ནི་དེ་བས་ཀྱང་གཏིང་ཟབ་པའི་ཁེར་རྐྱང་གི་ཚོར་བ་ཞིག་ཡིན་སྲིད། ངས་མི་གཞན་དག་ལ་ངའི་འདི་ལྟ་བུའི་ཚེ་སྲོག་གི་ངོ་བོར་ཤར་བའི་ཁེར་རྐྱང་ཡོད་མེད་བཤད་དཀའ་མོད། ང་ལ་མཚོན་ན་མི་ཚོགས་ཀྱི་འདུ་འགོད་ཅི་འདྲ་རྒོད་ཀྱང་། འཚོ་བའི་འུར་ཟིང་ཅི་འདྲ་ཆེ་ཡང་། གཟུགས་སྒྲ་དྲི་རོ་ཡི་རེག་བྱའི་ལོངས་སྤྱོད་ཅི་འདྲ་ཕུན་སུམ་ཚོགས་ན་ཡང་། ཆེས་མཇུག་མཐར་ཡོད་ཚད་གནས་སྐབས་སུ་རི་ཀླུང་དུ་ཤར་ཡོད་པའི་དགོང་ཀའི་ཉི་ནུབ་ཀྱི་ཟེར་མ་དང་མཚུངས་པར། རིམ་གྱིས་རིམ་གྱིས་གསེར་མདོག་གི་གོས་ལྭ་དེ་ཕར་ནས་ཕར་དུ་བཤུས་འགྲོ་ཞིང་། ཤུལ་དུ་གྲིབ་སོ་ནག་པོ་ཞིག་གིས་ཡོངས་སུ་གཡོགས་ངེས་ལ། དེ་ནས་ཡོད་ཚད་རྒྱ་ཆེ་ཞིང་རྫོང་མཐུག་པའི་མུན་ནག་གི་གཏིང་ས་ཞིག་ཏུ་བྱིངས་འགྲོ། ང་ལ་མཚོན་ན་མུན་པའི་གནས་སྐབས་དེ་ནི་ཁེར་རྐྱང་གི་དུས་ཚོད་ཅིག་ཡིན་ཏེ། དུས་སྐབས་དེ་དག་ཏུ་ང་རང་མི་ཚེ་དང་འཇིག་རྟེན་ལ་ལན་མེད་པའི་རྨོངས་འཐོམ་གྱི་རྣམ་པ་ཞིག་གིས་ལུས་འགྲོ་ཞིང་། མུན་ནག་ཁྲོད་ཁ་ཕྱོགས་སྟོར་བའི་ལམ་འགྲོན་ཞིག་དང་མཚུངས། དེ་བས་ཀྱང་ཡིད་སྐྱོ་བ་ཞིག་ནི་ནང་སེམས་ཀྱི་གནད་དོན་འདི་དག་ལ་གདོང་གཏད་མཁན་ང་རང་ཉིད་གཅིག་པུ་ལས་མེད་ཅིང་། ངས་སུ་དང་གང་ལ་ཞུས་ནས་ང་རང་རྨོངས་པའི་དྲ་རྒྱ་ལས་སྐྱོབ་འདོད་ཀྱང་མི་འདུག སྐབས་དེ་དག་ཏུ་ངས་རྩོམ་རིག་ཅེས་པའི་ལས་ཀ་འདིར་འཐམ་ནས་དེ་ལས་རང་གི་ཚེ་སྲོག་ལ་ཉེ་བར་མཁོ་བའི་དྲོད་འཇམ་ཞིག་འཚོལ། སྤྱིར་རྩོམ་རིག་ནི་འཆར་ཡན་དང་སྟོང་འདང་ལས་བྱུང་བ་ཡིན་ཞིང་། འཆར་ཡན་དང་སྟོང་འདང་ནི་ཚེ་སྲོག་གི་ཁེར་རྐྱང་གི་ཚོར་བ་ལས་བྱུང་། དེ་བས་ཀྱང་། ཁེར་རྐྱང་གི་ཚོར་བ་དེ་ནི་བདག་ཅེས་པ་འདིའི་ངོ་བོར་ངོས་འཛིན་པའི་རྨོངས་འཐོམ་ལས་བྱུང་བ་ཡིན་སྲིད། ཚད་འདིའི་ངོས་ནས་བཤད་ན། ང་ཚོ་འགྲོ་བ་མི་ཞིག་ཡིན་ཕྱིན་ང་ལྟར་ཁེར་རྐྱང་གི་གནས་སྐབས་ཡོད་སྲིད་ཀྱང་། ཁྱད་པར་ནི་ཁོ་ཚོའི་ཁེར་རྐྱང་དེ་ང་ནང་བཞིན་རྩོམ་རིག་ཏུ་གྱུར་ཡོད་མེད་དེ་ཡིན་སྲིད།
ང་ལ་མཚོན་ན། དང་ཐོག་བྱིས་པ་དེ་རི་ལས་བབས་རྗེས། ད་ལྟའི་བར་དུ་ཁེར་རྐྱང་གི་ཚོར་བ་དེ་རྩོམ་རིག་ཏུ་གྱུར་ཡོད། དེ་བས། ངས་སྔོན་ཆད་འུར་ཟིང་ལ་དགའ་བ་དེ་གནས་སྐབས་ཙམ་ཡིན་སྲིད་དེ། ངའི་ཆེས་དགའ་ས་དེ་རང་གཅིག་པུར་སྡོད་རྒྱུ་དེ་ཡིན་སྲིད། རང་གཅིག་པུར་གནས་དུས། ལྷིང་འཇགས་ནི་དུས་ཚོད་ཀྱི་བཞུར་རྒྱུན་རེ་ཞིག་ལ་དཀག་པའི་བརྟན་གཟུགས་ཀྱི་རྣམ་པ་དེ་ཡིན་སྲིད་ལ། ང་ལ་མཚོན་ན་ཡོད་ཚད་མི་རྟག་པར་ཤོར་འགྲོ་བའི་ཆོས་ཉིད་ཀྱི་རབ་ཁ་ནས་རེ་ཞིག་ལ་དབུགས་དབྱུང་བའི་ངལ་གསོ་ཐེངས་ཤིག་བརྒྱབ་ཆོག་པ་འདྲ། དེ་བས་ཀྱང་ལྷིང་འཇགས་ནི་དར་སྲབ་ཀྱིས་བཟོས་པའི་གོས་ལྭ་འཇམ་པོ་ཞིག་སྟེ། དེའི་ཁུད་དུ་གནས་པའི་བདེ་སྣང་དང་སྐྱིད་སྣང་ནི་སྨྲ་བསམ་བརྗོད་འདས་ཤིག་རེད། ལྷིང་འཇགས་ཀྱི་ཀློང་ནས། ངས་རང་གིས་བརྒྱུད་ཡོང་པའི་ལམ་བུ་དང་། ངོ་ཤེས་པའི་མི་སྣ། རྒྱུས་ཡོད་པའི་འཚོ་བ་སོགས་ལ་འཆར་ཡན་དང་སྟོང་བསམ་ཅི་དགར་བྱས་ནས། རྟོག་པས་བཏགས་པའི་བཟོ་བཅོས་ཅི་འདོད་བྱས་ནས། སྒྲུང་གཏམ་གྱི་ནང་དུ་འཇིག་རྟེན་གཞན་ཞིག་དང་འཚོ་བ་གཞན་ཞིག་གསར་དུ་བསྐྲུན། མཚམས་རེར། ང་རང་ལ་འཁྲུལ་སྣང་འདི་འདྲ་འབྱུང་སྟེ། ངས་ང་རང་མངོན་སུམ་དུ་འཚོ་ཞིང་གནས་པའི་དངོས་ཡོད་ཀྱི་འཚོ་བ་འདི་དང་ངའི་སྒྲུང་གཏམ་རྩོམ་པའི་དུས་ཀྱི་སྒྲུང་ནང་གི་འཇིག་རྟེན་དེ་གཉིས་ལས། གང་ཞིག་བདེན་པའི་ངོ་བོར་གྲུབ་ཡོད་པ་དབྱེ་བ་མི་འཁོར། དེ་ནི་ཅི་འདྲའི་དགོད་བྲོ་བ་ཞིག་རེད་ཨང་། ཡིན་ན་ཡང་། འདི་ཡོད་ཚད་ང་མི་ཡུལ་འདིར་ལན་གཅིག་ཡོང་བའི་དུས་ཚོད་དུམ་བུ་འདིའི་ནང་གི་རྐང་རྗེས་ཙམ་ལས་མ་འདས་ཤིང་། གལ་སྲིད་ལྷ་བླ་མ་དཀོན་མཆོག་ཟེར་བ་ཞིག་མི་མངོན་པའི་དབྱིངས་སུ་ཡོད་ཚེ། དེ་ཡིས་ཁེར་རྐྱང་གི་ངའི་རྨོངས་འཐོམ་དང་། ངའི་འཆར་ཡན། ངའི་སྟོང་བསམ། དེ་མིན་ངའི་རྩོམ་རིག་ལ་ཁ་ལག་པས་བཀབ་ནས་གད་མོ་ཤོར་བཞིན་མེད་དམ་སྙམ།
གང་ལྟར་ཀྱང་། གནས་སྐབས་སུ་ང་ཡི་ཁེར་རྐྱང་ནི་ཁྱེད་ཅག་གི་རྩོམ་རིག་ཡིན་སྲིད།
༢༠༡༧ལོའི་ཟླ་༣པའི་ཚེས༢༩ཉིན་པེ་ཅིན་ནས།
རྩོམ་སྒྲིག་པ། སྐྱ་བོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།