རིས་མེད་སྐོར་གྱི་གནད་དོན་བཅུ་གསུམ།
ཕྱོགས་རིས་ཞེན་ཁོག་བསམ་བློའི་འཁྱེར་སོ་ཞིག །
དྲང་བདེན་གནས་ལུགས་བརྩི་བ་རིས་མེད་ཡིན། །
རང་ལུགས་གཏད་སོ་བྲལ་བའི་རིས་མེད་དེ། །
ལྟ་གྲུབ་གཏན་ཚུགས་མེད་པའི་རང་རྟགས་ཡིན། །
དེང་གི་གྲྭ་བཙུན་མང་པོ་ཞིག་གི་སྤྱོད་ལམ་དང་ཁ་ཕྱོགས། མི་རིགས་དང་ཆོས་ལུགས་ཀྱི་ལས་དོན་ཇི་ལྟར་བྱ་བཞིན་ཡོད་པའི་ལེགས་ཕྱོགས་དང་ཉེས་ཕྱོགས་རྣམས་ཕལ་ཆེ་བ་ཞིག་མང་ཚོགས་རྣམས་ཀྱིས་ཀྱང་རྒྱུན་དུ་མཐོང་ཐུབ་ཅིང་། གྲྭ་པ་གྲྭ་པའི་སར་བསྡད་དེ་མདོ་སྔགས་ཀྱི་གཞུང་ལ་ཐོས་པ་སློབ་གཉེར་དང་དེ་འབྲེལ་གྱི་སྒྲུབ་པ་ཉམས་ལེན་བྱ་རྒྱུའི་ལས་འགན་དེ་རྒྱང་རིང་དུ་དོར་ནས། ཉིན་མཚན་ཀུན་ཏུ་ཁ་པར་དང་གློག་ཀླད་སོགས་དེང་རབས་འཕྲུལ་ཆས་དང་གཏམ་འཆལ་གཟུགས་བརྙན་ལ་མགོ་འཁོར་ཞིང་། དྲ་ལམ་འདྲ་མིན་ཉུལ་ནས་དོན་མེད་ཀྱིས་དུས་ཚོད་འདའ་བཞིན་ལྟོ་བགྲང་ཉི་མས་དྲོས་སྐབས་སུ་དྲན་རྒྱུ་ཇེ་མང་ལ་སོང་སྟེ། ཆོས་བརྒྱུད་དང་ལུང་ཚན་གྱི་བར་དུ་ཆེད་མངགས་ཀྱིས་དཀྲུག་ཤིང་བྱེད་པ་དང་། དབྱེན་སྦྱོར་བྱེད་པ། འཆར་གཞི་ཡོད་པའི་ཐོག་ནས་གླེང་ཕྱོགས་བཟོ་བ་སོགས་མཐུན་སྒྲིལ་དང་རིས་མེད་ལ་ཧ་ཅང་གནོད་ཚབས་ཆེ་བ་སྐོར་ཞིག་གི་གནད་དོན་འགའ་ཞིག་ངོ་སྤྲོད་དང་། རང་དང་རང་འདྲ་བའི་དགེ་འདུན་པ་རྣམས་ཀྱིས་རྒྱུན་དུ་རང་སེམས་ལ་ཞུ་དག་བྱས་ཏེ་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ལེགས་ཕྱོགས་སུ་གཏོང་དགོས་པའི་བསྐུལ་མ་དང་། དེ་མཚུངས་སྐྱེ་བོ་ཕོ་མོ་རྣམས་ཀྱང་དོན་མེད་དཀྲོག་གཏམ་སྣ་ཚོགས་ཀྱི་རྗེས་སུ་འབྲང་སྟེ་ཆོས་སྤོང་གི་ཕྱོགས་སུ་གཏོགས་པའི་ལས་ངན་འདྲ་མིན་གསོག་པ་མ་བྱེད་རོགས་ཅེས་རེ་བསྐུལ་ཞུ་རྒྱུ་ཡིན།
༡ སྤྱིར་རྒྱལ་ཁབ་ཕན་ཚུན་དང་ཡུལ་ལུང་ཕན་ཚུན། ཆོས་བརྒྱུད་ཕན་ཚུན་སོགས་དང་པོ་ནས་ཕྱོགས་ཁག་སོ་སོར་བྱས་ཏེ་གྲུབ་ཟིན་པས་ཕྱོགས་སོ་སོའི་མིའི་བར་དུ་རང་གཞན་གྱི་ཕྱོགས་སོ་སོར་རིས་སུ་གཅོད་པའི་བསམ་བློ་ནི་རང་གི་ངང་གིས་ཡོད་པ་དང་། དེ་ལ་བརྟེན་ནས་ཆགས་སྡང་གིས་རིས་སུ་གཅོད་པའི་བློ་ཡང་ཕན་ཚུན་ཚང་མའི་བརྒྱུད་ལ་གཅིག་གྱུར་དུ་ཡོད་པས། འདི་ནི་ཧ་ལས་དགོས་པ་དང་ཧོན་འཐོར་དགོས་པའི་གནས་ཚུལ་གང་ཡང་མིན་ཏེ། སྤྱིར་འཛམ་གླིང་ས་སྒང་འདིའི་སྟེང་དུ་རྒྱལ་ཁབ་ཕན་ཚུན་དང་མི་རིགས་ཕན་ཚུན། ཆོས་ལུགས་ཕན་ཚུན་དང་ཚོགས་པ་ཕན་ཚུན། ཐ་ན་ཁྱིམ་ཚང་ཕན་ཚུན་བར་ཡང་ཞེན་ཕྱོགས་དང་རིས་སུ་གཅོད་པའི་ཆགས་སྡང་གི་བློ་ནི། དེ་དག་གི་གནས་ངན་ལེན་མངོན་པར་གསལ་མ་གསལ་ཙམ་ལས་ཆགས་སྡང་མ་སྤངས་པའི་སྐྱེ་འགྲོ་ཀུན་ལ་ཡོད་པ་ནི་རྒྱུན་ལྡན་ཞིག་ཡིན་པས་སོ། །མངོན་པར་གསལ་ན་རྙོག་འཛིང་གི་རང་བཞིན་དུ་གྱུར་པ་ཡིན། ཕྱོགས་དང་རིས་ཀྱིས་ཆོད་པའི་ས་མཚམས་དེ་ལས་བརྒལ་ཏེ་རང་འདོད་ཕྱོགས་ལྷུང་གི་དབང་གིས་འཛམ་གླིང་གི་འཁྲུག་ཆེན་ཐེངས་གཉིས་ལངས་ཟིན་པ་དང་། ད་སྔོན་གྱི་དམག་འཁྲུག་ཕལ་ཆེར་དེའི་དབང་གིས་ཡིན་པ་དང་། ཆོས་ལུགས་ཕན་ཚུན་དང་ཡུལ་ལུང་ཕན་ཚུན་ཚོགས་པ་ཕན་ཚུན། ཐ་ན་བཟའ་ཚང་ཕན་ཚུན་བར་གྱི་འཁྲུག་གཞི་ཡོངས་རྫོགས་དེའི་དབང་གིས་རེད་ཅེས་སྨྲ་ཆོག་པ་ཡིན།
༢ སྤྱིར་ཆོས་ལུགས་རིས་མེད་ཅེས་པའི་ཚིག་འདི་ཧ་ཅང་གི་གོ་བ་གཏིང་ཟབ་པོ་ལེན་རྒྱུ་ཡོད་པ་དང་། གོ་དོན་ལྟར་ཉམས་སུ་བླངས་ན་ཆེས་ཤིན་ཏུ་གཟི་བརྗིད་ལྡན་པ་ཞིག་ཀྱང་ཡིན་མོད། འདིའི་གོ་བ་ལོན་མཁན་ཕལ་ཆེར་དཀོན་པོ་ཡིན། གོ་བ་མ་ལོན་པ་དང་། བསམ་བཞིན་དུ་ཚིག་འདི་བེད་སྤྱོད་ལོག་པར་གཏོང་མཁན་ཤིན་ཏུ་མང་། དེས་ན། ཆོས་ལུགས་གང་ཞིག་ལ་རིས་མེད་བྱེད་པའི་གང་ཟག་གི་དོན་ནི། ཆོས་ལུགས་གང་ཞིག་ལ་དད་མི་དད་ཇི་ལྟར་ཡང་། དེ་ལ་དགག་ཕྱོགས་ནས་རང་གཞན་གྱི་ཕྱོགས་དང་རིས་སུ་གཅོད་པའི་ཆགས་སྡང་རགས་པ་དོར་ཞིང་། སྒྲུབ་ཕྱོགས་ནས་ཆོས་ལུགས་དེ་ལ་སེམས་གཏིང་ནས་བརྩི་བཀུར་དང་གུས་ཞབས་བྱེད་ཐུབ་པའི་གང་ཟག་ཅིག་ལ་གོ་དགོས། དེ་དང་ཆོས་ལུགས་མཐུན་སྒྲིལ་ཞེས་པ་གཉིས་ཅུང་ཟད་མི་འདྲ་བ་སྟེ། ཆོས་ལུགས་རིས་མེད་ཡིན་པའི་སྟེང་དུ་ཆོས་ལུགས་ཕན་ཚུན་བར་དུ་ལས་དོན་དང་དམིགས་ཡུལ་འགའ་ཞིག་གི་དོན་དུ་ཁ་འཆམ་གྲོས་མཐུན་གྱི་ཐོག་ནས་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱི་མཉམ་འབྲེལ་གྱི་བྱ་བ་སྒྲུབ་པ་ཞིག་ལ་གོ་དགོས་པ་ཡིན། དེས་ན་ཆོས་ལུགས་རིས་མེད་ཡིན་ན་ཆོས་ལུགས་མཐུན་སྒྲིལ་བྱེད་དགོས་པའི་ངེས་པ་མེད་དོ། །ཆོས་ལུགས་རིས་མེད་བྱེད་པའི་གང་ཟག་གི་དོན་དེས་ལུང་ཚན་རིས་མེད་བྱེད་པ་སོགས་ལ་ཡང་མཚོན་ཆོག་པ་ཡིན།
༣ སྔོན་ཆད་བོད་ཀྱི་མཁས་པའི་ནང་དུ་ཆོས་བརྒྱུད་རིས་མེད་བྱེད་ལུགས་གཉིས་ཡོད་པར་གསུངས་ཚུལ་ཡོད། དེ་ཡང་གོང་ས་ལྔ་པ་ཆེན་པོ་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལྟ་བུ་རིས་སུ་མ་མཆིས་པའི་ཆོས་བརྒྱུད་སོ་སོའི་གཞུང་ལ་སློབ་སྦྱོང་དང་ཉམས་བཞེས་བྱས་ཤིང་། ཆོས་བརྒྱུད་གཞན་ལ་དག་སྣང་སྦྱོང་བ་ཙམ་དུ་མ་ཟད་ཤེས་ནས་དད་པ་ཐོབ་པ་བྱས་ཏེ་ཆོས་བརྒྱུད་རིས་མེད་བྱེད་ལུགས་ཤིག་དང་། རིས་མེད་པའི་རྒྱལ་བ་ཞྭ་སེར་མོ་བ་ཞེས་མཚན་བཏགས་པའི་རྒྱལ་མཆོག་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་ལྟ་བུ་རང་གིས་རི་བོ་དགེ་ལྡན་པའི་གཞུང་ལ་སློབ་གཉེར་ཐོས་བསམ་དང་སྒོམ་སྒྲུབ་ཉམས་བཞེས་གཙོ་བོར་མཛད་དེ་ཆོས་བརྒྱུད་གཞན་དང་གཞན་ལ་དད་པ་དག་སྣང་གནང་བཞིན་ཆོས་ལུགས་རིས་མེད་བྱེད་ལུགས་ཤིག་བཅས་གཉིས་སུ་ཡོད་ཅེས་གསུང་རྒྱུན་དུ་ཡོད་པ་དོན་ལ་གནས་ཡོད། ཁོང་རྣམ་པས་ཆོས་ལུགས་རིས་མེད་གནང་བ་དེ་བོད་བརྒྱུད་ནང་བསྟན་ནང་ཕན་ཚུན་ཁོ་ན་ལ་ཆོས་ལུགས་རིས་མེད་གནང་ལུགས་ཤིག་ཡིན་པར་ངེས། དེ་མིན་ཡེ་ཤུ་དང་ཧིན་དུ་སོགས་སྟོན་པ་མི་གཅིག་པའི་ཆོས་བརྒྱུད་གཞན་ལ་ཕན་ཚུན་རིས་མེད་བྱེད་པ་ལ་དད་པ་བྱེད་དགོས་པ་གཏན་ནས་མེད་པ་ཡིན། འོན་ཀྱང་བླ་མ་ཐམས་ཅད་མཁྱེན་པས། དེ་དག་ལ་ཡང་ཆོས་བརྒྱུད་སོ་སོའི་རྗེས་འབྲང་གི་མི་གྲངས་དུང་ཕྱུང་མང་པོའི་འདོད་འདུན་དང་རེ་བ་སྐོང་གི་ཡོད་པས་བརྩི་བཀུར་གུས་ཞབས་མཐུན་སྒྲིལ་བཅས་བྱེད་དགོས་པར་ཡང་ཡང་གསུངས་པ་ནི་འཛམ་གླིང་ཞི་བདེ་དང་རྒྱལ་ཁམས་བདེ་འཇགས་ཀྱི་རླབས་ཆེན་གྱི་དགོངས་བཞེད་འགྲན་ཟླ་བྲལ་བ་ཞིག་གོ། །
༤ འགའ་ཞིག་གིས། ཆོས་བརྒྱུད་རིས་མེད་བྱེད་པ་ལ་ཆོས་ལུགས་སོ་སོའི་མི་སྣ་མཉམ་འཛོམས་དགོས་པ་ལྟ་བུ་དང་། ལྟ་གྲུབ་ཀྱི་ཐོག་ནས་མཐུན་དགོས་པ་ལྟ་བུ་བཤད་དེ་ལྟ་བའི་སྒོ་ནས་འདྲ་འདྲ་འགྲིག་འགྲིག་དེ་འདྲ་ཨེ་རག་ལྟ་མཁན་ཤིན་ཏུ་མང་། དེ་དག་གིས་དོན་དངོས་སུ་ཆོས་ལུགས་རིས་མེད་ཀྱི་དོན་ལེགས་པོ་ཞིག་གོ་མེད་པར་སྣང་། ཆོས་བརྒྱུད་རིས་མེད་བྱེད་པ་ལ་དེ་དག་གི་མི་སྣ་མཉམ་འཛོམས་དགོས་ཚེ་མི་གཅིག་གིས་ཆོས་བརྒྱུད་རིས་མེད་བྱ་རྒྱུ་མེད་པར་ཐལ་བས་དེ་ལྟར་མི་འཐད་དེ། ཆོས་བརྒྱུད་སོ་སོའི་ནང་དུ་རིས་མེད་གནང་མཁན་གྱི་ཚད་ལྡན་གྱི་སྐྱེས་བུ་མང་པོ་བྱོན་པའི་ལོ་རྒྱུས་ཡོད་པ་དེ་དག་མི་སྣ་མང་པོ་ཞིག་མཉམ་འཛོམས་བྱས་བསྡད་པ་ག་ལ་ཡིན། གཉིས་ནས་ལྟ་བའི་ཐོག་ནས་མཐུན་དགོས་ཚེ་ཆོས་ལུགས་རིས་མེད་ཅིག་ཡོང་ཁག་པོ་ལྟ་བུ་རེད། དཔེར་ན། ནང་པ་དང་ཡེ་ཤུ། ནང་པ་དང་ཁ་ཆེ་སོགས་འཇིག་རྟེན་བཀོད་པ་པོ་དང་ལས་འབྲས་ཁས་ལེན་མིན་སོགས་གཞི་རྩའི་ལྟ་བའི་སྒོ་ནས་མཐུན་ཐབས་གཏན་ནས་མེད་ཀྱང་ཆོས་ལུགས་རིས་མེད་བྱེད་ཆོག་པ་ཡིན་ལ་བྱེད་མཁན་ཡང་ཡོད་པར་ཐོས། རྒྱ་གར་གྱི་ནང་པའི་གྲུབ་མཐའ་སྨྲ་བ་བཞི་པོ་ལྟ་བའི་སྒོ་ནས་ཁྱད་པར་འབྱེད་པ་ཡིན་པས་གཞི་རྩའི་ལྟ་བའི་སྒོ་ནས་གཅིག་མཐུན་ཞིག་མིན་ཡང་དེ་དག་ལ་རིས་མེད་ཤིན་ཏུ་ནས་བྱེད་ཆོག་སྟེ། གྲུབ་མཐའ་འོག་མ་འོག་མའི་ལྟ་གྲུབ་གོང་མ་གོང་མའི་འབབ་སྟེགས་ཡིན་པ་སོགས་གྲུབ་མཐའ་སོ་སོ་བྱེས་པ་ལ་དགོས་པ་ཆེན་པོ་ཡོད་ཅིང་། སྤྱིར་ནང་བསྟན་ཆོས་ལུགས་འདི་ལ་ལྟ་གྲུབ་ཀྱི་འདོད་ཚུལ་དང་འགྲེལ་བཤད་སྣ་ཚོགས་བྱེད་ཆོག་པ་འདི་ཡང་གཞི་རྐང་ནས་རྣམ་དཔྱོད་གཙོ་བོར་བྱས་ཏེ་བསམ་ཚུལ་འདོན་ཆོག་པ་དང་། སྒེར་གཅོད་ཀྱི་རང་བཞིན་མ་ཡིན་པར་མཚོན་པས་ཧ་ཅང་གི་གཟི་བརྗིད་ཅིག་རེད། ཡིན་ནའང་སྔོན་ཆད་རྒྱ་གར་དང་ཤྲི་ལངྐའི་ཐེག་དམན་པ་དག་གིས་ཐེག་ཆེན་གྱི་གྲུབ་མཐའ་ལ་ལྟ་ཚུལ་ཤིན་ཏུ་བཙོག་པ་མ་ཟད་ནང་བསྟན་གྱི་དགྲ་བོ་ལྟ་བུར་རྩི་མཁན་ཡང་ཡོད་པར་ཐོས། སྔོན་ཆད་བོད་ཀྱི་དགེ་སློང་དག་ཤྲི་ལངྐ་སོགས་ཀྱི་ཆོས་ལུགས་ཀྱིས་གསོ་སྦྱོང་འཚོགས་པ་སོགས་ལ་ཡང་ཞུགས་མི་བཅུག་པ་ལན་མང་བྱུང་ཡོད་མོད། དེང་སྐབས་འབྲེལ་བ་ཇེ་ལེགས་སུ་འགྲོ་བཞིན་པ་རེད།
༥ དེ་བཞིན་དུ་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞི་ཡང་གཙོ་བོ་ལྟ་བའི་སྒོ་ནས་ཆོས་བརྒྱུད་སོ་སོ་རུ་གྲུབ་པ་ཡིན་ཞིང་རྩ་བ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་གཞི་མར་བྱས་ཀྱང་ལྟ་བའི་འདོད་ཚུལ་དང་བཤད་ཚུལ་ལ་ཁྱད་པར་ཆེན་པོ་ཡོད་པས་དེ་དག་གཅིག་ཏུ་སྒྲུབ་པ་ཁག་པོ་ཡིན། ཕྱོགས་འགའ་རེ་མཐུན་པ་ནི་ཕྱི་ནང་ཀྱི་ཆོས་ལུགས་ཀུན་ལ་ཡོད་པས་དེ་ཙམ་རེས་ལྟ་གྲུབ་མཐུན་པར་འཇོག་མི་ཐུབ། དེེས་ན་ཆོས་ལུགས་དང་ཆོས་བརྒྱུད་ཕན་ཚུན་རིས་མེད་བྱེད་པ་ལ་ལྟ་བ་དང་སྤྱོད་པ་ཐམས་ཅད་ནས་གཅིག་པ་ཡིན་ཟེར་ག་ལ་དགོས། འགའ་ཞིག་གིས་དགོངས་པ་གཅིག་ཏུ་བབ་པ་ཡིན་ཟེར་ནས་ལུང་འདྲེན་རེ་ཡང་བྱེད་སྲིད་མོད། དེ་ནི་ལུང་དོན་མ་གོ་བ་སྟེ། ཆོས་བརྒྱུད་དེ་དག་ལྟ་བ་གཅིག་མ་ཡིན་པའི་རྒྱུ་མཚན་གྱིས་དགོངས་པ་གཅིག་ཏུ་བབ་ཅེས་གསུངས་པ་ཡིན་པས། དགོངས་པ་གཅིག་ཏུ་འབབ་ཚུལ་ཡང་གྲུབ་དོན་དངོས་དེ་ཚེ་འདིའི་སྣང་ཤས་དང་ཕྱི་མའི་སྣང་ཤས་ལྡོག་ཐབས་དང༌། ཐམས་ཅད་ཀྱང་ཐེག་པ་ཆེན་པོའི་ལམ་དུ་གཅིག་གྱུར་ཡིན་པ་དང་། མཐར་ཐུག་རྣམ་མཁྱེན་རྒྱལ་བའི་གོ་འཕང་སྒྲུབ་ཐབས་གཅིག་གྱུར་ཡིན་པས་དགོངས་པ་གཅིག་ཏུ་བབ་ཅེས་བཤད་ནུས་པས་སོ། །དཔེེར་ན། བཀའ་འཁོར་ལོ་རིམ་པ་གསུམ་ཡང་དགོངས་པ་གཅིག་ཏུ་བབ་ཆོག་མོད། རིམ་པ་སོ་སོའི་སྐབས་ནས་གསུངས་པའི་ལྟ་སྤྱོད་ལ་ཁྱད་པར་ཆེན་པོ་ཡོད་པ་ཡིན། འདི་དག་གཞུང་ལུགས་དང་སྦྱར་ནས་ཞིབ་ཏུ་བཤད་པར་བྱ་བ་ཡོད་ཀྱང་ཧ་ཅང་མང་བར་འགྱུར་བས་མི་སྤྲོའོ། །
༦ དེ་ལས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་དག་ནི་རང་གི་མེས་པོ་ཚོས་ལོ་ངོ་སྟོང་ཕྲག་གི་རིང་ལ་འཛིན་སྐྱོང་སྤེལ་གསུམ་བྱས་ནས་ཡོང་བར་མཚུངས་པ་དང་། སྟོན་པ་གཅིག་གི་རྗེས་འཇུག་ཡིན་མིན་ཇི་ལྟར་ཡང་། དེང་སྐབས་བོད་ཀྱི་ཆོས་ལུགས་ཐམས་ཅད་བདེན་པ་བཞིའི་རྨང་གཞིར་བྱས་ཤིང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་རྩལ་འདོན་བྱེད་པའི་གཞན་ཕན་སྙིང་པོ་ཅན་ཡིན་པ་དང་། ཆོས་བརྒྱུད་སོ་སོའི་རྗེས་འབྲང་གི་སེར་སྐྱ་མང་ཚོགས་བགྲང་ལས་འདས་པའི་སྙིང་ཁོང་གི་དད་པའི་རྟེན་དུ་གྱུར་པ་སོགས་ལས་ཕན་ཚུན་གུས་ཞབས་དང་དགའ་བ་དད་འདུན་སོགས་བྱེད་ཐུབ་ལ། དེ་ཙམ་གྱིས་རིས་སུ་གཅོད་པའི་ཆགས་སྡང་རགས་པ་ཞི་འགྲོ་བས་རིས་མེད་ཀྱི་དགོས་པ་ཡོངས་སུ་གྲུབ་པ་ཡིན་པས་ཕན་ཚུན་རིས་མེད་བྱེད་པའི་གཞི་རྩ་ཆེན་པོ་ཡོད་ལ་བྱེད་ཀྱང་ཐུབ། གནས་ལུགས་འདི་ལྟར་བསམ་བཞིན་སེམས་གཏིང་ནས་རིས་མེད་ཅིག་བྱེད་ཐུབ་ཚེ་ཕྱོགས་ཡོངས་ལ་ཕན་ཐོགས་ཆེན་པོ་ཡོད་ལ་ཡི་རང་དང་དགའ་བསུ་ཚད་མེད་ཞུ་འོས་པ་ཡིན། འོན་ཀྱང་རིས་མེད་ཀྱི་མིང་ཁུར་སྟེ་རང་འདོད་ཁོ་ན་སྒྲུབ་མཁན་ཤིན་ཏུ་མང་བས་དེ་དག་གི་རྒྱབ་ལྗོངས་དང་བྱ་བ་ལ་གཟབ་དགོས་ས་ཡང་མང་ངོ་། །
༧ དེང་སྐབས་བོད་ཀྱི་ནང་དུ་ཆོས་ལུགས་རིས་མེད་ཀྱི་འགལ་རྐྱེན་ཆེ་ཤོས་བཞི་ཡོང་བཞིན་ཡོད། དང་པོ། ལྟ་གྲུབ་ཀྱི་ཐོག་ནས་ཅི་ཡང་མི་ཤེས་པར་རྣམ་པར་དག་མ་དག་གི་བཤད་ཡམས་སྣ་ཚོགས་བྱེད་པ། དེ་ལ་ཁག་ཅིག་གིས། ཆོས་ལུགས་གཞན་དང་གཞན་གྱི་ལྟ་གྲུབ་ལ་ཚད་ལྡན་གྱི་སློབ་སྦྱོང་དང་ཉམས་མྱོང་གང་ཡང་མེད་པར་རང་དགར་ངག་སྒྲོས་ཐན་ཐུན་རེ་ལ་བརྟེན་ནས་རྣམ་པར་དག་མ་དག་གི་སྐད་ཆ་མང་པོ་ཞིག་ཅི་ཡང་མི་ཤེས་པའི་རྒྱ་བོད་དབྱིན་གསུམ་གྱི་མང་ཚོགས་ཚོའི་རྣ་ལམ་དུ་བསྒྲགས་པ་ནི་མང་ཚོགས་ཀྱི་ནང་དུ་ཆོས་བརྒྱུད་རིས་བཅས་ཀྱི་ལྟ་བ་སྐྱེ་བའི་རྒྱུ་རྐྱེན་ཆེན་པོ་ཞིག་དང་། བོད་རིགས་ནང་ཁུལ་གྱི་སྔོ་ལོའི་རྒྱལ་མཚན་ཕྱིར་འཕྱར་བ་ཞིག་ཀྱང་རེད། ལྟ་བའི་སྐོར་ནས་སློབ་སྦྱོང་དང་ཉམས་ལེན་གཞུང་ལུགས་ཀྱི་རྒྱབ་རྟེན་ཕུན་སུམ་ཚོགས་པ་ཡོད་ཚེ་མི་ཤེས་པ་ཚོའི་མདུན་ནས་ལྟ་བ་ལ་བསྟོད་བསྔགས་བྱེད་པ་ཙམ་མ་ཡིན་པར་གཞུང་ལུགས་དང་ལྟ་གྲུབ་ལ་མཁས་པའི་དབང་པོ་གདན་འཛོམས་པའི་མདུན་སར་བརྒལ་རྟགས་རིགས་ལམ་གྱིས་གཏན་ལ་ཕོབ་དང་། རང་གི་ལྟ་གྲུབ་ཀྱི་གཟི་བརྗིད་ཅིག་རེད་ལ། མཁས་པ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་ངེས་ཤིང་། བོད་ཀྱི་ནང་བསྟན་ལྟ་གྲུབ་ཀྱི་རིག་པའི་གཞུང་ལུགས་ཤིག་འཛིན་སྐྱོང་སྤེལ་གསུམ་བྱས་པ་ཞིག་ཀྱང་རེད།
༨ ལྟ་གྲུབ་ཀྱི་སྐོར་ལ་རྒྱ་བོད་མཁས་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་དང་། སློབ་སྦྱོང་གི་ཉམས་མྱོང་མེད་པར་འདི་ཡིན་དེ་མིན་གྱི་ཁ་ཚོན་གཅོད་སྔ་བྱེད་པ་ནི་ཆོས་བརྒྱུད་ཕན་ཚུན་ཕྱོགས་རིས་བྱེད་པའི་གཞི་གཅིག་རེད། དེས་ཆོས་བརྒྱུད་སོ་སོའི་ལྟ་གྲུབ་གོང་འཕེལ་ལ་ཕན་པ་ཅུང་ཟད་ཀྱང་མེད་པ་མ་ཟད་ཆོས་བརྒྱུད་གཞན་གྱི་མཁས་པས་མཐོང་ན་ཐུགས་ཁྲེལ་བའི་གཞི་རུ་འགྲོ་ཞིང་། ལྟ་བ་ལ་ལོག་བཤད་བྱས་པས་ཆོས་བརྒྱུད་སོ་སོའི་ལྟ་གྲུབ་ཀྱི་སྒྲོམ་གཞི་ལ་གནོད་པ་ཆེན་པོ་ཡོད་པ་ཡིན། དེང་སྐབས་རང་རང་གི་ལྟ་བ་དེ་མཆོག་གྱུར་ཡིན་རབས་དང་གཞན་ལས་ཁྱད་འཕགས་ཡིན་རབས་མ་གཏོགས་དོན་དངོས་སུ་ལྟ་བའི་སྐོར་ལ་སློབ་སྦྱོང་དང་ཞིབ་འཇུག་ལེགས་པོ་མི་བྱེད་ཅིང་། ཆོས་བརྒྱུད་གཞན་གྱི་ལྟ་བའི་སྐོར་ལ་ཁུངས་མེད་ཀྱི་བཤད་ཡམས་སྣ་ཚོགས་བྱེད་པ་འདི་ཆོས་བརྒྱུད་སོ་སོའི་བླ་གྲྭ་མང་པོ་ཞིག་གི་འགོས་ནད་སྡུག་ཤོས་ཞིག་རེད། མདོར་ན། རང་རང་གི་ལྟ་གྲུབ་ལ་བསྟོད་བསྔགས་དང་གོང་བཀུར་བྱེད་པ་ལ་མཁས་པ་ཙམ་མ་གཏོགས་ལྟ་བའི་སྐོར་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་ཤིང་སྒྲོ་འདོགས་ཆོད་པའི་མཐའ་བྲལ་གྱི་རང་ལུགས་སྐྱོང་ཐུབ་མཁན་ཤིན་ཏུ་དཀོན། གྲྭ་བཙུན་ཚོས་རང་བློ་རང་ལ་ལྐོག་གྱུར་མིན་པས་ཁ་ནང་དུ་བསྐོར་ཏེ་རང་རང་གིས་ལྟ་གྲུབ་སྐྱོང་ལུགས་ལ་ཐུགས་བསམ་རེ་བཞེས་དགོས་པར་སེམས།
༩ གཉིས་པ་དགོན་སྡེ་གཞན་གྱི་ནང་དུ་སིམ་འཛུལ་བྱེད་པ། དེང་སྐབས་བླ་གྲྭ་ཁག་ཅིག་རང་རང་གི་ཆོས་ཀྱི་སློབ་སྦྱོང་དང་ཁ་ཐོན་དགེ་སྦྱོར། དགོན་པའི་བདག་གཉེར་སོགས་འཕྲེད་ལ་གཡུག་སྟེ་ཆོས་བརྒྱུད་གཞན་གྱི་དགོན་སྡེ་སྣ་ཚོགས་ཀྱི་ནང་དུ་སིམ་འཛུལ་བྱས་ནས། དང་པོར་ཧ་ཅང་གི་ཕན་སེམས་ཡོད་པའི་ཟོལ་གྱིས་རོགས་སྐྱོར་བྱེད་པ་ལྟ་བུ་དང་། ཡུན་ཙམ་རེ་སོང་རྗེས་རང་གི་ཆོས་བརྒྱུད་ཀྱིས་དབང་བསྒྱུར་བྱ་ཆེད་ཆོ་ག་ཆོས་སྤྱོད་དང་སྐུ་འདྲ་དང་ཐང་ག་ཐ་ན་སྐུ་པར་ཚུན་ཆད་ཆོས་བརྒྱུད་གཞན་ཞིག་གི་ལྷ་ཆོས་རྟེན་གསུམ་ཁྲོད་གཡོ་ཐབས་ཀྱིས་བཙན་བཞག་བྱས་ཏེ་དགོན་པའི་ཆོས་བརྒྱུད་གཞན་དུ་བསྒྱུར་བ་ནི་ཆོས་བརྒྱུད་ཕྱོགས་རིས་ཡོང་བའི་གཞི་རྐྱེན་ཆེ་ཤོས་ཡིན་པར་ཚང་མས་མཐུན་སྣང་དུ་གྲུབ་ཡོད། ང་ཚོ་ཚང་མས་ཆོས་བརྒྱུད་གཞན་དང་མཉམ་འབྲེལ་དང་མཐུན་སྒྲིལ་ཅི་ལྟར་བྱས་ཀྱང་ཆོས་བརྒྱུད་དགོན་པ་དེའི་ཆོ་ག་ཆོས་སྤྱོད་དང་སྔོན་མའི་ལམ་ལུགས་ཕལ་ཆེ་བར་བརྩི་བཀུར་དང་། སྤྱིའི་འགྲོ་ལུགས་དང་མི་མཐུན་པ་དེ་འདྲ་ཡོད་ཀྱང་དགོན་སྡེ་དེའི་སོ་སོའི་སྔར་སྲོལ་ལ་བརྩི་བཀུར་བྱེད་དགོས་པ་དང་། ལྷག་པར་ལམ་ལུགས་དེ་བསྒྱུར་བ་ལས་དགོན་སྡེ་དེར་འཁྲུག་གཞི་དང་གནོད་པ་ལས་ཕན་པ་ཆེན་པོ་མི་ཡོང་བ་དག་ལ་ཨུ་ཚུགས་བྱ་རྒྱུ་གཏན་ནས་མེད། རང་དགར་བཞག་ན་བཀྲ་ཤིས་ཤིང་དགེ་བ་ཡིན། མདོར་ན། དེང་སྐབས་སུ་དགོན་སྡེ་ཐམས་ཅད་ཆོས་བརྒྱུད་གང་གི་ཁོངས་གཏོགས་ཡིན་པ་གཏན་ཁེལ་ཡོད་པས་ཕན་ཚུན་སིམ་འཛུལ་བྱས་ཏེ་ཆོས་བརྒྱུད་བཅོས་སྒྱུར་དང་། མངའ་འབངས་ལ་དབང་སྒྱུར་སོགས་བྱེད་པ་ནི་ཆོས་ལུགས་འཐེན་ཁྱེར་གྱི་ཡོང་རྐྱེན་ཚབས་ཆེ་ཤོས་ཤིག་ཏུ་གྱུར་ཡོད་ཅེས་པ་དེ་ཡིན།
༡༠ གསུམ་པ་ཆོས་བརྒྱུད་ཕན་ཚུན་དབར་དཀྲུག་ཤིང་དུ་གྱུར་པའི་བྱ་སྤྱོད་སྤེལ་བ། དཔེར་མཚོན་ན་ཉེ་ཆར་གླེང་སྟེགས་ཤིག་གི་སྟེང་དུ་སེར་ཤུལ་གྱི་གྲྭ་ཚུལ་ཁྲིམས་དྲི་མེད་ཅེས་པས་བྲིས་ཟེར་བའི་ཡིག་ཉོག་ཅིག་བཀོད་པ་དེ་ལྟ་བུ་ནི་སེར་ཤུལ་ལ་དེ་འདྲའི་མིང་ཅན་ཞིག་རྩ་ནས་མེད་པས་རྩོམ་པ་པོའི་མིང་རྫུན་བཟོ་བྱས་ཏེ། དོན་དུ་ཆོས་བརྒྱུད་ཕན་ཚུན་བར་དཀྲུག་ཤིང་གི་ཚིག་སྣ་ཚོགས་ཡོད་པ་འདི་ལྟ་བུ་གླེང་སྟེགས་གཉེར་མཁན་གྱི་ཕྱོགས་ལ་དགོས་མཁོ་འདྲ་ཡོད་ན་མ་གཏོགས་སྤྱི་སྒེར་སུ་ལ་ཡང་ཕན་ཐོགས་གཏན་ནས་མེད་པ་ཞིག་རེད། སྤྱིར་དྲང་བདེན་ཅན་ཞིག་གིས་དེ་འདྲ་ཞིག་གཏན་ནས་འབྲི་མི་སྲིད། བསམ་བློ་ལེགས་པོ་ཞིག་ཐོངས་དང་དེ་འདྲ་སྤེལ་ཏེ་རང་གཞན་གང་རུང་ལ་ཕན་ཐོགས་འདུག་གམ་གནོད་སྐྱོན་འདུག་ལེགས་པར་བརྟག་དགོས་པར་སེམས། དེ་བཞིན་དུ་ཆོས་བརྒྱུད་སོ་སོའི་མི་སྣ་མིན་བཞིན་དུ་ཡིན་མདོག་བྱས་ཏེ་ཆེད་དུ་ཕན་ཚུན་དཀྲུག་ཤིང་སློང་མཁན་འགའ་ཞིག་ཀྱང་ཡོང་བཞིན་པ་ཧ་ཅང་ཐབས་སྡུག་པའི་ལྐོག་གཡོ་ངན་ཇུས་ཤིག་རེད་ལ། རང་གི་མཁན་བླ་དགེ་རྒན་སོགས་ལ་མཚན་ཤས་ཆེན་པོ་བཟོས་པ་ཡིན་པས་ཚང་མས་ཐུགས་བསམ་རེ་བཞེས་པའི་རེ་བ་ཡོད།
༡༡ བཞི་པ་རིས་བཅད་ཀྱིས་རང་བསྟོད་གཞན་སྨོད་བྱེད་དྲག་པ། དེང་སྐབས་ལས་མེད་ཀྱི་གྲྭ་པ་ཁོམ་པོ་ལྟོ་བགྲང་ཉིན་མོས་དྲོས་ཏེ་ཅི་བྱེད་འདི་བྱེད་མེད་པ་ལྟ་བུ་འགའ་ཞིག་གིས། རང་གིས་བླ་མ་དང་ཆོས་བརྒྱུད་དང་ལྟ་གྲུབ་སོགས་ལ་བསྟོད་པས་ནམ་མཁར་གང་བ་དང་། གཞན་གྱི་ཆོས་བརྒྱུད་དང་ལྟ་གྲུབ་སོགས་ལ་སྨད་པས་དོང་དུ་གཡུག་སྟེ། འཇིག་རྟེན་གྱི་དཔེ་ཞིག་ལ། བསྟོད་ན་ཨ་སྔོན་གནམ་གྱི་དཀྱིལ། སྨད་ན་དོག་མོ་ས་ཡི་གཏིང་། ཞེས་པ་ལྟར་བྱེད། གཞན་གྱིས་རང་ཕྱོགས་ཀྱི་སྣོད་བཅུད་གང་ལ་འགྲིག་མི་འགྲིག་གི་ཚིག་ཟུར་རེར་ཡང་མི་བཟོད་པའི་སྨྲེ་སྔགས་ཉིན་མཚན་ཀུན་ཏུ་འདོན་ཏེ་ཕན་ཚུན་ལོག་བཤད་དང་མི་གཞི་ལ་དམའ་འབེབས་ཀྱི་འབར་ཤ་སྣ་ཚོགས་བྱེད་པ་དག་ནི། ང་ཚོའི་རྒྱུན་དུ་དྲ་ཐོག་ནས་མཐོང་ཐོས་སུ་ཡོད་པ་འདི་དག་རེད། དོན་སྙིང་སུ་ཞིག་གིས་མི་རིགས་ཀྱི་མཐུན་ལམ་ལ་གཏོར་བཤིག་བྱེད་བཞིན་ཡོད་པ་དང་། ཆོས་བརྒྱུད་བར་དུ་དཀྲུག་ཤིང་བྱེད་བཞིན་ཡོད་པ། གཞིས་བྱེས་བར་དུ་འཐབ་འཁྲུགས་སློང་གི་ཡོད་པ་སོགས་གསལ་པོར་ཤེས་ནུས་ཏེ། དྲ་ཐོག་ནས་རྒྱུན་དུ་གཟིགས་དང་། རང་བསྟོད་གཞན་སྨོད། ཆོས་བརྒྱུད་སོ་སོའི་བར་དུ་རྫུན་བཟོའི་དཀྲུག་ཤིང་། ངན་སྨྲས་སྐྱོན་བརྗོད་བྱེད་མཁན་རྣམས་ཆོས་བརྒྱུད་དང་དགོན་པ་གང་གི་ནང་དུ་ཡོད་པ་དང་། སེར་སྐྱ་སུའི་ནང་དུ་ཡོད་པ་སོགས་སྡོམ་ཚིག་རྒྱག་པ་ལས་སླ་བོ་ཞིག་རེད་ལ། སུ་ཞིག་གི་དགའ་ཕྱོགས་དང་སྡང་ཕྱོགས་སོགས་ཀྱང་བདེ་བླག་ངང་རྟོགས་ཐུབ་པ་ཞིག་རེད། ལྷག་པར་དུ་ཆོས་བརྒྱུད་སོ་སོའི་ནང་གི་གྲྭ་ལོག་ཁག་ཅིག་གིས་ཆོས་བརྒྱུད་ཀྱི་ཞེན་ཕྱོགས་བྱས་ཏེ་སྐབས་འགར་ཆོས་བརྒྱུད་ཁག་གི་གྲྭ་པའི་ཀུན་སྤྱོད་ཀྱི་ཆ་ནས་ནང་ཉམས་ཕྱིར་བསྒྲགས་བྱས་ཏེ་ཁྱིམ་པ་སུན་འབྱིན་བྱེད་ཀྱིན་ཡོད་པ་ལྟ་བུ་དང་། ལྟ་གྲུབ་ཀྱི་རྩོད་པ་བྱས་ཏེ་ལེགས་ཉེས་འབྱེད་པའི་ཁུལ་གྱིས་རང་བསྟོད་གཞན་སྨོད་བྱེད་ཀྱིན་ཡོད་པ་ལྟ་བུ། དགོན་པའི་འགྲོ་ལུགས་དང་བླ་མ་གྲྭ་པའི་ལས་ཀའི་ལམ་ཕྱོགས་ལ་ཐེ་ཇུས་བྱས་ཏེ་གཏམ་འཆལ་སྣ་ཚོགས་སྤེལ་བ་ནི་མི་དགོས་པའི་ཇུས་མེད་ཇུས་གཏོགས་རྙོག་གྲའི་རང་བཞིན་ཞིག་ལས་མ་འདས་པར་སེམས། འོན་ཀྱང་ཆོས་བརྒྱུད་དང་དགོན་པ་སོ་སོའི་འགན་ཁུར་ཡོད་པའི་བླ་སྤྲུལ་འགའ་ཞིག་གྲྭ་པ་མིན་ཀྱང་བསྟན་པ་ལ་རླབས་ཆེ་བའི་མཛད་རྗེས་ཅན་གང་མང་ཡོད་པ་དེ་དག་ལ་ཡི་རང་ཞུ་བ་ལས་གཞན་ཅི་ཡང་མེད་དོ། །
༡༢ བོད་ཀྱི་ཆོས་བརྒྱུད་སོ་སོའི་བླ་སྤྲུལ་གྲྭ་བཙུན་སུ་ཞིག་ཡིན་ཡང་ཆོས་བརྒྱུད་དེའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་འགན་འཁྲི་ཡོད་ཅིང། སེར་སྐྱ་སུ་ཞིག་ཡིན་ཡང་ཆོ་ག་ཆོས་སྤྱོད་གཞུང་ཆེན་སློབ་གཉེར་གང་བྱ་འདོད་པ་དེ་སྦྱོར་དངོས་མཇུག་གསུམ་ཚང་ཞིང་སྤུས་ཀ་ལེགས་པོ་བྱ་དགོས་པ་ནི་སྤྱིའི་འགྲོ་ལུགས་ཤིག་རེད། རང་གིས་བྱ་བྱེད་དང་མཚུངས་པར་མི་གཞན་གྱིས་དེ་འདྲ་བྱེད་ཀྱི་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག དེ་ལྟར་མ་བྱས་པ་ལ་བསྙད་འཚོལ་སྐྱོན་འདོགས་སོགས་བྱེད་པ་ནི་རང་སེམས་ཆགས་སྡང་གིས་ནོན་ཏེ་སྤྱི་ཚོགས་ནང་དུ་དོན་མེད་ཀྱི་རྙོག་གླེང་བཟོ་བ་དང་། རང་གི་ཁྲག་ཤེད་ཇེ་མཐོར་བཏང་ཞིང་སྙིང་ནད་འཕར་བྱེད་ཙམ་ཞིག་ཡིན། ནང་པའི་གཞུང་གི་དགོངས་པ་ལྟར་སྐྱེ་འགྲོ་སུ་ཞིག་རང་མོས་ཀྱིས་ཆོས་ལུགས་གང་ལ་ཞུགས་པ་དང་། དགེ་ཚུལ་སློང་སོགས་ཀྱི་སྡོམ་པ་ཅི་ཞིག་ལེན་མི་ལེན། ཆོ་ག་ཆོས་སྤྱོད་ཅི་འདྲ་ཞིག་བྱེད་མིན། ཆོས་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་དང་མི་བྱེད། བྱེད་ན་ཅི་འདྲ་ཞིག་བྱེད་པ་ཐམས་ཅད་རང་དབང་ཁོ་ན་ཡིན། འོན་ཀྱང་དགེ་ཚུལ་སློང་དང་སྔགས་བྱང་སེམས་ཀྱི་སྡོམ་པ་ཞིག་བླངས་ཕྱིན་ཆད་དེ་དང་དེའི་དམ་ཚིག་སྲུང་དགོས་པ་དང་། དགོན་པ་དང་ཚོགས་པ་གང་ཞིག་ཏུ་བསྡད་ན་དེའི་སྒྲིག་ཁྲིམས་ཁུར་དགོས་པ་ནི་འཇིག་རྟེན་སྤྱིའི་འགྲོ་ལུགས་ཤིག་ཡིན་པས་དེ་ལྟར་ཁུར་མི་འདོད་པའི་ཚེ་དེ་དག་ལས་ཕྱིར་བུད་དེ་སྡོད་པ་ལས་ཐབས་གཞན་མེད་དོ། །
༡༣ གཞན་ཡང་དེང་སྐབས་སུ་སློབ་ཆེན་ཁག་གི་དགེ་རྒན་དང་། སློབ་མ་སོགས་ཀྱིས་མཚོན་སྤྱི་ཚོགས་སྟེང་གི་ཤེས་ལྡན་མི་སྣ་མང་པོ་ཞིག་གིས་བོད་མི་རིགས་སྤྱིའི་གནས་སྟངས་དང་རིག་གཞུང་། ཆོས་ལུགས་བཅས་ཀྱི་སྐོར་ནས་ལེགས་སྤེལ་ཉེས་འགོག་གི་བསམ་ཚུལ་ལྷུག་པོ་མང་པོ་བཏོན་པ་ནི་སྙིང་ནས་དགའ་བསུ་ཞུ་འོས་པ་ཞིག་རེད། འོན་ཀྱང་འགའ་ཞིག་གོང་དུ་ཞུས་པ་ལྟར་གྱི་ཆོས་ལུགས་འཐེན་ཁྱེར་དང་ཕྱོགས་རིས་ཀྱི་ནང་དུ་ཞུགས་ཏེ་རྒྱུན་དུ་ང་ཚོའི་བླ་མ་དང་ཁོང་ཚོའི་དགོན་པ་ཞེས་རང་བསྟོད་གཞན་སྨོད་སོགས་ཀྱི་སྐད་ཆ་བཤད། དྲ་ཐོག་ལ་སྤེལ་བཞིན་འདུག་པ་རྣམས་ནི་ཆགས་སྡང་ཉོན་མོངས་ལ་འཕེལ་ཁ་བྱིན་པ་ཙམ་ལས་དགོས་པ་གང་ཡང་མེད། རང་གི་མི་ཚེའི་འཚོ་བའི་བརྒྱུད་རིམ་དང་ཡང་འབྲེལ་བ་ཆེར་མེད། ལྷག་པར་དུ་སློབ་ཆེན་ཁག་གི་དགེ་རྒན་རྣམ་པ་དང་སློབ་མ་ཁག་ནི། མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཀྱི་རྒྱུན་འཛིན་དང་། དཔལ་འབྱོར་དང་ཚོང་ལས་ཡར་རྒྱས་ཀྱི་གོ་སྐབས་མང་པོ་ཞིག་གི་འགག་རྩ་རུ་ཡོད་པས་བཟོ་ལས་དང་འཕྲུལ་ལས་ཚོང་ལས་སོགས་ཀྱི་སྐོར་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་ཏེ་མི་རིགས་ཀྱི་འཚོ་གནས་དང་འབྲེལ་བའི་ལས་དོན་དང་སྤྱི་ཚོགས་ཡར་རྒྱས་ཀྱི་ཕྱོགས་ལ་འབད་འབུངས་ལྷོད་མེད་གནང་དགོས་པ་ཧ་ཅང་གི་གལ་འགངས་ཆེ་བར་སེམས། དེ་མིན་ཆོས་ལུགས་དང་བླ་མ་གྲྭ་པའི་ཕྱོགས་ལ་དོན་དངོས་དང་མི་འཚམས་པའི་དགག་སྒྲུབ་དང་གླེང་སློང་སྣ་ཚོགས་ལ་ནན་ཏན་བྱེད་པ་ནི་སྡིག་ལས་ཆེད་དུ་གསོག་པ་ལྟ་བུ་ལས་གཞན་དགོས་པ་ཆེན་པོ་གང་ཡང་མེད་པས་བག་ཡོད་པ་མཛད་ན་ལེགས་སོ། །
མཇུག་མཐར། སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང༌། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང༌། །བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་ངེས་དོན་རིག་པའི་དཔའ་བོ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་ཐུགས་སྨོན་ཇི་ལྟར་མཛད་པ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ལུག་ཚང་དཔལ་ཡོན།