རྩེ་ཁོག གནའ་བོའི་ནོར་ནག་གི་ཚོ་བ།

ཁྱུང་ཐར་རྒྱལ།(རྩེ་ཁོག) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-04-03

  གླེང་སློང་བ།

  སའི་གོ་ལས་ནམ་ཡང་རང་འཁོར་རྒྱག་གིན་འདུག ཉིན་ཞག་སུམ་བརྒྱ་དྲུག་ཅུར་ངལ་གསོ་ཙམ་ཡང་མེད་པར་གདོད་མ་ནས་རང་གི་གཤིས་སུ་ཆགས་པའི་རང་འགན་འདི་ལྷུར་ལེན་བྱས་ཤིང་། ཕྱི་ནང་གི་རྒྱུ་རྐྱེན་དང་རྟེན་འབྲེལ་མང་པོ་ཞིག་ཚོགས་པ་བརྒྱུད། ད་གཟོད་སའི་གོ་ལས་རང་གི་མངའ་ཐང་བསྐྱེད་བྱུང་།ང་ཚོས་སའི་གོ་ལར་བཏགས་པའི་འཇིག་རྟེན་འདི་འམ་ས་སྒང་འདིའི་སྟེང་དྲན་འཕྲུལ་རྒོད་པའི་མིའི་རིགས་བྱུང་བ་ནས་བཟུང་ཤེས་རིག་ཀྱང་དར་འགོ་བརྩམས་ལ་མ་རྒྱུད་ཚོ་བ་ནས་འགོ་བརྩམས་ཏེ།བྲན་གཡོག་སྤྱི་ཚོགས་ནས་བཀས་བཀོད་རྒྱུན་འཛིན་རིང་ལུགས།དཔོན་ངན་མ་རྩ་རིང་ལུགས།སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ནས་གུང་ཁྲན་རིང་ལུགས་ཀྱི་སྤྱི་ཚོགས་སུ་ཐོན་ལ་ཉེ་བའི་དེང་གི་བར་ཏུ།མིའི་རིགས་ཀྱིས་རང་གི་སྤྱི་ཚོགས་ལ་ཕན་གནོད་གཉིས་ཀ་ཡོད་པའི་དངོས་པོ་དང་ལག་རྩལ་མང་པོ་ཞིག་གསར་བཏོད་བྱས།ལག་རྩལ་དེ་དག་ལ་ང་ཚོས་ཚན་རིག་ཞེས་འབོད་ཅིང་།ཚན་རིག་ལྟར་བསྐྲུན་པའི་སའི་གོ་ལའི་དཔེ་དབྱིབས་སྟེང་ལྗང་མདོག་ལེབ་མོ་ཞིག་མཐོང་བ་དེ་ནི་མཚོ་བོད་མཐོ་སྒང་ཡིན་ལ།སའི་གོ་ལའི་ཤར་གྱི་འཕྲེད་ཐིག 35°02་22"དང་གཞུང་ཐིག10°144'10''ལྟེ་བར་བྱས་པའི་མངའ་ཁོངས་དེ་ན་ངས་གླེང་བར་འདོད་པའི་གནའ་བོའི་ནོར་ནག་གི་ཚོ་བ་སྟེ།ཆེ་བསྟོད་ལ་རྩེ་གཞུང་སྐྱིད་པའི་སྨན་ལྗོངས་ཞེས་འབོད་པའི་མར་དྲི་དང་རྩམ་དྲི་འཐུལ་བའི་མངའ་སྡེ་དེ་ཆགས་ཡོད།མངའ་སྡེ་དེ་ལ་གནའ་མི་རལ་བ་ཅན་ཚོས་རྩེ་ཁོག་སྡེ་བཅུ་(泽库十大部落)ཞེས་འབོད་རུང་།བཅིངས་འགྲོལ་བྱས་རྗེས་ཀྱི་སྤྱི་ལོ1966ལོར་སྲིད་འཛིན་ས་ཁུལ་བསྐྱར་དུ་སྡེབ་སྒྲིག་བྱེད་སྐབས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གི་ཀླུ་ཚང་ཚོ་བའི(贵南县鲁仓部落)་ཕྱེད་ཙམ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ལ་སྦྱར་བས་རྩེ་ཁོག་སྡེ་བ་བཅུ་གཅིག་ཏུ་གྱུར་མོད།མི་རྣམས་ཀྱིས་སྔར་གྱི་ལོབས་ཕྱོགས་དང་རང་རང་གི་ཁ་ལ་བདེ་ཕྱོགས་ལྟར་ད་དུང་ཡང་རྩེ་ཁོག་སྡེ་བཅུ་ཞེས་འབོད།དོན་དངོས་སུ་རྩེ་ཁོག་སྡེ་བཅུ་ནི་དེང་ཐོག་གི་རེབ་གོང་ཤོག་ཁར་གཏོགས་མོད།སྤྱི་ལོ1953ལོར་སྲིད་འཛིན་ས་ཁུལ་དབྱེ་སྐབས་རེབ་གོང་སྟོད་ཀྱི་འབྲོག་ཞེས་ཟུར་ཏུ་བཅད་དེ་འབྲོག་སྡེ་རྐྱང་རྐྱང་གི་རྩེ་ཁོག་རྫོང་བཙུགས།།

  དང་པོ།

  བལྟོས་བཅས་ཀྱིས་བཤད་ན།རྩེ་ཁོག་ནི་ནོར་ནག་གི་ཚོ་བ་ཞིག་ཡིན།དེ་ལྟར་བཤད་དོན་ཡང་རྩེ་ཁོག་ལ་ད་གཟོད་གདོད་མའི་རིག་གནས་ཀྱི་ཁྱད་ཆོས་ཡོད་ལ་མི་གཤིས་ཀྱི་ཐད་ནས་ཀྱང་ད་དུང་ཁྲ་ཁྲ་མ་ཁྲ་དང་ཕུ་ཞིག་བཏབ་ན་ཡང་ཁུར་འགྲོ་བ་དེ་འདྲའི་ཚད་ལ་ཐོན་མི་འདུག དམངས་སྲོལ་རིག་གནས་ཀྱི་ཟ་ཟུར་མང་པོ་ཞིག་ཀྱང་ད་དུང་མ་ཉམས་པར་གནས་པས།ངས་ནོར་ནག་གི་ཚོ་བ་ཞེས་བརྗོད་པར་ཡང་གནས་ལུགས་མེད་པ་མ་ཡིན།ཡང་གཅིག་བཤད་ན།རྩེ་ཁོག་ནི་འབྲོག་ལས་རྐྱང་རྐྱང་གི་རྫོང་ཞིག་ཡིན་ལ།ཁ་དཔེར“ནོར་ས་ན་ལུང་གོང་མ།ནོར་ནག་མོ་འབྲོང་ལ་འདྲེས་ས།”ཞེས་པའི་ནོར་ས་དེ་ཡང་རྩེ་ཁོག་ན་ཡོད་པར་ངོས་འཛིན།ལོ་རྒྱུས་རྒྱུ་ཆ་ལས་ཤེས་གསལ་ལྟར་ན།“འཛམ་གླིང་དུ་ད་སྐབས་ཕལ་ཆེར་ནོར་ནག་ཁྲི1300ཙམ་ཡོད་ལ།དེའི་ནང་གི85%ལྷག་མཚོ་སྔོན་དང་བོད་ལྗོངས།སི་ཁྲོན།ཀན་སུའུ་སོགས་རང་རྒྱལ་གྱི་ལྗོངས་དང་ཞིང་ཆེན་དུ་ཁྱབ་ཡོད།ལྷག་མའི15%དེ་སོ་སོར་སོག་པོའི་རྒྱལ་ཁབ་དང་ཡ་གླིང་དཀྱིལ་མའི་ས་ཁུལ།ཨུ་རུ་སུའི་མཐོ་སྒང་སོགས་སུ་ཁྱབ་ཡོད།”1ཟེར།དེ་ལྟར་ན་རང་རེའི་མཚོ་སྔོན་ནི་ནོར་ནག་ཧ་ཅང་མང་པའི་ཞིང་ཆེན་ཞིག་ཡིན་ཏེ“2015ལོའི《མཚོ་སྔོན་གྱི་ལོ་རིམ་གསལ་བའི་མེ་ལོང་།》དུ་བཀོད་པ་ལྟར་ན།མཚོ་སྔོན་གྱི་ནོར་ནག་གཙོ་བོ་མཚོ་སྔོན་ལྷོ་རྒྱུད་ཀྱི་འབྲོག་ཁུལ་དུ་ཁྱབ་ཡོད།ལོ་མཇུག་གི་སྤྱི་བསྡོམས་ལ་བལྟས་ན།ཞིང་ཆེན་ཡོངས་སུ་ཕྱུགས་ཟོག་ཁྲི452ཡོད་པའི་ནང་གི90%ནོར་ནག་ཡིན།དེའི་ནང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལ་ནོར་ནག་ཁྲི154.6དང་།མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ་ནོར་ནག་ཁྲི85.5དང་།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་ནོར་ནག་ཁྲི63.5 རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་ནོར་ནག་ཁྲི51.7དང་།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལ་ནོར་ནག་ཁྲི50.7ཡོད།”2དེ་ལྟར་ན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་ནོར་ནག་ཁྲི51.7ཡོད་པའི་ནང་གི་ནོར་ནག་ཁྲི40ཙམ་རྩེ་ཁོག་ན་ཡོད་འདུག རྩེ་ཁོག་ནི་ནོར་ནག་གི་ཕ་ས་སྟེ།འདི་ནས་ཡར་བརྩིས་པའི་ལོ3000ལྷག་གི་སྔོན་ནས་ང་ཚོའི་མེས་པོ་རྣམས་ཀྱིས་རི་དྭགས་གཡུང་ལ་ཕབ་པའི་ལོ་རྒྱུས་ཡོད་ཅིང་།རྩེ་ཁོག་འདི་ས་བབས་ཀྱི་ཆ་ནས་བཤད་ན་སའི་གོ་ལའི་ས་ཁམས་འགུལ་སྐྱོད་ཁྲོད་ཡར་འཕགས་པའི་མཐོ་སྒང་དུ་གཏོགས།གནས་འདིའི་མི་རྣམས་ཀྱིས་རང་རང་ས་ནས་ས་ཁུལ་དུམ་བུ་རེ་བཅད་བཟུང་བྱས་སྟེ་ང་ཆེ་ང་བཙན་དང་།ང་དཔའ་ང་ཕྱུག་གི་ཇག་གླུ་རིང་མོའི་ཁྲོད་ནས་རང་རང་གི་ཆེ་བ་ངོམ་སོ་བྱས་ནས་བསྡད་ཅིང་།རང་གི་མགོ་ཐོག་ན་ནམ་མཁའ་སྔོན་པོ་འདི་ལས་ཅི་ཡང་མི་འདུག་སྙམ།མེན་གོའི་ལོ18གྱི་གཞུག་ནས་མཱ་པུ་ཧྥང་གི་ཁྱིམ་རྒྱུད་ཀྱིས་མཚོ་སྔོན་དབང་སྒྱུར་བྱས་ཤིང་ཚོ་དཔོན་རེའི་མགོ་ལ་བྱུ་རུ་དམར་པོའི་ཏོག་ཅན་གྱི་ཞྭ་མོ་ནག་པོ་རེ་བསྐོན་ཏེ།སྟོང་དཔོན་དང་བརྒྱ་དཔོན་གྱི་ལམ་ལུགས་ལག་བསྟར་བྱས་པས།ད་གཟོད་ཁོ་ཚོས་ཀྱང་རང་གི་མགོ་ཐོག་ན་ནམ་མཁའ་ལས་མཐོ་བའི་ནམ་མཁའ་ཞིག་ཡོད་པ་གཞི་ནས་ཚོར།དེ་ནས་བཟུང་ཁོ་ཚོས་ཁྲལ་རིགས་སྣ་ཚོགས་དུས་ལྟར་མཇལ་དགོས་བྱུང་ཡང་གྲང་ནས་ཙག་གིས་མ་ཕྱིད།ལྟོགས་ནས་མུ་གེས་མ་ཤི ཁོ་ཚོས་སྔར་བཞིན་ནོར་ནག་གི་རྩིད་པས་སྦྲ་ནག་བཟོས་ཤིང་།ནོར་ནག་གི་ཀོ་བས་སྒྲོ་བ་དང་འབྲེང་བུ་སོགས་བཟོས་ཏེ།ཤ་མར་རྩམ་གསུམ་གྱི་དྲིན་ལ་རང་ཁ་རང་གིས་གསོས་ནས་བུ་རབས་ཚ་རྒྱུད་སྤེལ་ཏེ་ཡོང་།།

  གཉིས་པ།

  བཅིངས་འགྲོལ་རྗེས་སུ།འཇིག་རྟེན་ལ་འགྱུར་ལྡོག་གསར་བ་བྱུང་།སྐབས་དེའི་མི་རབས་དེས“འཇིག་རྟེན་མགོ་མཇུག་ལྡོག་འདུག་ཅེས།མགོ་བོ་འཕྲེད་དུ་གཡུག་པར་བྱེད།”པ་ལའང་ཁག་མི་འདུག དུས་དེར་གསེར་རྡེའུ་ཆུ་(赛地区)དང་མཆོད་རྟེན་ཆུ་(切单区)སོགས་ཀྱིས་བཅད་དེ་སྲིད་ལུགས་གསར་བ་ལག་བསྟར་བྱས་པས།ཧོར་ཚོ་བ་(和日部落)དང་མགོན་ཤུལ་ཚོ་བ།(官秀部落)དམེ་ཤུལ་ཚོ་བ།(麦秀部落)མགར་རྩེ་ཚོ་བ།(尕日则部落)སོ་ནག་ཚོ་བ་(锁乃亥部落)སོགས་ཀྱི་སྔོན་གྱི་སྟོང་དཔོན་དང་བརྒྱ་དཔོན་གྱི་ལམ་ལུགས་རང་ཤུགས་སུ་མེད་པར་གྱུར་བ་མ་ཟད།ཁོ་ཚོས་ནམ་ཡང་ངོམ་སོ་བྱེད་པའི་མཱ་ཆུ་ཚང་གི་བྱུ་རུ་དམར་པོའི་ཏོག་དང་།རྨ་བྱ་སྔོན་མོའི་སྒྲོ་དེ་ཅི་ལྟར་ལོ་རྒྱུས་སུ་གྱུར་བའང་མ་ཚོར།ཕྱིས་སུ་ད་དུང་རྫོང་ཡོངས་སུ་མི་དམངས་ཀུང་ཧྲེ8དང་རྒྱལ་གཉེར་ཕྱུགས་ར1བཙུགས་ཏེ།ཁོ་ཚོའི་སྔོན་ཆད་ཀྱི་འདུན་འགོ་གཅིག་ཡིན་ཟེར་བའི་དུད་ཁ་དག་ཀྱང་ཡར་གཅོད་མར་སྡེབ་བྱས་པས་ཁོ་ཚོར་མཚོན་ན་ལོ་རྒྱུས་ཟེར་བ་འདི་དངོས་གནས་བཤད་མི་ཤེས་གེ་སར་གྱི་སྒྲུང་ལྟ་བུར་གྱུར།ཡིན་ནའང་།དུས་ཚོད་ཀྱིས་མི་སུ་ལའང་གོ་སྐབས་སྟེར་གྱིན་འདུག 1956ལོ་ནས་བཟུང་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་དང་འདྲ་བར་ནོར་ནག་གི་ཚོ་བར་འབོད་པའི་རྩེ་ཁོག་སྡེ་བཅུས་ཀྱང་གློ་བུར་དུ་གོ་རྟོགས་ཅི་ཞིག་སད་པ་ལྟར་བྲེལ་བྲེལ་ཟིང་ཟིང་གིས་རོགས་རེས་སྐོར་ཆུང་དང་རིམ་པ་ཐོག་མའི་ཕྱུགས་ལས་མཉམ་ལས་ཁང་བཙུགས་ནས་མི་རྩོད།མི་བགོ གྲལ་རིམ་མི་འབྱེད་ཅེས་པའི་སྲིད་ཇུས་གསར་བ་དེ་མཚར་མཚར་ལ་ལག་བསྟར་བྱས་ཤིང།མི་དམངས་སྤྱི་ཁང་ཅན་དང་ཟ་ཁང་ཅན།དམག་དོན་ཅན་སོགས་སུ་བསྒྱུར་ནས་གྲལ་རིམ་འཐབ་རྩོད་རྒྱ་ཆེར་སྤེལ་བ་མ་ཟད།མཆོང་སྐྱོད་ཆེན་མོའི་སྐབས་སུའང་བྱ་བ་ཐམས་ཅད་ལ་གོམ་པ་རིང་ལེན་བྱས་ཏེ།མཚར་སྡུག་འོད་སྟོང་འབར་བའི་མ་འོངས་པའི་ཕྱོགས་སུ་གསར་བརྗེའི་གླུ་དབྱངས་ཁོ་ན་བླངས་ཏེ་སོང་།

  ལྷག་པར་དུ་རིག་གནས་གསར་བརྗེའི་སྐབས་སུ་གནའ་བོའི་ཚོ་ཁག་འདིའི་དམག་མྱི་རལ་བ་ཅན་ཚོས་རང་གི་རལ་བ་རྩད་ནས་བཞར་ཏེ།དངོས་པོ་ནི་དང་པོ་ཡིན།ལྷ་འདྲེ་ནི་རྫུན་མ་ཡིན་ཞེས་རང་ཉིད་ལ་མཚོན་ན་གསར་བ་གསར་རྐྱང་ཡིན་པའི་རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་དང་ལེན་བྱས་ཤིང་།ལོ་ངོ་སྟོང་ཕྲག་མང་པོ་བརྒྱུད་དེ་ཡོང་བའི་རང་གི་ལྷ་རྟེན་ཆོས་གསུམ་དང་རིག་གནས་ཡོད་ཚད་ཐལ་བའི་རྡུལ་དུ་བརླགས་ཏེ་སྡེ་བའི་མིང་ལ་དར་དམར།མཐུན་སྒྲིལ།མཆོང་སྐྱོད་སོགས་དང་མི་ཡི་མིང་ལ་བུན་དཔའ་སྐྱབས།གསར་བརྗེ།གུང་ཁྲན་སྐྱབས་སོགས་སུ་བཏགས་ནས་རང་གི་འཇོན་ཐང་ངོམ་ཁུལ་བྱས།ཕྱིས་སུ་བཤད་ན།ཁོ་ཚོའི་ནོར་འཁྲུལ་འདི་དག་ཚང་མ་ནི་གཙོ་བོ་མི་བཞི་ཚོགས་ཁག་ལ་མ་བྱུང་བ་གཅིག་ཀྱང་མེད་ཟེར།ཁོ་ཚོས་ད་དུང་མ་རྩ་རིང་ལུགས་ཀྱི་རལ་བ་གཞར་ཟིན་ན་ཡང་།ཁོ་ཚོ་རང་གི་ཁྲོད་དུའང་ད་དུང་རྙིང་བཞི་གཏོར་མེད་པའི་ངན་རུལ་བ་དང་།གསར་བཞི་འཛུགས་ཐུབ་མེད་པའི་སྒྱིད་ལུག་པ་མང་བར་མ་ཟད།མ་རྩ་རིང་ལུགས་ཀྱི་ལམ་དུ་འགྲོ་འདོད་མཁན་དང་བཟོ་བཅོས་རིང་ལུགས་ཀྱི་ལམ་དུ་འགྲོ་འདོད་མཁན་ཡང་མང་པོ་ཡོད་མོད།དེ་དག་ཚང་མ་ལམ་ཕྱོགས་སློབ་གསོའི་ནང་དག་ཐེར་བྱས་ཏེ་ལངས་རྒྱུ་མེད་པ་བཟོས་པ་དང་།ལངས་ཡང་སྐྱག་དྲི་བྲོ་བ་ཞིག་བཟོས་ཡོད་ཟེར།

  སྐབས་དེ་ཤེད་ཅིག་ལ“གླེན་པ་གླེན་ནག”ཡིན་པའི་ཉིན་ཤུག་རོང་བོས་(宁秀隆务)ངོ་ལོག་ཟིང་འཁྲུག་བསླངས་པས་ས་གནས་ཀྱི་དམག་གིས་བཅོམ་ཐེངས་གཅིག་ལ་ལོ་ལོན་དང་བྱིས་པ་མ་གཏོགས་དར་མ་རྣམས་ཕལ་ཆེར་བསད་།ཕྱིས་ཀྱི་མི་རབས་དེས་མནའ་སྐྱེལ་དུས“ཨ་མའི་ཤ”ཟེར་བ་ཡང་ཨ་ཕ་ཞེས་པའི་མིང་གིས་འཛིན་ས་ཞིག་གཏན་ནས་མེད་སོང་བས་ཡིན།དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུ་བའི་ལོ་སྟོད་དུ་ཉིན་ཤུག་རོང་བོ་དང་འབའ་རྫོང་གི་ཤ་སྦྲང་ཚོ་བ་(同徳下卜浪部落)གཉིས་ཀྱིས་རྩྭ་ས་བརྩད་དེ་ཕན་ཚུན་མི་འགའ་རེའི་གྱོང་གུད་ཐེབས་པས་རང་རང་ས་ནས་དམག་ལ་བུད་དེ་ཉེན་ཁ་ཧ་ཅང་ཆེ་བའི་དུས་དེར་གོང་རིམ་ནས་དམག་མངགས་ཏེ་སྡེ་བ་གཉིས་ཀྱི་བར་ལ་བུད།རོང་བོ་སྡེ་བའི་གསར་བུ་ཀླད་ལོག་འགས་བལྟས་ཀྱིན་བལྟས་ཀྱིན་མིག་ལ་གཏན་ནས་མ་བབས།དུས་ཚོད་ཀྱི་སྔ་གཞུག་ཙམ་མ་གཏོགས་ལག་དམར་ཚང་མ་གཅིག་འདྲ་རེད་ཅེས་ཤ་སྦྲང་བསྐྱུར་ནས་བར་བའི་སྟེང་ལ་རྒྱུགས་རྩིས་བྱས་པའི་གླེན་རྟགས་ཚ་བོ་དེ་འདྲ་བསྟན།ངས་གླེང་བཞིན་པའི་ནོར་ནག་གི་ཚོ་བ་འདི་དེ་འདྲའི་མི་དྲང་མོ་དང་གླེན་པ་ཏག་ཏག་ཡིན།གང་ལྟར་ཀྱང་དུས་རབས་རེ་རེ་དང་ལོ་རྒྱུས་ཀྱི་བར་བརྒལ་རེ་རེའི་ཁྲོད་ཁོ་ཚོས་ནམ་ཡང་དཀའ་སྤྱད་དང་རྔུལ་ཆུ་གདོང་གིས་བསུས་ཏེ་ཕམ་ཁ་དང་གྱོང་གུད་ཀྱང་མང་པོ་ཞིག་རེག་ནས་ཡོང་།གཅིག་རྡུང་གསུམ་རྒོལ་དང་རིག་གནས་གསར་བརྗེ་སོགས་ཆབ་སྲིད་ཀྱི་བྱ་འགུལ་གང་གི་ཁྲོད་ནས་ཀྱང་གྲལ་རིམ་འཐབ་རྩོད་གཏན་ནས་བརྗེད་མི་རུང་ཞེས་འབྱོར་མེད་གྲལ་རིམ་གྱི་དར་ཆ་མཐོན་པོར་ཕྱར་ནས་ཡོང་བ་རེད།སྐབས་དེར་གནའ་བོའི་ནོར་ནག་གི་ཚོ་བ་འདིས1958ལོར“ལོ་རེར་རྣོ་ལྕགས་ཏུན་བརྒྱ་ཐོན་སྐྱེད་བྱེད་རྒྱུ་ཡིན”པའི་བསམ་བློར་རྩ་བའི་འགྱུར་བ་བྱུང་ཡང་།“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་དམ་པོར་བཅངས”སྟེ།རྐང་བ་གཏད་ས་ཕྱི་དང་མིག་གིས་བལྟ་ས་སྔུན་བྱས་ཏེ་ངལ་རྩོལ་གྱིས་མིའི་རིགས་གསར་དུ་བསྐྲུན་པའི་ལོ་རྒྱུས་དང་ཉམས་མྱོང་རྒྱུན་འཁྱོངས་བྱས་པས།1974ལོར་རྫོང་ཡོངས་ཀྱི་ཕྱུགས་རིགས་སྣ་ཚོགས་ཁྲི101ལ་བུད་པ་དང་།ལུག་བལ་རྒྱ་མ་ཁྲི116བྲེགས་པ།རྩྭ་ར་མུའུ་ཁྲི123.87བསྐོར་བ།གཟན་ཆས་རྒྱ་མ་ཁྲི137ཐོན་སྐྱེད་བྱས་པ་བཅས་ཡོངས་འགྲུབ་བྱས།སྐབས་དེར“བརྒྱ་ཁྲི་བཞི་ཡི་རྫོང་”(四个百万县)ཞེས《མི་དམངས་ཉིན་རེའི་ཚགས་པར》དང《མི་དམངས་བརྙན་པར》《མི་རིགས་བརྙན་པར》《མཚོ་སྔོན་ཉིན་རེའི་ཚགས་པར》སོགས་རང་རྒྱལ་གྱི་གསར་འགྱུར་སྡེ་ཁག་ཆེ་གྲས་ཁག་གིས་ཆེད་དུ་དྲིལ་སྒྲོག་རྒྱ་ཆེན་བྱས་པ་རེད།གལ་ཏེ་ཁྱོད་རང་སྐབས་དེའི་མི་ཞིག་ཡིན་ཚེ་ས་ཆ་གང་ནས་ཀྱང“རྩྭ་མཛོད་ར་བ”དང“གཡག་རྒྱབ་ཚོང་ཁང”“ས་རྒོད་གསར་སྦོལ”“ལུག་རྒྱུད་ལེགས་བཅོས”ཞེས་པའི་རྩེ་ཁོག་གི་མིང་ཚིག་འདི་དག་དང་།མཆོང་སྐྱོད་ཆེན་མོའི་སྐབས་ཀྱི“མ་མོ་ཁྲི་ལ་ལུ་གུ་ཁྲི འབྲི་མོ་ཁྲི་ལ་བེའུ་ཁྲི།རྒོད་མ་ཁྲི་ལ་རྟེའུ་ཁྲི།”ཞེས་པའི་དམ་བཅའ་དང་ཁ་གཡང་འདི་ཡང་རྒྱུན་དུ་ཐོས་མྱོང་ངེས།ད་དུང་ཁྱོད་ལ་ཇེ་གསལ་དུ་བཏང་ནས་བཤད་ན།1976ལོར《ལེ་བར་སྟོང་གི་རྩྭ་ཐང་དུ་བསུང་ཞིམ་གསར་བ་འཐུལ།》(千里草原气象新)ཞེས་པའི་དེབ་ཆུང་ཞིག་ཀྱང་བརྩམས་ཏེ།ཀྲུང་གོའི་ཞིང་ནགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས།དཔེ་དེབ་དེ་བརྒྱུད་ནས་རྩེ་ཁོག་རྫོང་གི་ཏང་གི་གཞི་རྩའི་ལམ་ཕྱོགས་སློབ་གསོའི་ཉམས་མྱོང་དེ་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་།སྤུན་ཟླ་མི་རིགས་ཡོངས་ལ་བསྒྲགས་པ་རེད།གནའ་བོའི་ནོར་ནག་གི་ཚོ་བ་འདིས་མཚོ་ངོས་ལས་རྨིད3700ལྷག་གིས་མཐོ་བའི་ས་རྒོད་སོགས་སུ་སྐས་ཞིང་བཟོས་ནས་ལོ་ཏོག་ལེན་རྒྱུ་མེད་པའི་ཞིང་ལས་གཉེར་ཞིང་།གོང་རིམ་གྱིས་ཅི་གསུང་དང་དུ་བླངས་ཏེ་ལས་ཀ་ཚང་མ་ལྷག་འགྲུབ་བྱས་པས་རྒྱལ་ཡོངས་ཀྱིས་ཞིང་ལས་ཐད་ཏ་ཀྲེ་སློབ་པའི་སྔོན་ཐོན་རྫོང་གཅིག་པུར་བདམས།སྐབས་དེའི་རྩེ་ཁོག་རྫོང་གི་འགོ་ཁྲིད་ཀྱི་བྲང་ཁར་མེ་ཏོག་དམར་པོ་བཏགས་ཏེ་ངོམ་སོ་བྱས་ཤིང་།ནོར་ནག་གི་ཚོ་བ་འདི་རྒྱལ་ཡོངས་སུ་སྔར་ལས་ཀྱང་སྙན་གྲགས་ཆེ་བར་གྱུར།།

  གསུམ་པ།

  དུས་ཀྱི་འགྲོས་དང་བསྟུན་ནས་རྩེ་གཞུང་སྐྱིད་པའི་སྨན་ལྗོངས་སུ་འགྱུར་ལྡོག་རབ་དང་རིམ་པ་བྱུང་ཞིང་།གནའ་བོའི་ནོར་ནག་གི་ཚོ་བ་འདིའི་མི་སྐྱ་ཕོ་མོ་ཐམས་ཅད་ཀྱི་མགོ་ལའང་སྐྱིད་སྡུག་སྣ་ཚོགས་ཤིག་བྱུང་།ཡིན་ན་ཡང་།མགོ་ལ་འཐིབས་པའི་སྨུག་པ་དེ།དྭངས་པའི་དུས་ཤིག་རྗེས་ན་ཡོད་ཅེས་པ་ལྟར།1982ལོར་ཐོན་སྐྱེད་འགན་ཁུར་ལམ་ལུགས་དངོས་སུ་ལག་བསྟར་བྱས་ཏེ་ཕྱུགས་ཟོག་གཙང་ཁུར་བྱས་པས་གནའ་བོའི་ནོར་རྫི་དག་གིས་ཡང་བསྐྱར་རང་གི་སྒོ་ཕྱུགས་འཚོ་ཐུབ་སོང་།དེ་ནས་རིང་པོ་མ་ལོན་པར་བཅོས་སྒྱུར་སྒོ་འབྱེད་བྱས་ནས་མི་དམངས་ལ་རང་བཙན་རང་བདག་གི་དབང་ཆ་སྤྲད་པས་ནོར་ནག་འཚོ་བའི་རྩེ་ཁོག་གི་འབྲོག་པ་ཡོད་ཚད་ལའང་བཅོས་སྒྱུར་དང་ཕྱུག་འགྱུར་གྱི་གོ་སྐབས་ཡོད་པར་གྱུར།ཡིན་ནའང་ད་ལྟ་ཁོ་ཚོས་གང་ཞིག་ནས་བཅོས་སྒྱུར་དང་གང་ཞིག་ནས་རང་ཉིད་ཕྱུག་པོར་གཏོང་དགོས་པའི་གནད་འགག་གི་རྩ་བ་དེ་རྙེད་མ་བྱུང་།ལོ་རྒྱུས་ཀྱི་དུས་རབས་སྔོན་མ་དག་གི་ནང་དུ་ཕ་མེས་ཡང་མེས་ཀྱི་སྲོལ་རྒྱུན་བཟང་པོ་དང་རིན་ཐང་བྲལ་བའི་རིག་གནས་དང་གནའ་རྫས་མང་པོ་ཞིག་ལྷ་འདྲེ་གདོན་བགེགས་སུ་བརྩིས་ཏེ།གཙང་སེལ་བྱས་ཚར་པས་ད་ནི་ཧོར་གྱི་གཏེར་སྟོན་དགོན་པ་ན་བཀའ་བསྟན་རྡོ་རྐོས་ཁ་འཐོར་ཞིག་ཡོད་པ་དེ་ལས་ཅི་ཡང་སྟོན་རྒྱུ་མེད་པར་གྱུར།བཀའ་བསྟན་རྡོ་རྩིགས་དེ་ཡང་སྐབས་དེའི་སྔོན་ཐོན་པ་དང་སྒེར་སེམས་ཅན་དག་གིས་ཟམ་པ་ལས་སྤྱད་དང་ཚ་ཐབ་ལས་སྤྱད་བྱས་པས་རྡོ་ལེབ་རེ་རེ་བཞིན་ཕྱིར་བཙལ་ནས་སྔོན་གྱི་བཀའ་བསྟན་རྡོ་རྩིགས་ལ་ཁ་གསབ་བྱེད་དགོས་བྱུང་།སྲིད་ཇུས་རིམ་བཞིན་ཇེ་ཡག་ལ་སོང་བ་དང་བསྟུན་ནས་རྩྭ་ས་རྩོད་གླེང་ཀྱང་ཇེ་མང་ལ་སོང་།སྐབས་དེའི་འགོ་ཁྲིད་ཅིག་གིས་རྩེ་ཁོག་ལ་སྤྱི་བསྡོམས་འདི་འདྲ་ཞིག་བྱས་པ་སྟེ“ཕྱོགས་བཞི་ན་ས་རྩོད་ཀྱི་མེ་ལྕེ་མཆེད་ཅིང་།མཚམས་བརྒྱད་ན་དམག་འཁྲུག་གི་དུ་བ་འཕྱུར་གྱིན་པས།ཕྱུག་འགྱུར་གྱི་ལམ་བུ་ཞེས་པ་དེ་མཐོང་མི་ཐུབ”དངོས་གནས་དེ་འདྲ་ཡིན་ཏེ།རྩེ་ཁོག་གི་ཤར་ཕྱོགས་ནས་ཀན་སུའུ་ཡི་བསང་ཁོག་(甘肃夏河县)དང་ལྷོ་ཕྱོགས་རྨ་ལྷོའི་སོག་རྫོང་།(河南县)ནུབ་ཕྱོགས་ནས་མཚོ་ལྷོ་ཁུལ་འབའ་རྫོང་གི་ཤ་སྦྲང་(海南州同德县下卜浪部落)སོགས་དང་འབྲེལ་བས་རྩྭ་ས་རྩོད་གླེང་རྒྱུན་ཆད་མེད་པར་བྱུང་ཞིང་མི་ཤི་རྟ་འགྱེལ་གྱི་དོན་དག་ཀྱང་རྒྱུན་མ་ཆད་པས་གནའ་བོའི་ནོར་ནག་གི་ཚོ་བ་འདིའི་ངོས་ནས་བཤད་ན་དབུལ་བཅོས་ཕྱུག་འགྱུར་ཞེས་པའི་རླབས་ཆེན་གྱི་ཐ་སྙད་འདི་དང་བར་ཐག་ཧ་ཅང་རིང་བར་གྱུར་ཏེ།གཤམ་ནས་ཡར་བརྩིས་པའི་རྒྱལ་ཡོངས་ཀྱི་དབུལ་ཕོངས་རྫོང་གཉིས་པར་ཆགས།ཡིན་ནའང་།རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྒྲིག་གཞིར་རྒྱུན་དུ་འགྱུར་བ་གཏོང་གིན་ཡོད་ཅིང་།མི་དམངས་ཀྱི་འཚོ་བ་དང་ཕྱུག་འགྱུར་གྱི་ཁ་ཕྱོགས་ལ་ཡང་དེ་མཚུངས་ཀྱི་སྲིད་ཇུས་གསར་བ་དང་ལམ་ལུགས་གསར་བ་ཡོང་གིན་འདུག ལོ་རབས་བརྒྱད་ཅུ་བའི་ལོ་སྟོད་དུ་ཐུན་མོང་གི་རྩྭ་ས་སྒེར་ལ་བགོས་ནས་འགན་གཙང་ལེན་བྱས་ཏེ།ཁྱིམ་ཚང་རེ་ལ་ལྕགས་ར་རེ་བསྐོར་བས་སྔོན་ཆད་ཀྱི་རྩྭ་ས་རྩོད་གླེང་དེ་ངང་ངམ་ཤུགས་ཀྱིས་ཆད་པར་མ་ཟད།གནའ་བོའི་ནོར་ནག་གི་ཚོ་བ་འདིའི་མི་སྐྱ་ཕོ་མོ་ཐམས་ཅད་གང་ཞིག་ནས་ཧ་ཅང་ཁོམ་སོང་བ་ལྟར་རང་རང་གི་ས་ནས་ཨ་བྲ་ཁུང་བུར་འཛུལ་བ་ལྟར་སྡོད་པ་ལས་ཁྱིམ་མཚེས་ཕན་ཚུན་བར་གྱི་འགྲོ་འོངས་ཀྱང་ཆད་པར་གྱུར།ཡིན་ནའང་འཆར་ལྡན་བུ་སྐྱེས་དམ་འཛིན་བྱས་ཏེ་མང་ཚོགས་ཤིག་ལ་མཚོན་ན་བྱིས་པ་གཉིས་ལས་སྐྱེ་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཤིང་།རང་འཐད་ཀྱིས་སྐྱེ་རྒྱུན་མི་གཅོད་པའི་བུད་མེད་ཚོ་བདའ་ནས་བཟུང་སྟེ་སྐྱེ་རྒྱུན་གཅོད་པ་སོགས་ལག་བསྟར་བྱས་པས་གནའ་བོའི་ནོར་ནག་གི་ཚོ་བ་འདིའི་བུད་མེད་རྣམས་གཙོ་བྱས་ཏེ།རྒད་པོ་རྒོད་པོ་རྣམས་ཀྱིས་ཀྱང་ཡིད་ལ་དྲན་རྒྱུའི་བློ་ཞིག་དང་ལག་ཏུ་འདེབས་རྒྱུའི་ཐབས་ཤིག་ཡེ་ནས་མ་རྙེད།སྐབས་དེར་སྙིང་ནད་ཡོད་ཚད་བྲ་གསོད་བྱ་འགུལ་སྟེང་བཞག་སྟེ།རྣམ་པ་རྒྱ་ཆེན་པོས་ཨ་བྲ་གསོད་པའི་བྱ་འགུལ་དེ་གཅིག་བསྡུས་དང་རྒྱ་ཁྱབ་དུ་སྤེལ་བས་ས་ནག་ཏུ་འགྱུར་བཞིན་པའི་རྩྭ་ས་ལག་མཐིལ་འདྲ་བོར་སྲུང་སྐྱོབ་རགས་ཙམ་ཐོབ་པར་གྱུར།དེའི་མཚུངས་སུ“ལུག་ཚོད་འཛིན་བྱེད་པ་དང་ལ་ལོ་མེད་པར་གཏོང་བ།ནོར་ནག་འཕེལ་རྒྱས་གཏོང་བ།”ཞེས་པ་བརྗོད་གཞི་ཡིན་པའི་ལམ་ལུགས་ལག་བསྟར་བྱས་ཏེ།ནོར་ནག་འཕེལ་རྒྱས་སུ་གཏོང་བ་གཞི་རྩར་བཟུང་སྟེ་ནོར་ནག་གི་སྟེང་ནས་ཚང་མ་ཕྱུག་པོར་འགྲོ་བའི་ཐབས་ལམ་གསར་བ་བཙལ།ཡིན་ནའང་།གང་ཞིག་ན་གསེར་གྱི་དོང་ཙེ་དང་དངུལ་རྟ་རྨིག་མ་དག་གིས་གནའ་བོའི་ནོར་ནག་གི་ཚོ་བ་འདིའི་བདེ་སྡུག་བསམ་ནས་བསྒུག་བསྡད་ཡོད་དམ།།

  བཞི་བ།

  དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན་ཞེས་པ་དེ་ཚད་མའི་སྐྱེས་བུ་ཞིག་གི་གསུང་ལ་འཁྲུལ་བ་སྤུ་ཙམ་ཡང་མི་འདུག གནའ་བོའི་ནོར་ནག་གི་ཚོ་བ་འདིའི་རྒད་པོ་ཤེས་རྒྱ་ཅན་ཚོས་མི་འགྱངས་པར་ང་ཚོ་ཀློང་དང་ཤོད་ལ་བབས་ཡོང་ཟེར་བ་ལྟར།རྒྱལ་ཁབ་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོ་ཡིན་ཞེས་འབྲོག་པ་ཐམས་ཅད་ཀློང་དང་ཤོད་ལ་ཕབ་བྱུང་།གནའ་བོའི་ནོར་ནག་གི་ཚོ་བ་འདིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་ཕ་ས་མ་མོའི་བྲང་མགོ་ལྟ་བུ་འདི་བསྐྱུར་ནས་རེ་རེ་བཞིན་རྫོང་མཁར་གྱི་འདབ་སུ་ཆགས་པའི་སྡེ་གསར་དུ་སྤར་ཡོང་།སྔོན་ཆད་རི་ཤོར་དུ་གྲག་པའི་ནོར་ནག་རྒོད་པོ་དག་ཀྱང་དེང་སང་གཡུང་ལ་ཕབ་ནས་སྐྱེ་ཁམས་མཉམ་ལས་ཁང་གི་ཕྱུགས་ཁང་དུ་གསོས་ཡོད་ལ།སྔོན་ཆད་གསུམ་གྱི་རིང་ལ་རྟ་མཆོག་ཞོན་ནས་རི་ལུང་སྐོར་བའི་རྒད་པོ་རྒོད་པོ་དག་ཀྱང་དེང་སང་སྡེ་གསར་གྱི་དྲོད་ཁང་དུ་ཉི་མར་ལྡེ་ཡོད།ཡོད་ཚད་རྨི་ལམ་ཐེངས་ཤིག་དང་འདྲ་བར་གསར་བ་གསར་རྐྱང་ཞིག་ཡིན་པས།ཆ་རྒྱུས་མེད་པའི་ཁོར་ཡུག་འདིར་དེ་འདྲ་ལོབས་དཀའ་བའི་སྣང་བ་ཞིག་ཤར་སོང་།ཡིན་ནའང་།བྱིས་པ་རྣམས་དང་དར་མ་རྣམས་དུས་ཚོད་ཐུང་ཐུང་ཞིག་གི་ནང་ཁོར་ཡུག་དེ་ལ་ལོབས་ཤིང་འདྲེས་པར་གྱུར།རྒན་པ་རྣམས་ཀྱིས་གཅིན་སྐྱག་གཏོང་ས་འང་མ་རྙེད་པར་དཀའ་ལས་མང་པོ་མྱངས་ཤིང་།ཡང་ཡང་མེ་ཏོག་དང་འཁོབ་ཡངས་ཀྱི་རྩྭ་ཐང་དེ་དྲན།ད་ནི་གནའ་བོའི་ནོར་ནག་གི་ཚོ་བ་འདི་རྩེ་ཁོག་རྫོང་མཁར་དུ་སྡོད་པའི་རྫོང་གི་མཐའ་བར་གྱུར།ཧོར་སྡེ་བ་དང་མགོན་ཤུལ་སྡེ་བ།མགར་རྩེ་སྡེ་བ།སོ་ནག་སྡེ་བ་སོགས་ལ་སྐར་ལྔའི་དར་དམར་བཙུགས་པའི་རང་རང་གི་གཞིས་ཁུལ་ཡོད་ཅིང་རང་རང་གི་ཏང་ཡོན་བྱ་འགུལ་ཁང་ཡོད་པར་མ་ཟད།བྱིས་པ་རྣམས་ཀྱང་རྫོང་མཁར་གྱི་བྱིས་གཉོར་ཁང་དང་རྫོང་མཁར་སློབ་ཆུང་སོགས་སུ་བསྐྱལ་བས་ད་ནི་རྒན་པ་རྣམས་ཧ་ཅང་ཁོམ་དྲག་སོང་། བྱིས་པ་རྣམས་སློབ་གྲྭ་གྲོལ་ནས་ཁྱིམ་ལ་སླེབས་ཚེ་ལས་བྱ་འབྲི་རྒྱུ་ཡོད་ཟེར་མཁན་དང་འགུལ་རིས་བརྙན་འཕྲིན་ལ་བལྟ་རྒྱུ་ཡིན་ཟེར་མཁན་སོགས་གཅེས་ལངས་དུ་བཏང་བའི་ཚ་བོ་ཚ་མོ་ཚོས་ལོ་ལོན་ཚོར་ཁ་བརྡ་མི་བྱེད་པ་དང་།དར་མ་རྣམས་ནི་སྡེ་གསར་ལ་ཐོན་པ་ནས་ལག་ཁྱེར་ཁ་པར་སྣོག་རྒྱུ་ཞིག་དར་བས་གནའ་བོའི་ནོར་ནག་གི་ཚོ་བ་འདིའི་རྒད་པོ་རྒན་མོ་རྣམས་ལ་མིག་གིས་བལྟ་ས་དང་སེམས་ཁམས་གཡེང་ས་ཞིག་ཡོད་པ་ནི་ལག་གི་ཕྲེང་བ་ཁོ་ནར་གྱུར། ཚུགས་ཀར་བལྟས་ན་བོད་ཕྲེང་འཛིན་གྱི་བདག་པོ་ཟེར་བ་དེ་དངོས་གནས་ཁོ་ཚོ་མིན་ན་སུ་ཞིག་སྙམ།

  “ཨ་ཙི།དུས་ནི་མི་འགྱུར་མི་རྣམས་འགྱུར་ཟེར་བ་དེ་ཅིས་མ་བདེན།ཇི་འདྲའི་འགྱུར་སླ་བ་ལ་འང་།”ཏང་ཡོན་བྱ་འགུལ་ཁང་གི་གྱང་སྣེ་རུ་ཁ་བརྡར་ཀློད་པའི་རྒན་པོ་ཞིག་གིས་ལག་གི་ཕྲེང་བ་ཉུག་ཙམ་ཉུག་ཙམ་བྱས་མཐར་དེ་ལྟར་སྨྲས།

  “མི་མ་ཤི་ན་རིག་རྒྱུ་ཇེ་མང་ཇེ་མང་རེད།སྔ་མོར་མིག་བཙུམ་མ་ཐུབ་ན་ད་དུང་ཅི་ཞིག་རིག་མིན་སུས་ཤེས།”

  “··· ··· ”

  “སྤྲུལ་སྐུ་ཚང་གིས་དབང་ཞིག་གསུང་རྒྱུ་རེད་ཟེར།དེར་འགྲོ་མཁན་ཨེ་ཡོད”

  “··· ···”

  “འབའ་འདེབས་ནི་ཨེ་ཡོད། ཡང་ན་སུས་ཐེ་ཀེ་རྩེ་ཤེས།”

  “··· ··· ”

  “སུ་ཞིག་གིས་གནའ་གཏམ་ཞིག་ཤོད་དང་།ཨ་མ་དྲེད་མོང་དང་རི་བོང་ཁ་ཤོ་སུས་བཤད་ཤེས།”

  “··· ···”

  རེ་ཞིག་ལ་ཡོད་ཚད་ཁུ་སིམ་མེར་གྱུར།ཁོ་ཚོས་རང་རང་ས་ནས་རང་གི་འདོད་པ་ལྟར་ཅི་ཞིག་ལབ་ཀྱང་སུས་ཀྱང་སུ་ལ་ལན་བཏབ་མ་བྱུང་།

  རྩེ་ཁོག་རྫོང་མཁར་ནི་ཤོག་བུ་སྣུམ་ཟིན་ཞིག་དང་འདྲ་བར་རྩེ་ཆུའི་(泽曲泀)འགྲམ་ངོགས་སུ་མུ་མཐུད་དུ་རྒྱ་བསྐྱེད་ནས་ཆགས་ཀྱིན་འདུག །།

                                                                                 ༢༠༡༨ ༡༢ ༡༨ཉིན།
 
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩེ་ཁོག གནའ་བོའི་ནོར་ནག་གི་ཚོ་བ།

2020-04-03 ཁྱུང་ཐར་རྒྱལ།(རྩེ་ཁོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།