ཚེ་རིང་དོན་གྲུབ་ཀྱི་ལྷུག་རྩོམ་གསར་པ། 《དྲན་ཐོ་ཁྱུང་གཤོག་ལྡེམ་པ》

ཚེ་རིང་དོན་གྲུབ།(ཟི་ལིང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-07-26

རྫོང་དཔོན་ཨ་ཁྱུང(གཡོན)དང་རྩོམ་པ་པོ་གཉིས་ཀྱི་མཉམ་པར།

                                                         ——རྫོང་དཔོན་ཨ་ཁྱུང་གི་འགོ་ཁྲིད་འོག་ཏུ་ལས་ཀ་བསྒྲུབ་དུས་ཀྱི་བྲེལ་བ་ཆེ་ཞིང་སྤྲོ་སྐྱིད་ལྡན་པའི་ལོ་ཟླ།

  རྫོང་དཔོན་ཨ་ཁྱུང་ཕ་ཡུལ་དང་ཁ་བྲལ་རྗེས་ལོ་རེའི་མི་དམངས་འཐུས་མི་ཚོགས་ཆེན་སྟེང་གི་སྲིད་གཞུང་བྱ་བའི་སྙན་ཞུ་བོད་སྐད་ཀྱིས་འདོན་པའི་ལོ་རྒྱུས་མཇུག་རྫོགས་སོང་བསམས་ན་སེམས་ཁོང་འཁྱག་སིབ་སིབ་དང་སྟོང་ལྷང་ལྷང་དུ་གྱུར་སོང་།

  ཨ་ཁྱུང་ངེད་གཉིས་སྡེ་བ་ཚོ་བ་གཅིག་གི་མི་ཡིན་ལ། ཨ་མ་དག་ཞིང་མ་གཉིས་ཀ་གཙོ་བྱས་པའི་ཁྱིམ་ཚང་གཉིས་ཀའི་འབྲེལ་བའང་ཤིན་ཏུ་བཟང་། རྗེས་སུ་ང་རང་རྨ་ལྷོ་སོག་རྫོང་མི་རིགས་སློབ་འབྲིང་དུ་དགེ་མིང་ཙམ་འཛིན་དུས་ངས་ཨ་ཁྱུང་ཡོད་པའི་འཛིན་གྲྭ་དེ་ལ་སློབ་ཁྲིད་ཀྱང་བྱས་མྱོང་བ་འདྲ། ཡིན་ནའང་ངེད་གཉིས་ཕན་ཚུན་འདང་རྩིས་ཆེ་བའི་གྲོགས་པོ་དྭངས་མར་གྱུར་པ་ནི་དུས་རབས་གོང་མའི་ལོ་རབས་དགུ་བཅུའི་འགོ་སྟོད་དུ་རྨ་ལྷོ་སོག་རྫོང་ས་གནས་དེབ་ཐེར་གཞུང་ལས་ཁང་དུ་བསྐོ་འཐེན་བྱས་ནས་ལས་ཀ་སྒྲུབ་པའི་སྐབས་ཡིན། དེ་དུས་ལས་ཁུངས་དེ་རུ་ཨ་ཁྱུང་ངེད་གཉིས་མ་གཏོགས་མི་རིགས་ཀྱི་སྐད་ཡིག་ཤེས་པའི་ས་གནས་ལས་བྱེད་མེད་ལ། དཔེར་ན་རྨ་ཆུའི་ལྷོ་རྒྱུད་སོག་པོའི་རྒྱལ་རབས་བཞི་པ་ངག་དབང་དར་རྒྱས(ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་དགེ་རྒན)ལ་གདེང་འཇོག་བྱེད་ཚུལ་སོགས་དེབ་ཐེར་སྒྲིག་འབྲི་བྱེད་སྟངས་སྐོར་ཞིག་ལ་ང་རང་རྦད་དེ་མོས་མཐུན་མེད་ནའང་དབང་མི་ལག་ཡིན་པས་ན་བྱ་ཐབས་གང་ཡང་མེད། དེའི་ཕྱིར་ང་རང་དེབ་ཐེར་པར་སྐྲུན་མ་བྱས་གོང་ལ་གལ་ཏེ་རྩྭ་ས་རྩོད་གླེང་མ་བྱུང་ན་ནམ་རྒྱུན་ལས་ཀ་མང་པོ་མེད་པའི་སྲིད་འཛིན་ས་ཁོངས་དབྱེ་མཚམས་ཅུས་ལ་ཕྱིར་ཡོང་བ་དང་། མི་འགྱངས་པར་ཨ་ཁྱུང་ཡང་ཕྱིར་ལས་ཁུངས་དེར་ཡོང་བས་ངེད་གཉིས་ལ་དཔེ་ཀློག་དང་རྩོམ་འབྲིའི་གོ་སྐབས་ཅུང་ཙམ་བྱུང་། དེ་དུས་ངེད་གཉིས་ཀྱིས་མཉམ་དུ་ཉི་ཧོང་གི་རྩོམ་མཁན་གྲགས་ཅན་ཨ་ཁི་ཐ་ག་ཝ་ལོའུ་ནོ་སི་ཁེའི་སྒྲུང་ཐུང་གྲགས་ཅན《སྡོམ་གྱི་དྲ་སྐུད》ཅེས་པ་དེ་བོད་ཡིག་ཏུ་བསྒྱུར་ཏེ《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དུ་སྤེལ། ཡིད་ཕངས་ཤིང་དགོད་བྲོ་བ་ཞིག་ལ་དེ་དུས་ཕ་ཡུལ་དུ་ཉི་ཧོང་གི་སྐད་ཡིག་ཤེས་མཁན་མེད་ལ། དེང་སང་ལྟ་བུའི་དྲ་བའང་མེད་པས་རྩོམ་པ་པོའི་རུས་མིང་རྒྱ་ཡིག་གི芥川龙之介ཞེས་པ་ལྟར་སྒྲ་བསྒྱུར་བྱས། སྐབས་དེར་ཨ་ཁྱུང་གིས《བཤད་མི་ཚར་བའི་གཏམ་རྒྱུད》ཅེས་པའི་བརྩམས་སྒྲུང་ཞིག་གསར་རྩོམ་བྱས་པར་ཀློག་པ་པོའི་དགའ་བསུ་དང་རྩོམ་རིག་བྱ་དགའ་མཉམ་དུ་ཐོབ། ད་དུང་སྙན་ངག་དང་ལྷུག་རྩོམ། གླུ་ཚིག་སྐོར་ཞིག་བྲིས་ཡོད་ནའང་ངས་བརྩམས་སྒྲུང་གཅིག་པུ་མ་གཏོགས་དེ་འདྲའི་དོ་སྣང་མི་བྱེད་པས་ད་ལྟ་རེ་རེ་བཞིན་དྲན་གྱིན་མི་འདུག ཨ་ཁྱུང་རིག་པ་མྱུར་ཞིང་རིག་ལམ་གསལ་ལ། ཡིད་འཛིན་བཟང་ཞིང་བརྩོན་པ་ཆེ་བ། རྩོམ་རིག་དང་ལོ་རྒྱུས་གཙོ་བྱས་པའི་དཔེ་ཀློག་ལ་ཤིན་ཏུ་དགའ་བར་མ་ཟད་བོད་ཡིག་རྒྱ་ཡིག་གང་བྲིས་ནའང་མགྱོགས་ཤིང་མཛེས་ལ་ལྷོད་ཆ་ལྡན། དེའི་ཕྱིར་ངས་ཅི་ཞིག་བྲིས་ཚར་རྗེས་ཁོ་པར་ངོ་བཤུ་རྒྱག་ཏུ་འཇུག་པ་ཡིན། དེ་ནི་ངོ་བཤུ་རྒྱག་ཏུ་འཇུག་པ་གཅིག་པུའི་དམིགས་ཡུལ་མིན་པར་ངོ་བཤུ་རྒྱག་པའི་ཞོར་དུ་ཁོས་ད་དུང་ཡིག་ནོར་སོགས་གནད་དོན་ཡང་རྙེད་པས་རེད། དཔེར་ན་ངའི་སྒྲུང་རིང《མེས་པོ》ཡོངས་རྫོགས་ཁོས་ངོ་བཤུ་བརྒྱབ་པ་ཡིན་ལ། ངོ་བཤུ་རྒྱག་པའི་ཞོར་དུ་ལྟ་ཚུལ་ཡང་མང་པོ་བཏོན་མྱོང་། རྗེས་སུ་སྲིད་འཛིན་ས་ཁོངས་དབྱེ་མཚམས་ཅུས་ཞེས་པའི་ལས་ཁུངས་དེ་དམངས་སྲིད་ཅུས་ལ་བསྲེས་པ་དང་། དེ་ནས་རིང་པོ་མ་འགོར་བར་ཨ་ཁྱུང་སྲིད་གཞུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པར་བསྐོས་ཏེ་རིམ་བཞིན་གོ་གནས་འཕར། ང་རང་མི་འདོད་བཞིན་དུ་ས་གནས་དེབ་ཐེར་གཞུང་ལས་ཁང་གི་ཀྲུའུ་རེན་དང་གཙོ་སྒྲིག་པར་བསྐོས་ཏེ་རྒན་ཡོལ་བྱ་རག་བར་དུ་ལས་ཀ་དེ་མི་བསྒྲུབ་ཐུ་མེད་བྱུང་། (དོན་དངོས་སུ་སྔར་ནས་རྒན་ཡོལ་བྱས་ཟིན་ནའང་རྒྱུ་རྐྱེན་འགའ་རེའི་དབང་གིས་མགོ་ན་བའི་ལས་ཀ་འདི་ལ་དུས་ད་ལྟའང་གཡོལ་བའི་ཐབས་མི་འདུག)

  2011ལོའི་ལོ་མཇུག་ཙམ་ལ་ཨ་ཁྱུང་གཅན་ཚ་རྗོང་ཨུ་འཐབ་ཕྱོགས་གཅིག་སྒྲིལ་པུའུ་ཡི་པུའུ་ཀྲང་གི་གོ་གནས་ནས་རྨ་ལྷོ་སོག་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གྱི་གོ་གནས་སུ་འཕར། ངས་རང་ཉིད་ལ་སྔ་མོ་ནས་རྒན་ཡོལ་བྱས་ཏེ་བློ་སེམས་རྩེ་གཅིག་གིས་གསར་རྩོམ་ལ་གཞོལ་རྩིས་ཡོད་པས་རྒན་ཡོལ་ཡར་ཞུ་ལ་ཆོག་མཆན་འགོད་དགོས་པའི་རེ་བ་ཞུས། ཡིན་ནའང་ཁོས་རང་གིས་རྫོང་དཔོན་ཁུར་པའི་རིང་ལ་རང་རྫོང་གི་རིག་གནས་སློབ་གསོའི་ལས་དོན་ཐད་འཆར་གཞི་འདི་དང་གན་ཡོད་པ་དང་། དེ་ལ་ཁྱོད་ཀྱིས་རྒྱབ་སྐྱོར་དང་ནུས་པ་འདོན་དགོས་ཟེར། ཁོའི་འཆར་གཞི་མང་པོ་ཞིག་དངོས་གནས་རྒྱ་ཆེ་ཞིང་དོན་སྙིང་ལྡན་ལ། ལྷག་པར་དུ་ཕ་ཡུལ་གྱི་རིག་གནས་སློབ་གསོ་ཧ་ཅང་ཉག་ཕྲ་བའི་སྐབས་འདིར་མགོ་ཁྲིད་ཀྱིས་འདི་ལྟར་ཀུན་སློང་རྣམ་དག་གིས་སྲི་ཞུ་བསྒྲུབས་ན་རང་ཉིད་ཀྱིས་ཀྱང་ནུས་པ་མི་འདོན་ཟེར་སྲོལ་མེད་བསམ་སྟེ་ཁོའི་རྨ་ཆུའི་ལྷོ་རྒྱུད་སོག་པོའི་ལོ་རྒྱུས་རིག་གནས་འགྲེམ་སྟོན་ཁང་བཞེངས་རྩིས་ཡོད་པ་དེར་མཁོ་བའི་ལོ་རེའི་དོན་ཆེན་དང་མི་སྣ་གྲགས་ཅན། ཐོན་ཁུངས། དམངས་སྲོལ་སོགས་གཙོ་བྱས་པའི་རྒྱུ་ཆ་འབྲི་རྒྱུ་དང་། གཞན་ཡང་ལོ་བཅུའི་རིང་གི《རྨ་ལྷོ་སོག་རྫོང་གི་ལོ་རེའི་དོན་གསལ་མེ་ལོང》(1991-2000)ངས་སྒྲིག་འབྲི་བྱ་རྒྱུ་ཁས་བླངས་པར་ཁོས་ཀྱང་ངའི་རྒན་ཡོལ་ཡར་ཞུ་ལ་མི་འགྱང་བར་ཆོག་མཆན་འགོད་རྒྱུ་ཁས་ལེན་བྱས། དྲང་མོར་བཤད་ན་དེབ་འདི་སྒྲིག་འབྲི་བྱ་རྒྱུ་དེ་ང་ལ་མཚོན་ན་དེ་འདྲའི་དཀའ་མོ་ཞིག་མིན་ནའང་འགྲེམ་སྟོན་ཁང་བཞེངས་པར་ཉམས་མྱོང་མེད་པའི་ཁར་ཁྱིམ་ནས་བསྡད་དེ་ཡི་གེ་བྲིས་པ་ཙམ་གྱིས་མི་ཆོག་པར་འགྲེམ་སྟོན་ཅ་ལག་ཉོ་སྒྲུག་བྱེད་པར་རྒྱ་བོད་སོག་གསུམ་གྱི་ས་ཆ་མང་པོར་མཚམས་རེར་ཉིན་མོར་རྒྱུག་ཅིང་མཚམས་རེར་མཚན་མོར་འཕུར་ཏེ་ཤི་བོའི་ཕོར་ཤུབས་དང་ཤི་མོའི་སྐྲ་ཤུབས་ཉོ་སྒྲུག་བྱ་དགོས་པ་སོགས་ལས་ཀ་ཧ་ཅང་མང་བས་མཚམས་རེར་དངོས་གནས་ཐང་ཆད་དེ་གང་ལ་ཐོན་ན་དེ་རུ་ཉལ་འདོད་པ་ཞིག་རེད། སྤྱིར་ན་འགྲེམ་སྟོན་ཁང་ནི་ཁང་པ་ཞིག་བཟོས་ནས་ནང་ལ་ཅ་ལག་འགའ་བཤམས་རྗེས་ཡོད་ཚད་མཇུག་རྫོགས་པ་ཞིག་གཏན་ནས་མིན་པར་དེ་ནི་མི་རབས་ནས་མི་རབས་མཐུད་དེ་བསྒྲུབ་དགོས་པའི་ལས་ཀ་ཞིག་རེད། གང་ལྟར་བླ་མ་ལཱ་ཁ་རིན་པོ་ཆེས་ལྷ་ཆས་མཆོད་ཆས་དང་དངུལ་ཟངས་གཡུ་བྱུར་གྱི་རྒྱན་ཆ་སོགས་དཔལ་འབྱོར་གྱི་རིན་ཐང་ཡང་ཧ་ཅང་མཐོ་བའི་ཅ་ལག་གང་མང་ཞལ་འདེབས་སུ་གནང་བ་སོགས་སྤྱི་ཚོགས་ལས་རིགས་སོ་སོའི་སྐྱེ་བོ་ལྷག་བསམ་ཅན་གང་མང་གི་རྒྱབ་སྐྱོར་འོག་ཏུ་འགྲེམ་སྟོན་ཁང་དེ་གནས་སྐབས་ཆེད་ལས་མཁས་པས་བཤད་ན་ཞིང་ཆེན་རིམ་པའི་འགྲེམ་སྟོན་ཁང་གི་ཚད་གཞི་ལ་སླེབས་ཡོད་པ་ཞིག་གྲུབ། ཡིན་ནའང་ད་དུང་ཞིབ་ཕྲའི་ལས་ཀ་ཤིན་ཏུ་མང་སྟེ། དཔེར་ན་ཡིག་རིགས་གསུམ་གྱི་སྒོ་བྱང་སོ་སོ་སུ་ལ་འབྲི་རུ་འཇུག་རྒྱུ་སོགས་ལས་འདི་བསྒྲུབས་མ་མྱོང་བ་ཚོས་ཡིད་ལའང་དྲན་མི་སྲིད་པ་ལྟ་བུ་རེད། ཨ་ཁྱུང་གིས་བཤད་ན་རྒྱལ་ཡོངས་དམངས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པ་པོའུ་ཧི་ལགས་ནི་སོག་རིགས་ནང་གི་འགོ་ཁྲིད་ཆེས་མཐོ་ཤོས་དང་སོག་རིགས་ནང་གི་རྒྱའི་ཡིག་གཟུགས་ཆེས་ཡག་ཤོས་ཡིན་པས་ཁོང་ལ་འབྲི་རུ་འཇུག་ཐུབ་ན་དེ་ལས་འགྲིག་པ་མེད་ཟེར། སོག་ཡིག་གི《མི་རིགས་བརྙན་དེབ》ཀྱི་གཙོ་སྒྲིག་པ་སྐུ་ཞབས་པཱ་ཡེར་ནི་ངའི་ངོ་ཤེས་ཡིན་ལ། ཁོང་ནི་སོག་རིགས་ཁྲོད་ན་སྐད་གྲགས་ཆེ་བའི་མཁས་པ་ཞིག་ཡིན་པ་དང་། གོང་འོག་བར་གསུམ་ལ་འབྲེལ་འདྲིས་ཀྱང་ཤིན་ཏུ་བཟང་། ངས་པཱ་ཡེར་ལ་ཁྱེད་ཀྱིས་ཨུ་ཡོན་ཀྲང་གཞོན་པ་པོའུ་ཧི་ལགས་ངོ་ཤེས་སྲིད་པས་ངེས་པར་དུ་ང་ཚོའི་འགྲེམ་སྟོན་ཁང་ལ་རྒྱ་ཡིག་གི་སྒོ་བྱང་ཕྱག་བྲིས་གནང་དུ་འཇུག་རོགས་ཞེས་ཞུས་པར་པཱ་ཡེར་གྱིས་ཨུ་ཡོན་ཀྲང་པོའུ་ཧི་ལགས་ངོ་ཤེས་ཀྱི་ཡོད་ནའང་ཁོང་གིས་ཕྱག་བྲིས་གནང་དགོས་ན་ངེས་པར་རྒྱལ་ཡོངས་དམངས་ཆེན་གཞུང་ལས་ཐིང་ལ་རྫོང་རིམ་པ་ཡན་གྱི་ལས་ཁུངས་ཀྱིས་སྙན་ཞུ་ཕུལ་ཏེ་ཆོག་མཆན་ཐོབ་ན་མ་གཏོགས་གང་འདོད་དུ་བྲིས་ཆོག་པ་མ་རེད་ཟེར། (རྒྱལ་ཁབ་རིམ་པའི་འགོ་ཁྲིད་ལ་ཡི་གེ་འབྲི་རུ་འཇུག་ན་དེ་འདྲའི་འགྲོ་ལུགས་བརྒྱུད་དགོས་ས་རེད)དེ་ནས་ངས་རྫོང་མི་དམངས་སྲིད་གཞུང་གི་སྙན་ཞུ་བཟུང་སྟེ་པེ་ཅིན་ལ་སོང་བ་ཡིན་ལ། པཱ་ཡེར་གྱི་རོགས་རམ་འོག་ཏུ་པོའུ་ཧི་ལགས་ཀྱི་ཕྱག་བྲིས་ཕྱག་བསྟར་མ་དེ་བདེ་བླག་ངང་རེག་བྱུང་། སོག་ཡིག་གི་སྒོ་བྱང་འབྲི་བར་འགྲོ་ལུགས་ཅི་ཡང་བརྒྱུད་མ་དགོས་པར་སྲིད་གྲོས་ནང་སོག་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པའམ་ནང་སོག་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ནེ་ཏིང་ལགས་ལ་འབྲི་རུ་འཇུག་ཐུབ་སོང་། བོད་ཡིག་གི་སྒོ་བྱང་ནི་ཕ་ཡུལ་རང་རྫོང་གི་ཡིན་པའི་སྨྱུག་འཛིན་དབང་པོ་ཨ་ཁུ་དཀོན་མཆོག་རྒྱ་མཚོ་ལས་འཚམས་པ་མེད་ནའང་ཕངས་པ་ཞིག་ལ་དེ་དུས་ཨ་ཁུ་སྐུ་གཤེགས་ཟིན། རྗེས་སུ་ཨ་ཁྱུང་གིས་འགྲེམས་སྟོན་ཁང་གི་འགོ་གཙོ་ལ་ཨ་ཁུའི་ཡིག་གཟུགས་ཀྱི་དེབ་ལས“རྨ་ཆུའི་ལྷོ་རྒྱུད་སོག་པོའི་ལོ་རྒྱུས་རིག་གནས་འགྲེམ་སྟོན་ཁང”ཞེས་པའི་ཡི་གེ་རྣམས་བཏུས་ཏེ་སྒོ་བྱང་བཟོ་རུ་ཆུགས་ཞེས་བཀོད་སྒྲིག་བྱས་པ་ངས་དངོས་སུ་ཐོས། དེ་ཡང་འགྲེམ་སྟོན་ཁང་འདིའི་ནང་རྟེན་གཙོ་བོ་ནི་རིང་ཚད་ལ་སྨི་སུམ་བརྒྱ(རྨ་ཆུའི་ལྷོ་རྒྱུད་སོག་པོ་གནས་འདིར་སླེབས་ནས་ལོ་ངོ་སུམ་བརྒྱ་འགོར་བ་དང་བླ་བྲང་དགོན་པ་བཞེངས་ནས་ལོ་ངོ་སུམ་བརྒྱ་འགོར་བའི་མཚོན་དོན)ཡོད་པའི《རྨ་ཆུའི་ལྷོ་རྒྱུད་སོག་པོའི་ལོ་རྒྱུས་ཐང་ག་མཁའ་ཐིག་རྩེ་འདོམ》ཞེས་པ་དེ་ཡིན་ལ། དང་ཐོག་འཆར་གཞི་འདི་འདོན་སྐབས་ངས་གལ་ཏེ་རི་མོའི་ལམ་ནས་རང་ཡུལ་གྱི་ལོ་རྒྱུས་མཚོན་དགོས་ན་སྣུམ་ཚོན་རི་མོ་བཟང་རབས་རྒྱན་རབས་བཤད་ནའང་ཨ་ཁྱུང་གིས་མིག་སྔར་ཐང་གའི་ལམ་ནས་སོག་པོའི་ལོ་རྒྱུས་མཚོན་པ་ཕལ་ཆེར་མེད་པས་འདི་གསར་གཏོད་ཅིག་ཡིན་པ་སོགས་ཐང་ག་བཟང་རབས་རྒྱན་རབས་ལུང་པ་གང་བཤད། འདི་ནི་ངེད་གཉིས་ཀྱིས་མཉམ་དུ་རིག་གནས་ལས་ཀ་བསྒྲུབ་པའམ། གསལ་པོར་བཤད་ན་ངས་ཁོའི་འགོ་ཁྲིད་འོག་ཏུ་ལས་ཀ་བསྒྲུབས་པའི་སྐབས་སུ་ངེད་གཉིས་ཀྱི་ལྟ་བ་མ་མཐུན་པ་གཅིག་པུའང་ཡིན་པ་འདྲ། འགྲེམ་སྟོན་ཁང་གི་ལས་ཀ་ཆེས་བྲེལ་བ་ཆེ་བའི་སྐབས་ཏེ2013ལོའི་ཟླ7ཚེ3ཉིན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཀན་སུའུ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་བདག་བླ་མ་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དྲུག་པ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་པོ་རྨ་ལྷོ་སོག་རྫོང་གི་སྐྱ་སེར་མང་ཚོགས་བཞི་ཁྲིས་ཡང་དང་ཡང་དུ་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ལྟར་རྫོང་སྲིད་གཞུང་གིས་ཐེངས་མང་གདན་འདྲེན་ཞུས་པ་བཞིན་རྨ་ལྷོ་སོག་རྫོང་ལ་ཆིབས་བསྒྱུར་གནང་སྟེ་ཉིན་བཅུ་ལྷག་གི་རིང་སྲིད་འཛིན་ལས་ཁུངས་དང་སློབ་གྲྭ། སྨན་ཁང་། ཞང་དང་གྲོང་བརྡལ། དགོན་སྡེ་ཁག་ལ་གཟིགས་ཞིབ་གནང་ཞིང་། གང་ལ་གང་མཁོའི་གསུང་བཤད་དང་དབང་ལུང་རྗེས་གསུམ་གནང་ནས་སྐྱེ་འགྲོའི་རེ་བ་མ་ལུས་བསྐངས། ཨ་ཁྱུང་གིས་སྔ་མོ་ནས་ཆིབས་བསུ་ཇ་ཐབ་དང་བདེ་འཇགས་སྲུང་སྐྱོབ་སོགས་ལ་ཞིབ་ཚགས་ལྡན་པའི་བཀོད་སྒྲིག་བྱས་པར་མ་ཟད་རྫོང་དཔོན་ཟུར་བ་སྐལ་རྡོ་དང་ངེད་གཉིས་ཀྱིས་བྱ་འགུལ་འདིའི་མགོ་རྔ་བར་གསུམ་པར་བླངས་ཏེ་བརྙན་དེབ་ཅིག་བཟོ་དགོས་པ་དང་། རྡོ་རམས་པ་དགེ་འདུན་སྐལ་བཟང་གཙོ་བྱས་པའི་སྙན་ངག་ལ་ཆེས་བྱང་བའི་གྲྭ་བཙུན་འགའ་རྩ་འཛུགས་བྱས་ཏེ་ཀུན་མཁྱེན་བླ་མ་རང་རྫོང་དུ་ཆིབས་བསྒྱུར་གནང་བར་རྟོགས་བརྗོད་ཅིག་འབྲི་དགོས་པའི་བཀོད་སྒྲིག་བྱས། ངས་བྱ་འགུལ་འདི་མཇུག་རྫོགས་མ་ཐག་རྫོང་དཔོན་སྐལ་རྡོ་དང་ངེད་གཉིས་ཀྱིས་བླངས་པའི་འདྲ་པར་སྟོང་ཕྲག་ལྷག་ལས་བརྒྱ་ཙམ་བདམས་ཏེ《རྟག་བརྟན་གྱི་གཞེས་འཛོམས》ཞེས་པ་བོད་རྒྱ་ཡིག་རིགས་གཉིས་ཀྱི་གསལ་བཤད་ཅན་གྱི་བརྙན་དེབ་ཅིག་བསྒྲིགས། སྤྱིར་ན་འདི་ནི་ནང་ཁུལ་རྒྱུ་ཆ་རུ་ཉར་ཚགས་བྱ་བའི་དམིགས་ཡུལ་ཡིན་པས་དེབ་ཀྱི་རྒྱུ་སྤུས་ལ་དེ་འདྲའི་རེ་བ་མཐོན་པོ་མེད་ནའང་ངས་དཔར་ཁང་ལ་ཤོག་མགོ་སྐུད་པས་བཙེམ་དགོས་ཞེས་མ་བཤད་པས་དཔར་ཁང་གིས་ཤོག་མགོ་སྤྱིན་ཆུས་སྦྱར་འདུག་པ་སེམས་ཆུང་མ་བྱས་ན་འཐོར་འགྲོ་བ་རེད། འདི་ནི་ངས་གཞུང་གི་ལས་ཀར་འཐུས་ཤོར་བྱུང་བ་ཆེས་ཚབས་ཆེ་ཤོས་ཡིན་པས་ད་ལྟའང་སེམས་ན་ཡལ་རྒྱུ་མེད་པའི་གནོང་འགྱོད་ཅིག་འདུག གྲྭ་བཙུན་ཚོས་གསར་རྩོམ་གནང་བའི《རྟོགས་བརྗོད་འཛམ་བུའི་འཁྲི་ཤིང》ཞེས་པ་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། སྙན་ངག་ཧ་ཅང་ཡག་པོ་འདུག་ཅེས་དེང་དུས་ཀྱི་སྙན་ངག་མཁན་པོ་འཇུ་སྐལ་བཟང་གིས་ཀྱང་བསྟོད་བསྔགས་གནང་བཞིན་པ་ངས་དངོས་སུ་ཐོས་མྱོང་མོད། འོན་ཀྱང་དཔར་གྱི་རྒྱུ་སྤུས་དེ་འདྲ་བཟང་རྒྱུ་མེད་པས་ཐེངས་ཤིག་ཨ་ཁྱུང་གིས་ང་ལ་དེབ་འདི་ཡང་བསྐྱར་སྤུས་དག་ཅིག་དཔར་དགོས་པའི་རེ་བ་བཏོན། ངས་སྙན་ངག་དེ་འདྲ་ཡག་པོ་ཡིན་ན་དེབ་ཀྱང་སྤུས་དག་ཅིག་དཔར་ན་བཟང་བསམས་ཏེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་སོང་ནས་ཡང་བསྐྱར་འགྲོ་ལུགས་བསྒྲུབས་ཤིང་པར་གཞི་ཡང་བསྐྱར་ཇུས་འགོད་བྱས་རྗེས་ཐད་ཀར་ཧྲེན་ཀྲེན་ལ་འཕུར་ཏེ“མཚོ་སྔོན་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ནོར་བུའི་བང་མཛོད”དཔར་སའི་རིན་གོང་དམའ་ཞིང་རྒྱུ་སྤུས་བཟང་བའི་དཔར་ཁང་དེ་ནས་དཔར་བ་ནི་བཟའ་འདོད་སྐྱེ་ཞིང་སྒྱུ་རྩལ་བརྩམས་ཆོས་འདྲ་བོ་ཞིག་དཔར་ཡོད་པ་དེ་རེད།

  གནའ་མི་བོད་ཀྱི་གཏམ་དཔེ་ལ“དཔོན་ཆེན་པོའི་ཁ་བཟང་སྟོང་བ་ཡིན”ཟེར་ནའང་ཨ་ཁྱུང་ནི་ཁ་བཤད་དོན་ལ་གནས་པའི་མི་ཞིག་ཡིན་པར་ང་རང་ཡིད་ཆེས་བརྟན་པོ་ཡོད་པ་ལྟར་འགྲེམ་སྟོན་ཁང་འགྲུབ་ལ་ཉེ་དུས་ཁོས་ངའི་རྒན་ཡོལ་ཡར་ཞུ་ལ་ཆོག་མཆན་བཀོད་བྱུང་། ཡིན་ནའང་ཁོ་པར“རྨ་ལྷོ་སོག་རྫོང་གི་རིག་གནས་འཛུགས་སྐྲུན་གྱི་གལ་ཆེའི་ལས་གཞི”(《རྟོགས་བརྗོད་འཛམ་བུའི་འཁྲི་ཤིང》ཡང་ལས་གཞི་འདིའི་གྲས་རེད།)ཞེས་པའི་འཆར་གཞི་ཆེན་པོ་ཞིག་ཡོད་པས་ང་ལའང་རྫོང་གི་ལས་ཀ་མཚམས་བཞག་ནས་བརྩམས་སྒྲུང་གསར་རྩོམ་ལ་གཞོལ་ཁོམ་མ་བྱུང་བར་མ་ཟད་མཚམས་རེར་ལས་གནས་ན་ཡོད་དུས་ལས་ཀྱང་བྲེལ་བ་ཆེ་བར་གྱུར། ལས་གཞི་འདིའི་ནང་གི་ཆེས་ཆེ་ཤོས་ནི་པོད་རྒན་བརྒྱད་ཀྱི་བདག་ཉིད་ཅན་ཏེ《རྗེ་བཙུན་ཤིང་བཟའ་པཎྜི་ཏ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་གསུང་འབུམ》དང་། དེ་བཞིན་པོད་རྒན་བརྒྱད་ཀྱི་བདག་ཉིད་ཅན《རྗེ་ཤེས་རབ་རྒྱ་མཚོ་དཔལ་བཟང་པོའིི་གསུང་འབུམ》གཉིས་ཀ་རྩོམ་སྒྲིག་པར་སྐྲུན་བྱ་རྒྱུ་དེ་ཡིན་ལ། དེ་ཡང་ཤིང་བཟའ་རིན་པོ་ཆེའི་གསུང་འབུམ་པར་སྐྲུན་ལ་རྫོང་སྲིད་གཞུང་གིས་དཔལ་འབྱོར་འགྲོ་སོང་ཕུལ་བ་ལས་རྩོམ་སྒྲིག་དང་ཞུ་དག་གི་ལས་ཀ་དགོན་པས་འགན་དུ་བླངས་པས་ང་ལ་ལས་ཀ་མེད་མོད། རྗེ་ཤེས་རབ་རྒྱ་མཚོའི་གསུང་འབུམ་གྱི་ཡིག་གཏག་ཞུ་དག་གི་ལས་ཀ་ལྕི་མོ་དང་དཔལ་འབྱོར་འགྲོ་སོང་ཕོན་ཆེན་སོགས་རྫོང་གིས་ཁག་ཁུར་བྱས་ཤིང་། ཞུ་དག་ཐེངས་གསུམ་དང་ཇུས་འགོད་པར་སྐྲུན་སོགས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཁག་ཁུར་པར་མ་ཟད“མཚོ་སྔོན་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ནོར་བུའི་བང་མཛོད”ཅེས་པའི་ལས་གཞིའི་ནང་བདམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་རྨ་ལྷོ་སོག་རྫོང་མི་དམངས་སྲིད་གཞུང་མཉམ་འབྲེལ་གྱིས་ལས་གཞི་འདི་ལ་ཆེད་དུ་རྩོམ་སྒྲིག་ཨུ་ཡོན་ལྷན་ཚོགས་བཙུགས། དཔེ་སྐྲུན་ཁང་གི་འགོ་གཙོ་རབ་བརྟན་ཚེ་རིང་དང་རྫོང་དཔོན་ཨ་ཁྱུང་གཉིས་ཀྱིས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གྱི་འགན་ཁུར། དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པུའུ་ཡི་ཀྲུའུ་རེན་བསོད་ལོ་དང་བློ་འདྲི་ས་རྡོ་རམས་པ་དགེ་འདུན་སྐལ་བཟང་། གཙོ་སྒྲིག་པའི་མིང་ཙམ་འཛིན་པ་ང་རང་གསུམ་གྱིས་ཟི་ལིང་དུ་ཞིབ་ཕྲའི་ལས་ཀ་དོན་ཚན་རེ་རེ་བཞིན་གཏན་འབེབས་བྱས། རྫོང་སྲིད་གཞུང་གིས་དགོན་པ་རེ་ནས་ཆུ་ཚད་མཐོ་ཞིང་རྩིས་འཁོར་ལ་བྱང་བའི་གྲྭ་པ་གཉིས་རེ་བཅས་ཁྱོན་གྲྭ་པ་བརྒྱད་བསྐོ་འཐེན་བྱས་ཏེ་སྲིད་གཞུང་སྣེ་ལེན་ལྟེ་གནས་སུ་མགྲོན་ཁང་དང་གཞུང་ལས་ཁང་། ཟ་མ་སོགས་བཀོད་སྒྲིག་བྱས་ནས་དུས་ཡུན་ཉིན་བཞི་བཅུའི་རིང་ལ་ཉིན་མཚན་དབྱེར་མེད་དུ་ཞུ་དག་གི་ལས་ལ་གཞོལ། སྐབས་དེར་རྫོང་དཔོན་ཨ་ཁྱུང་ཐེངས་དུ་མར་ངེད་ཚོར་བལྟ་རུ་ཡོང་སྟེ་ལས་ཀའི་འགྲུབ་ཚད་དང་སྤུས་ཚད་ལ་རྒྱུས་ལོན་བྱས། དེ་ནས་ང་ཚོ་བླ་བྲང་ལ་སོང་སྟེ་ཉིན་བཅུ་ལྷག་གི་རིང་རྡོ་རམས་པ་ཨ་ཁུ་དགེ་འདུན་སྐལ་བཟང་དང་བླ་མ་ཚོ་འདུ་སྐལ་བཟང་མཁས་གྲུབ་རྒྱ་མཚོ་ཚང་གི་མདུན་ལ་བཅར་ནས་དཀའ་གནད་དོགས་གཞི་སོགས་བཀའ་འདྲི་ཞུས། དེ་ནས་ཡང་ཟི་ལིང་དུ་ཡོད་པའི་པར་གཞི་སྒྲིག་མཁན་གྱི་གམ་དུ་བསྡད་དེ་ཡི་གེའི་ཆེ་ཆུང་དང་ཐིགས་ཤར་མང་ཉུང་སོགས་རེ་རེ་བཞིན་གཏན་ལ་ཕབ། མདོར་ན་འདི་ནི་ཧ་ཅང་ལྕི་བའི་ལས་ཀ་ཞིག་ཡིན་ནའང་ཚང་མར་རང་གི་རིག་གནས་ལ་སྲི་ཞུ་ཅུང་ཙམ་བསྒྲུབ་ཨེ་ཐུབ་སྙམ་པའི་ཀུན་སློང་རྣམ་དག་ཡོད་པ་དང་། རྫོང་དཔོན་ཨ་ཁྱུང་གིས་ང་ཚོའི་ལས་ཀར་རྒྱབ་སྐྱོར་བརྟན་པོ་དང་འཚོ་བར་ཐུགས་ཁུར་བླ་ལྷག་གནང་བཞིན་ཡོད་པས་ན་ངལ་བ་དེའང་སྤྲོ་བར་གྱུར་པ་ལྟ་བུར་སྣང་། གང་ལྟར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་ཁྲིད་དང་རྩོམ་སྒྲིག་པ། རྫོང་དཔོན་ཨ་ཁྱུང་དང་བླ་གྲྭ་རྣམ་པའི་འབད་བརྩོན་ལྷོད་མེད་བྱས་མཐར་འཛམ་བུ་གླིང་གི་ནང་ཆོས་དང་ལྷག་པར་དུ་རྗེ་བདག་ཉིད་ཆེན་པོའི་རང་ལུགས་རི་བོ་དགེ་ལྡན་པར་རྒྱུས་མངའ་ཅུང་ཙམ་ཡོད་མཁན་ཞིག་ཡིན་ཚེ་བླ་བྲང་ཨ་ཁུ་ཚང(ཕྱི་གླིང་པ་ཚོས“ཨ་ཁུ་ཆང”ཟེར)ཟེར་ན་སོར་བཅུ་སྙིང་ཁར་མི་ཟུམ་མཁན་མེད་པའི་དམ་པ་འདིའི་གསུང་འབུམ་རྩ་ཆེན་དེ་ཉིད་པར་སྐྲུན་འགྲེམ་སྤེལ་བྱས་པར་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པ་ཚང་གིས་ཀྱང་བསྟོད་བསྔགས་ཀྱི་མེ་ཏོག་གནང་བཞིན་ཡོད་སྐད།

  ཨ་ཁྱུང་གི“རྨ་ལྷོ་སོག་རྫོང་གི་རིག་གནས་འཛུགས་སྐྲུན་གྱི་གལ་ཆེའི་ལས་གཞི”ཟེར་བ་འདི་ལ་རྫོགས་མཐའ་མེད་པ་འདྲ་སྟེ། དེ་ནས་ཡང་ང་བརྒྱད་སྔོན་ལ“རབ་ཕུན་ཅོང་གསུམ”ཞེས་སེངྒེ་སྲབ་མེད་དུ་རྒྱུ་བའི་མཁས་དབང་རྣམ་གསུམ་ཁྲོད་ཀྱི(རབ་ཕྲུག)བསྟན་འཛིན་རྒྱ་མཚོའི་གསུང་རྩོམ《ཟབ་མོ་རྡོ་རྗེ་ཐེག་པའི་ལམ་གསལ་བར་བྱེད་པ་གསང་ཆེན་རོལ་མཚོ》དང་དགེ་སློང་དམ་ཆོས་རྒྱ་མཚོས་མཛད་པའི《ཧོར་གྱི་ཡུལ་དུ་དམ་པའི་ཆོས་ཇི་ལྟར་དར་བའི་ཚུལ་གསལ་བར་བརྗོད་པ་པདྨ་དཀར་པོའི་ཕྲེང་བ》ཞེས་པ་སོགས་མི་སྣ་རྩ་འཛུགས་བྱས་ནས་ཞུ་དག་དང་རྩོམ་སྒྲིག་བྱས་ཏེ་དངོས་སུ་པར་སྐྲུན་བྱས་པ་ཁྱོན་པོད་ཉི་ཤུ་ལྷག་ཡོད་པ་དང་། གཞན་ཡང་རྫོང་སྲིད་གྲོས་ཀྱིས་བསྒྲིགས་པའི“རྨ་ལྷོ་སོག་རྫོང་གི་རིག་གནས་ལོ་རྒྱུས་དཔྱད་ཡིག”དེབ་བདུན་པ་དང་བརྒྱད་པ་སོགས་ནང་ཁུལ་རྒྱུ་ཆ་ལའང་ཁོས་དངོས་སུ་བལྟས་ཤིང་བསམ་འཆར་བཏོན་ནས་པར་དུ་བཏབ་ཡོད་པ་དེ་དག་རེ་རེའི་རིན་ཐང་དང་རྩོམ་སྒྲིག་བརྒྱུད་རིམ་ཞིབ་ཏུ་བྲིས་ན་ཕལ་ཆེར་དེབ་གཅིག་འབྲི་རྒྱུ་ལོས་ཡོད་བསམས། དེས་ན་ས་ཆ་རེ་ལ་འདི་འདྲའི་དཔོན་པོ་རེ་ཡོད་ན་ང་ཚོའི་རིག་གནས་འཕེལ་རྒྱས་གཏོང་མ་ཐུབ་ནའང་སྲུབ་སྐྱོབ་བྱེད་ཐུབ་པ་ནི་ཁ་ཚོན་བཅད་ནས་བཤད་ཕོད།

  2016ལོའི་དབྱར་ཁར་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་རྨ་ལྷོ་སོག་རྫོང་མི་དམངས་སྲིད་གཞུང་གཉིས་མཉམ་འབྲེལ་གྱིས་གཉེར་བའི་སྐབས་གསུམ་པའི་མཚོ་སྔོན་རྒྱལ་སྤྱིའི་སྙན་ངག་དུས་ཆེན་རྨ་ལྷོ་སོག་རྫོང་དུ་འཚོགས་ཤིང་། རྫོང་དཔོན་ཨ་ཁྱུང་གིས་སོག་རྫོང་གི་རིག་གནས་ལོ་རྒྱུས་ངོ་སྤྲོད་བྱས། རྒྱལ་ཁབ་ཉི་ཤུ་ལྷག་གི་སྙན་ངག་པ་བརྒྱ་ལྷག་གིས“ཆུ་དང་གཙང་པོ་སྟེ་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་གི་འབྱུང་ཁུངས་དང་སྙན་ངག”ཅེས་པ་བརྗོད་བྱ་གཙོ་བོར་བཟུང་སྟེ་སྐད་རིགས་མང་པོའི་ལམ་ནས་སྙན་ངག་གྱེར་འདོན་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ། ང་ལ་སྙན་ངག་ཟེར་ན་ཁྭ་ཏ་མདའ་གཞུ་ཡིན་པས་ཐེངས་འདིར་ཨ་ཁྱུང་གིས་ང་ལ་ལས་ཀ་བཀོད་སྒྲིག་མ་བྱས་ནའང་མཚོ་སྔོན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་གྱིས་ཁྱོད་རང་ས་དེའི་མི་ཡིན་པས་ཚོགས་འདུ་ལ་རོགས་བྱེད་དགོས་ཟེར་བས་དགུན་འཁྱག་དུས་སུ་ཟི་ལིང་ནས་ཕ་ཡུལ་ལ་སོང་སྟེ་ཚོགས་འདུ་འཚོགས་སའི་ཡུལ་དངོས་ལ་ལམ་ཁྲིད་དང་ལྟ་རོགས་བྱས་ཤིང་། ཚོགས་འདུའི་སྐབས་སུ་རྩོམ་མཁན་མཐུན་ཚོགས་དང་རྫོང་སྲིད་གཞུང་གིས་ང་ཡང་ཟུར་ཞུགས་པར་གདན་འདྲེན་ཞུས། འདི་ནི་རྨ་ལྷོ་སོག་རྫོང་གི་ལོ་རྒྱུས་སྟེང་རྒྱལ་སྤྱིའི་ཚོགས་འདུ་ཞིག་འཚོགས་པ་ཐེངས་དང་པོ་ཡིན་པས་གཞུང་ཕྱོགས་ཀྱི་སྐད་ཆ་ལྟར་ན་དེབ་ཐེར་དུ་འབྲི་རིན་ཡོད་པ་ཞིག་རེད།

  ལོ་འདིར་ངས་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཆབ་བྲག་མགོན་པོ་སྐྱབས་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་སྙན་ངག་མ་བདེ་སྐྱིད་སྒྲོལ་མ། བརྩམས་སྒྲུང་གྲགས་ཅན《རྟ་ནག་སྒྲོག་འགྲོས》ཀྱི་རྩོམ་པ་པོ་ལྷུན་འགྲུབ་ལགས་ཀྱི་གཉེན་ཉེ་གཙོ་བོ། ཁོང་གི་རུ་སྡེའི(ཡོས་རྒན་ཉིན་གྲོང་རྡལ་ཅི་རིམ་འབྲོག་ཨུ)འགོ་ཁྲིད་བཅས་ལ་གྲོས་བྱས་རྗེས་ལྷུན་འགྲུབ་ལགས་སྐུ་འཁྲུངས་ནས་ལོ་འཁོར་བརྒྱད་ཅུ(དོན་དངོས་སུ་བརྒྱད་ཅུ་གྱ་གཅིག་ཡིན་འདུག)ལོན་པར་རྗེས་དྲན་ཚོགས་འདུ་ཞིག་བསྡུས་པ་དང་། དེར་སྙན་ངག་པ་གྲགས་ཆེན་འཇུ་སྐལ་བཟང་དང་བརྩམས་སྒྲུང་མཁན་རིག་ལྡན་རྒྱ་མཚོ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ནམ་རྩོམ་རིག་དཔྱད་བརྗོད་པ་བཙུན་པོ་དོན་འགྲུབ་བཅས་ལྷུན་འགྲུབ་ལགས་ཀྱི་ཕ་ཡུལ་རྨ་ལྷོ་སོག་རྫོང་དུ་གདན་འདྲེན་ཞུས། ང་རང་ཟི་ལིང་ནས་ཕ་ཡུལ་ལ་སླེབས་རྗེས་ལོབས་སྲོལ་ལྟར་ཨ་ཁྱུང་གི་སར་སོང་སྟེ་ཁ་བརྡ་འདྲ་མིན་བྱས། ཨ་ཁྱུང་གིས་ང་ད་ཐེངས་ཕ་ཡུལ་དུ་ཡོང་དོན་ཤེས་རྗེས་སྐབས་དེར་རིག་གནས་སློབ་གསོ་འཛིན་བཞིན་པའི་རྫོང་དཔོན་གཞོན་པ་བོས་ཏེ་ང་ལ་ཚོགས་འདུ་འདིའི་གྲོན་དངུལ་བྱིན་ཞེས་གདམས། ངས་ཨ་ཁྱུང་ལ་སྒོར་མོ་སློང་མ་མྱོང་བར་མ་ཟད་དེ་སྔོན་ཁོས་ཁྱོད་ལ《རྨ་ལྷོ་སོག་རྫོང་གི་ལོ་རེའི་དོན་གསལ་མེ་ལོང》གི་རྩོམ་ཡོན་བྱིན་པ་ཉུང་འདུག (ཡིག་འབྲུ་སྟོང་རེར་སྒོར་མོ་བརྒྱ་རེ)ཡར་ཞུ་ཞིག་ཕྲིས་དང་ཅུང་ཙམ་ཁ་གསབ་བྱེད་ཅེས་བཤད་ནའང་ངས་མི་དགོས་ཞེས་མ་བླངས་མོད། འོན་ཀྱང་ད་ཐེངས་སྒོར་མོ་ཅུང་ཙམ་ཡོད་ན་ཐག་རིང་ནས་གདན་འདྲེན་ཞུས་པའི་སྐུ་མགྲོན་རྣམས་ཀྱང་མགྲོན་ཁང་ཅུང་ཡག་ཤོས་ནང་སྡོད་དུ་བཅུག་ཆོག་བསམས་ནས་ཚོགས་འདུའི་སྣེ་ལེན་གྱི་འགན་ཁུར་མཁན་ན་གཞོན་སྙན་ངག་པ་བསོད་ནམས་རབ་བརྟན་ལ་སྒོར་མོ་དེ་ལེན་དུ་བཅུག

  2017ལོའི་དབྱར་ཁར་རྨ་ལྷོ་སོག་རྫོང་མི་དམངས་སྲིད་གཞུང་དང་ནུབ་བྱང་མི་རིགས་སློབ་ཆེན་གཉིས་མཉམ་འབྲེལ་གྱིས“‘རྒྱུད་གཅིག་ལམ་གཅིག’གི་མཐོང་ལམ་ལས་སོག་བོད་རིག་གནས་བརྗེ་རེས་ཀྱི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ”ཞེས་པ་རྨ་ལྷོ་སོག་རྫོང་དུ་འཚོགས། འདི་ནི་རྨ་ལྷོ་སོག་རྫོང་གི་ལོ་རྒྱུས་སྟེང་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་འདུ་འཚོགས་ཐེངས་གཉིས་པ་རེད། ང་ཡང་ཚོགས་འདུ་དེར་གདན་འདྲེན་ཞུས་ཤིང་། ཚོགས་འདུའི་སྟེང་ལོ་མང་པོར་ངོ་མ་ཐུག་པའི་བོད་རིག་པའི་མཁས་པ་གྲོགས་པོ་འགའ་དང་ཕྲད་དེ་ཁ་བརྡ་བྱས་ནས་ཧ་ཅང་སྤྲོ་བོ་བྱུང་།

  གོང་དུ་བཤད་པ་ནི་ཨ་ཁྱུང་གིས་བཏོན་པའི“རིག་གནས་བཟོ་སྐྲུན་བཅུ་གཉིས”ཏེ། རིག་གནས་རྟེན་གཞི་བཞི་དང་དཔེ་ཆ་སྒྲ་གཟུགས་བཞི། བྱ་འགུལ་ཆེན་པོ་བཞི་དང“སྐོར་ཞིག་སྣ་དྲུག”སྟེ་གཟུགས་འདས་ཤུལ་བཞག་རིག་གནས་མྱུར་སྐྱོབ་སྐོར་ཞིག་དང་རིག་གནས་ལས་གཞི་གལ་ཆེན་སྐོར་ཞིག རིག་གནས་རྟེན་གཞི་འཛུགས་སྐྲུན་སྐོར་ཞིག རིག་གནས་དཔེ་ཆ་དག་བསྒྲིགས་སྐོར་ཞིག རིག་གནས་བྱ་འགུལ་ཆེན་པོ་སྐོར་ཞིག བརྙན་གཟུགས་དྲིལ་སྒྲོག་རྒྱུ་ཆ་སྐོར་ཞིག་ཅེས་པ་ལས་ང་རང་ནང་ལ་ཐེ་ཞུགས་བྱས་པ་འགའ་ཞིག་ཡིན་ལ། གཞན་རྣམས་ཇི་ལྟར་བསྒྲུབས་པའི་སྐོར་ང་ལ་ཆ་རྒྱུས་མེད་པས་འདིར་འབྲི་ཐབས་བྲལ།

  དུས་རབས་གོང་མའི་ལོ་རབས་བདུན་ཅུའི་མཇུག་ནས་དགུ་བཅུའི་སྟོད་བར་ནི་རྨ་ལྷོ་སོག་རྫོང་གི་མི་རིགས་སློབ་གསོའི་རྫོགས་ལྡན་དུས་སྐབས་ཡིན་ཞེས་བཤད་ཆོག གང་ཡིན་ཟེར་ན་དེ་དུས་དམའ་འབྲིང་མཐར་ཕྱིན་རྗེས་མཐོ་འབྲིང་མ་བཏོན་ནའང་ལས་ཀའི་ཞོར་དུ་ལོ་གཅིག་གཉིས་ཙམ་ལ་རང་སྦྱོང་བྱས་རྗེས་སློབ་ཆེན་དུ་རྒྱུགས་འཕྲོད་མཁན་ཡང་ཡོད་དེ། དཔེར་ན་གོང་དུ་བཤད་པའི་ཆབ་བྲག་མགོན་པོ་སྐྱབས་ལྟ་བུ་རེད། ཡིན་ནའང་རྒྱུ་རྐྱེན་དུ་མའི་དབང་གིས་རྨ་ལྷོ་སོག་རྫོང་གི་མི་རིགས་སློབ་གསོ་ལོ་རེ་ནས་ལོ་རེར་ཇེ་སྡུག་ནས་ཇེ་སྡུག་ཏུ་སོང་སྟེ་མཚམས་ཤིག་རྨ་ལྷོ་ཁུལ་གྱི་རྫོང་ཁག་བཞིའི་ཆེས་ཐ་མར་ལྷུང་ནས་ཕལ་ཆེར་སྐྱོབ་ཐབས་མེད་པའི་ཚུལ་དུ་འདུག དབྱིན་ཇིའི་མཚན་ཉིད་རིག་པའི་ཁྱུ་མཆོག་བྷ་ཁོན(Francis Bacon)གྱིས“སྐྱེ་བོ་ཉམས་མྱོང་ཅན་གྱིས་ཀྱང་དོན་དག་འགའ་རེ་བསྒྲུབ་ཐུབ་མོད། འོན་ཀྱང་ཁྱོན་ཡོངས་ནས་བསྒྱུར་བཅོས་བྱས་ཏེ་དོན་དག་ཆེན་པོ་བསྒྲུབ་དགོས་ན་ཤེས་བྱ་སྣ་མང་འཛོམས་པའི་ངེས་པ་དོན་གྱི་མཁས་པ་དག་གིས་མ་གཏོགས་བསྒྲུབ་ཐུབ་པ་མ་རེད།”ཅེས་གསུངས་ཡོད། ཨ་ཁྱུང་རྫོང་དཔོན་དུ་བསྡད་རྗེས་སློབ་གསོ་ཅུས་ཀྲང་ནས་སློབ་ཆུང་སློབ་གཙོ་བར་གྱི་མི་སྣ་སྡེབ་སྒྲིག་བྱས་ཤིང་། ཕུལ་བྱུང་སློབ་མར་བྱ་དགའ་མཐོན་པོ་སྟེར་བ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་ཅིང་འབད་པ་ལྷོད་མེད་བྱས་མཐར་གཞི་ནས་ཧོ་ནན་རྫོང་མི་རིགས་སློབ་འབྲིང་གིས2018ལོ་དང2019ལོ་སྟེ་བསྟུད་མར་ལོ་གཉིས་ལ་ཁུལ་ཡོངས་ཀྱི་འབྲིང་རྒྱུགས་ཁྲོད་སྣ་འཛོམས་གྲུབ་འབྲས་ཨང་དང་པོ་བླངས། དགའ་འོས་པའི་དོན་བཟང་འདི་ཨ་ཁྱུང་ལས་གནས་སྤར་རྗེས་ཡང་བསྐྱར་ཇེ་སྡུག་ཏུ་མི་འགྲོ་བར་གསོལ་བ་སྙིང་ནས་འདེབས།

  ཨ་ཁྱུང་ངེད་གཉིས་ཀྱི་མཛའ་བརྩེ་ནི་ཐེངས་གཅིག་རང་བཞིན་དང་ཕན་ཚུན་བེད་སྤྱོད་གཏོང་བ་དེའི་རིགས་གཏན་ནས་མ་ཡིན་པར་དམིགས་ཡུལ་དང་རྒྱུ་མཚན་གང་ཡང་མེད་པར་ཕན་ཚུན་ཤ་ཚ་བ་དང་སྙིང་ཉེ་བ་དེའི་རིགས་ཡིན། དཔེར་ན་ངས་ཉིན་མཚན་དབྱེར་མེད་དུ་ཆང་རག་འཐུངས་ནས་གང་སར་འཁྱམས་པ་ན་ཨ་ཁྱུང་གིས་ང་གང་སར་བཙལ་ཏེ་ཞི་དྲག་མཉམ་སྤྱོད་ཀྱིས་ཁྱིམ་ལ་ཁྲིད་པ་ཐེངས་གཅིག་གཉིས་ཙམ་མིན། སྤྱིར་ན་ང་ནི་ཆང་རག་འཐུངས་ན་གཤིས་ཀ་རྩིང་པོར་འགྱུར་བ་དེའི་རིགས་མིན་ནའང་ཐེངས་ཤིག་བདུད་འདྲེ་གདུག་པ་ཅན་སུ་ཞིག་ཁོག་ཏུ་ཞུགས་པ་མི་ཤེས་མོད། གང་ལྟར་ངས་ཨ་ཁྱུང་གི་ཁ་མ་བླངས་པར་ཨུ་ཚུགས་གཡག་ལྟར་བྱས་པར་མ་ཟད་ད་དུང་ཁོའི་གདོང་ལ་ཁུ་ཚུར་གཞུས་ཏེ་ཁ་ཁྲག་སྣ་ཁྲག་ཙར་སེ་བཏང་། ཨ་ཁྱུང་གིས་དེ་ལ་འཁང་ར་མི་བྱེད་པར་མ་ཟད་ངའི་བཟི་དྭངས་རྗེས་ད་དུང་ལུས་པོ་བདེ་མིན་ཁམས་འདྲི་བྱས་ཤིང་ཕྱིན་ཆད་ཆང་རག་མི་འཐུང་བའི་ཁ་ཏ་དང་ཞུ་བ་ཡང་ཡང་བྱས་པས་ང་ཡང་ལྐོག་ཏུ་མིག་ཆུ་ཤོར། ཡང་ཐེངས་ཤིག་ངེད་གཉིས་རེབ་གོང་དུ་སྲིད་གྲོས་ཀྱི་ཚོགས་འདུ་ལ་ཞུགས་སྐབས་ང་གང་སར་འཁྱམས་ནས་ཆང་རག་འཐུངས་། ཁོས་ང་བཙལ་བཙལ་ནས་རྙེད་རྗེས་རང་གི་རླངས་འཁོར་ཆེད་དུ་མངགས་ཏེ་ཁྱིམ་ལ་བསྐྱལ་དུ་བཅུག

  ངས་རང་གི་གྲོགས་པོར་ཆེ་བསྟོད་བྱས་པ་མིན་མོད། ཨ་ཁྱུང་རྫོང་དཔོན་དུ་བསྡད་པའི་རིང་ལ་ས་གར་སོང་ཟེར་ན་འདིར་སོང་དང་ལས་གང་བྱས་ཟེར་ན་འདི་བྱས་ཟེར་བ་ཞིག་སྟོན་རྒྱུ་ཡོད་པ་འདི་ཚང་མས་མིག་མཐོང་ལག་ཟིན་དུ་ཡོད་པས“དེང་སྐབས་དཔོན་གནས་ཤིག་ལོན་ན་དེ་ནི་ངོ་ཚ་ཞིག་ཡིན་པ་ལས་ངོམས་རྒྱུ་ཞིག་མ་རེད”ཅེས་པའི་བཤད་སྲོལ་ཞིག་ཡོད་པ་འདིའང་བརྒྱ་ཆའི་བརྒྱ་བདེན་པ་རེད་ཅེས་བཤད་མི་ཐུབ་ལ། མ་མཐའ་ཡང་དཔོན་པོའི་ནང་ནའང་རང་གི་མི་རིགས་དང་རིག་གནས་ལ་ཤ་ཚ་ཞིང་གོ་ཆོད་མཁན་འགའ་རེ་ཡོད་པ་རེད།

  ཨ་ཁྱུང་དང་པོ་ཁམས་ཆབ་མདོའི་ཡུལ་དུ་ཁྱུང་སྒོ་ངའི་སྦུབས་རྒྱ་གྲོལ་ནས་རིང་པོ་མ་འགོར་བར་ཕ་ཡུལ་ཕྱོགས་སུ་ནམ་འཕང་བཅད་པ་དང་། དེ་ནས་ཡང་རིང་པོ་མ་འགོར་བར་ས་ཆ་མང་པོར་ནམ་འཕང་བཅད་དེ་སློབ་གྲྭ་འགྲིམས་པ་དང་ལས་ཀ་བསྒྲུབ་དགོས་བྱུང་། ད་ལྟ་ཡང་མཚོ་ནུབ་ཁུལ་དུ་འགོ་ཁྲིད་ཀྱི་གོ་གནས་ཁུར་དུ་འཕུར་སོང་།

  མཇུག་མཐར་བརྩེ་བའི་གྲོགས་པོ་ཨ་ཁྱུང་ས་གང་ལ་སོང་ན་དེ་གའི་མང་ཚོགས་ལ་བྱམས་དང་སྙིང་རྗེས་བསྐྱངས་ཏེ་མི་རིགས་ཀྱི་རིག་གནས་སློབ་གསོའི་ལས་དོན་ལ་སྔར་ལས་ལྷག་པའི་བྱས་རྗེས་འཇོག་པའི་སྨོན་འདུན་དང་བཅས་བཀྲ་ཤིས་བདེ་ལེགས་ཞུའོ།།

                                    2020ལོའི་ཟླ7ཚེས10ཉིན།

                                   ——2020ལོའི་ཟླ7ཚེས24ཉིན་གྱི《མཚོ་སྔོན་བོད་ཡིག་གསར་འགྱུར》ལས་བདམས།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། 《མཚོ་སྔོན་བོད་ཡིག་གསར་འགྱུར》

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་རིང་དོན་གྲུབ་ཀྱི་ལྷུག་རྩོམ་གསར་པ། 《དྲན་ཐོ་ཁྱུང་གཤོག་ལྡེམ་པ》

2020-07-26 ཚེ་རིང་དོན་གྲུབ།(ཟི་ལིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།