རྣམ་འགྲེལ་གྱི་རྒྱུན་ཤེས།
ཚད་མ་དང་ཚེ་སྲོག་གི་ཡང་སྙིང་།
དང་པོ་ནི་ང་ཚོའི་སྐྱེ་འཆི་དང་མདུན་ལམ་གྱི་གོམ་ཁ་ཡོད་ཚད་ཚེ་སྲོག་ཅེས་པའི་ཚིག་འབྲུ་གཉིས་ཀྱི་ཆེད་དུ་ཡིན་ལ། བདེན་ལུགས་དང་ཤེས་རབ་ཀྱི་ཆེད་དུ་ཧུར་བརྩོན་བྱེད་བཞིན་པ་དེའང་ཡང་སྙིང་ཞེས་པའི་ཡི་གེ་གཉིས་ཀྱི་དོད་དུ་ཡིན་ནོ། །དེ་དག་གི་དཔྱོད་མིག་དང་དྲན་ཚོར་ཡོད་ཚད་ཀྱང་ཚད་མ་ཞེས་པ་དེ་དང་ཁ་བྲལ་དུ་སོང་ཚེ་ཡོད་ཚད་མུན་ནག་གི་ནང་དུ་ལག་པ་བརྐྱངས་ཤིང་མགོ་བོ་འཐོམ་བཞིན་འཁྱམས་ངེས། དེས་ན་ང་ཚོས་ཚེ་སྲོག་ལ་ཡང་སྙིང་བསྐྲུན་དགོས་ཚེ་ཚད་མའི་དཔྱོད་ཤེས་ལྡན་དགོས་ལ། དེ་འདྲའི་ཚད་མ་དེའང་དོན་དངོས་ལ་བསམ་གཞིག་དང་། ཡིན་ཚུལ་ལ་ཚད་མཇལ་བའི་ནུས་པ་དགོས་སོ། །དེའི་ཕྱིར་ང་ཚོས་རིགས་གཞུང་ལ་སྔོག་བཤེར་དང་། བདེན་ཚིག་ལ་གསེར་ཡིག་ཏུ་སྒོམ་བཞིན་ཡོད་དོ། །དེ་འདྲའི་རིག་གཞུང་དང་གསེར་ཡིག་དག་ལས་ད་གཟོད་ང་ཚོས་ཅི་ཞིག་རྙེད་ཡོད་པ་ཁྱོད་ཀྱིས་ཤེས་སམ། དེ་ལས་ཚད་མས་གྲུབ་པའི་ཚེ་སྲོག་ཅེས་པ་འདི་རྙེད་ཡོད། ཡོད་ཚད་ཀྱིས་ཚད་མཐོ་བའི་ལྟ་གྲུབ་དང་ཡིད་ཚིམས་པའི་ཡང་སྙིང་དེའང་ཚད་མས་གྲུབ་པའི་ཚེ་སྲོག་ཟེར་བ་འདི་ཡིན་ལ། འདི་ནི་ཡོད་ཚད་ཀྱིས་རེ་བ་དང་འཐོབ་བྱ་རུ་གྱུར་ཡོད་པས་སོ། །འོན་ཀྱང་ཡོད་ཚད་ཀྱིས་འདི་རྙེད་ཡོད་སྙམ་པ་ལས་རྙེད་པའི་ངེས་པ་གཏན་ནས་མེད་ལ་ཡོད་ཚད་ཀྱིས་རྙེད་ཐུབ་པ་ཞིག་ཀྱང་ལར་ནས་མིན། རང་གིས་ཀྱང་རང་བློ་ཆུང་ཆུང་འདི་དབང་བཙན་དང་རང་ལུགས་ལྷུག་པོར་འདི་སོར་བཞག་བྱས་པ་ལས་ཡོད་ཚད་ཀྱིས་བཤད་པ་འདི་དང་། ཀུན་པོས་བཤད་པ་དེ་སོགས་ཀྱིས་ཁ་གཅིག་གྲགས་དང་འཛུབ་མོ་གཅིག་བཙུགས་ཤིག་མི་ནུས་ལ། ཚད་མ་ཞེས་པའི་གཞུང་ཚན་གཅིག་གི་ཆེད་དུ་དབུ་སྐྲ་དཀར། གཉེར་མ་དོད། སོ་དཀར་འཐོར་སོང་བ་དག་གིས་ཀྱང་ཁ་གཅིག་མཐུན་དང་། ཁོག་གཅིག་འདོད་ཀྱི་གཏམ་ཞིག་ད་བར་དུ་གླེང་རྒྱུ་བྱུང་མྱོང་མེད། འོ་ན་རང་བློ་ཁབ་མིག་ལས་རང་རྟོག་སྐུད་པ་ཙམ་བྱུང་བའི་གཏམ་གྱི་སྙིང་པོ་ནི་འདི་ལྟར་ཏེ། ཚད་མ་ཟེར་བ་འདི་ཅི་ལྟར་ཡིན་པ་དང་། ཚེ་སྲོག་ཅེས་པ་འདི་གང་ཞིག་ཡིན་པ། ཚད་མ་དང་ཚེ་སྲོག་གི་བར་དུ་འབྲེལ་བ་ཅི་ཞིག་ཡོད་པ་འདི་བཤད་འདོད་ལ་སྨྲ་དགོས་པའི་སྐབས་བབས་ཀྱི་གཏམ། དུས་བབས་ཀྱི་ཆར་ཡིན་པ་ལགས་ན། འདི་ལྟར་ཚད་མ་ནི་བསྡུས་ཏེ་བཤད་ན་མངོན་སུམ་དང་། རྗེས་དཔག་གཉིས་ཙམ་ཡིན་ལ། རྒྱས་ཏེ་སྤྲོ་ནའང་དེ་གཉིས་ལས་བརྒལ་མི་དགོས། ལར་བཤད་བྱ་རུ་གྱུར་པའི་ཚད་མ་དང་ཚེ་སྲོག་གི་རྣམ་དབྱེ། ཚད་མ་དང་ཚེ་སྲོག་གི་ངོ་བོ་ཡོད་ཚད་སྔོན་བྱོན་མཁན་པོའི་ཐུགས་དགོངས་བཞིན་དགག་སྒྲུབ་ཀྱི་འཆར་གཞི་མེད་ལ། སྔོན་བྱོན་མཁན་པོའི་གསུང་བཞིན་ཆེན་པོ་མཐོན་པོ་ཞིག་གི་དགོངས་གཞི་ཕྱོགས་བསྡུས་ཀྱི་གླེགས་བམ་ཞིག་འགྲུབ་པའི་རེ་བ་གཏན་ནས་མེད་དོ། །རང་གིས་དྲན་ཚོད་དེ་ཡིག་ཐོག་ཏུ་ཕབ་པ་ལས་མྱི་ཞིག་གི་ཟེར་སྒྲོས་ཕྱོགས་བསྡུས་ཀྱི་ཡིག་ཚོགས་དེ་ནི་བདག་པོ་རང་དང་གཞན་གྱི་རྩོད་པ་བརྒྱག་དགོས་ཆེ་སྙམ། མ་གཞི་ནས་རང་བློ་འདི་རྟུལ་དྲགས་པས་མིན་ན། རང་སེམས་འདི་འཁྲུག་ཆེ་བས་མིན་ན་དེང་གི་མཁས་དབང་དང་དེང་གི་བསྟན་བཅོས་ལ་ཞེ་དྲགས་དགའ་ཞེན་དང་དད་མོས་བླ་ལྷག་འདུག ལྷག་པར་དུ་དགེན་སྒོ་ཤེར་གྱི་བསམ་འཆར་དང་བསྟན་བཅོས་ཀྱི་རྩོམ་ལུགས་ལ་ཅི་འདྲའི་བལྟས་ན་མཛེས་ཤིང་སེམས་ན་མི་ཚར་བའི་ཟབ་ཚིག་ཤ་སྟག་གིས་གྲུབ་མི་འདུག་གམ། ཡིན་ཡང་འཕྲོས་དོན་གྱིས་སྐབས་དོན་སྒྲིབ་པའི་ཚོད་དུ་འདུག་པས་རེ་ཞིག་བཞག་གོ །དངོས་ལ་དཔྱད་ན་དངོས་ཡོད་ལ་དངོས་མཐོང་གི་ཤེས་པ་དེ་མངོན་སུམ་དང་། དངོས་མེད་ལ་ཤུགས་མཐོང་གི་ཤེས་པ་དེ་རྗེས་དཔག་ཡིན་ནོ། །དེའང་རགས་བཤད་དང་ངེས་བཟུང་སླར་ཕྱིར་ཡིན་པ་ལས་ཁྱབ་མཐའ་འགོག་བྱེད་ཞིག་མིན་ལགས། མངོན་སུམ་དང་མངོན་སུམ་ཚད་མ། རྗེས་དཔག་དང་རྗེས་དཔག་ཚད་མ་སོགས་ངོ་བོ་སོ་སོར་དང་རྣམ་པ་ཐ་དད་ཡོད་མོད་འདི་རེ་རེ་བཞིན་བཤད་ན་དགོས་པ་མ་མཆིས་པས་གང་ཞིག་བཤད་འདོད་པ་ནི་ཚད་མའི་བྱེད་ནུས་དང་ངོ་བོ་ལ་འཁྲིལ་བར་བྱའོ། །དེ་ཡང་ཚད་མ་ཟེར་བ་ནི་ཡིན་ཚུལ་ལ་ཡིན་ཚུལ་ལྟར་ཚད་གཞལ་བའི་ནུས་པ་ལྡན་པའི་བློ་རིགས་ཤིག་ལ་ཟེར་རོ། །བློ་རིགས་ཡོད་ཚད་འདི་ལྟར་ཡིན་པའི་ངེས་པ་མེད་པས་བློ་རིགས་ལའང་ཚད་མ་དང་ཚད་མིན་གཉིས་བྱུང་སོང་བ་ཡིན་ལ། ཚད་མ་ལའང་དངོས་ཡོད་ལ་དངོས་པོའི་གྲུབ་ཚུལ་དང་མི་འགལ་བ་མངོན་སུམ་རྟོགས་པའི་ཤེས་པ་དེ་མངོན་སུམ་ཚད་མ་དང་།དངོས་མེད་ལ་རྒྱུ་མཚན་ཡང་དག་དང་མི་འགལ་བར་ངེས་པར་རྟོགས་པ་དེ་རྗེས་དཔག་ཚད་མ་ཡིན་ནོ། །དེ་ནི་རང་ཉིད་ཚེ་སྲོག་གི་ངོ་བོ་གྲུབ་པ་ནས་ཡང་སྙིང་ཞེས་པའི་ཡིག་འབྲི་ཡི་ཆེད་དུ་ངེས་དགོས་ཀྱི་དཔྱོད་མིག་དང་འཐབ་འཛིང་གི་ལག་ཆ་ཆེ་ཤོས་དེ་ཡིན་ནོ། །མ་ཟད་མངོན་སུམ་དང་རྗེས་དཔག་གི་བྱེད་ལས་དང་ནུས་པ་སོགས་ཡོད་ཚད་ནས་འབྲེལ་བཤད་གྱ་ནོམ་པ་རེ་བརྒྱག་ཏུ་ཡོད་མོད་གཤམ་གྱི་ཚད་མ་དང་ཚེ་སྲོག་གི་འབྲེལ་བ་ལས་རྟོགས་པར་བྱའོ། །
ད་ནི་ཚེ་སྲོག་གི་ངོ་བོ་མདོར་ཙམ་སྨྲ་བར་བྱ་སྟེ། ཚེ་སྲོག་ཅེས་པ་འདིའི་སྐྱེ་གནས་དང་། ཚེ་སྲོག་གི་གྲུབ་ཚུལ་ལ་བསམ་གཞིག་མི་མཐུན་པའི་གྲགས་འགུལ་སྣ་ཚོགས་བྱུང་དང་འབྱུང་གི་འདུག་མོད། ཏན་ཏན་ཚེ་སྲོག་ཟེར་བ་དེ་འདི་དང་དེ་སོགས་ཀྱི་འདོད་ཚུལ་གཅིག་གྱུར་ཞིག་ཡོང་བར་དཀའ་མོ་ལ་དང་། དཀོན་མོ་ཆུ་ཡིན་ནོ། །མ་གཞི་ནས་ཚེ་སྲོག་འདི་དེ་འདྲའི་དཀའ་ཉོག་ཆེ་བའང་ཐུགས་ཁག་མེད་དེ། དབང་མངོན་རྩ་ཆེན་དུ་སྒོམ་ཞིང་། ཚན་རིག་སྤྱི་གཙུག་ཏུ་བཀུར་བའི་དེང་གི་དབང་རྩའི་ཚན་རིག་པ་དག་གིས་ང་ཚོའི་རྒྱུད་ཀྱི་བདེ་སྡུག་གི་ཚོར་བ་དང་། བསམ་གཞིག་གི་འགུལ་བསྐྱོད་ཡོད་ཚད་ཐུག་རྒྱུ་རེག་རྒྱུ་མེད་པའི་སེམས་གསལ་རིག་ཅིག་གི་བྱེད་ནུས་མིན་པ། ཡོད་ཚད་ལུས་ཀྱི་རྩ་ཕྲན་དང་ཀླད་པའི་སྒུལ་ཤུགས་ལས་བྱུང་བ་ཤ་སྟག་ཡིན་ལུགས་ཀྱི་འབྲེལ་བཤད་མི་ཉུང་བ་ཞིག་བརྒྱབ་འདུག་པ་ལགས་ན། ང་ཚོས་འདོད་ལུགས་ཀྱི་ཚེ་སྲོག་འདི་ཡང་གསལ་རིག་ཅིག་ཡིན་པ་རང་ལུགས་བཞག་རྒྱུ་ལས་ཁོ་ཚོས་འདོད་པའི་དབང་རྩའི་གྲུབ་ཚུལ་ལ་དགག་པ་ཞིག་བརྒྱག་མྱོང་མེད་ཚོད་རེད། ཁོ་ཚོས་ཀྱང་ང་ཚོ་གསལ་རིག་སྨྲ་བའི་ལུགས་འདི་ལ་ཏན་ཏན་ལུས་ལ་གསལ་རིག་མེད་ཚུལ་གྱི་རིགས་ལམ་ལྷག་པོ་ཞིག་ཁུར་རྒྱུ་མེད་སྙམ། འོ་ན་རང་སེམས་སུ་དྲན་རང་རྟོགས་སུ་ཤར་བཞིན་པ་འདི་གང་ཞེ་ན། ཚེ་སྲོག་འདི་སྐྱེ་འཆི་བར་གྱི་བསམ་གཞིག་གི་ནུས་པ་ལྡན་ལ། སྐྱེ་དངོས་བར་གྱི་འདུ་ཤེས་ཡོད་མེད་ལ་ཁ་མཚོན་ཆོད་པའི་དན་རྟགས་གསར་ཤོས་དེ་ཡིན་ནོ། །ཚེ་སྲོག་གི་རང་བཞིན་ནི། ལུས་ཅན་ལ་གཡོ་འགུལ་གྱི་བྱེད་ནུས་ལྡན་ཞིང་། ལུས་མེད་ལ་ཚོར་གཤེར་གྱི་ཁ་དོག་སྐྲུན་པའི་ཚེ་ཡི་འདས་མར་ད་གསུམ་གྱི་གསལ་རིག་ཅིག་ལ་ཚེ་སྲོག་ཅེས་བརྗོད་ན་གནོད་བྱེད་མེད་སྙམ། ནང་པའི་གཞུང་ལུགས་ཀྱི་ངོས་ན་བཤད་ན་སྲོག་དང་ཚེ་སྲོག་གི་བར་དུ་མི་འདྲ་སའང་ཡོད་དེ། ཚེ་སྲོག་ཡིན་ན་སྲོག་ཡིན་པས་ཁྱབ་ཀྱང་། སྲོག་ཡིན་ན་ཚེ་སྲོག་ཡིན་པས་མ་ཁྱབ་བོ། །དེའང་ཚེ་ནི་དང་པོ་སྐྱེ །བར་དུ་གནས། མཐར་འགག་དགོས་པའི་རང་བཞིན་ཅན་ཞིག་ཡིན་ལ། དེ་ལྡན་གྱི་སྲོག་ཀྱང་དེ་བཞིན་འཕེལ་འགྲིབ་བྱེད་ངེས། འོན་ཀྱང་སྲོག་ཡོད་ཚད་ལ་དེ་དང་ལྡན་པའི་ངེས་པ་མེད་པས། སྲོག་ལའང་འཕེལ་འགྲིབ་ཀྱི་རང་བཞིན་ལྡན་པའི་སྲོག་དང་། འཕེལ་འགྲིབ་ཀྱི་རང་བཞིན་མི་ལྡན་པའི་སྲོག་གཉིས་སུ་ངེས་དགོས་སོ། །དང་པོ་ནི་སྐྱེ་འཆི་ཡི་རང་བཞིན་ལྡན་པའི་གང་ཟག་ལ་ཡོད་ཅིང་། གཉིས་པ་ནི་སྐྱེ་འཆི་དང་བྲལ་བའི་འཕགས་རྒྱུད་ཀྱི་ཤེས་པ་དག་ཡིན་ནོ། །མདོར་ན་སྲོག་དང་ཤེས་པ་དོན་གཅིག་ཡིན་པའི་གནད་དོན་ལ་འཁྲུལ་བར་མི་བྱའོ། །འོ་ན་ཚད་མ་དང་ཚེ་སྲོག་གི་བར་ལ་འབྲེལ་བ་ཅི་ཞིག་ཡོད་དམ་སྙམ་ན། བཅུད་དང་བྲལ་བའི་ཟས་དེ་ཟོས་ཀྱང་ཞིམ་པོ་མེད་པ་བཞིན། ཚད་མ་དང་བྲལ་བའི་ཚེ་སྲོག་ནི་སྐྱེ་ཡང་སྙིང་པོ་མེད་དོ། །བཅུད་ནི་ཟས་ཀྱི་བྲོ་བ་སྦྱིན་པའི་དངོས་པོ་རྩ་ཆེན་དེ་ཡིན་ན། ཚད་མ་ཡང་ཚེ་སྲོག་གི་རིན་ཐང་བསྐྲུན་པའི་དངོས་པོ་གལ་ཆེན་དེ་ཡིན་ལགས། གང་ཞིག་ཚད་མ་དང་བྲལ་བའི་ཚེ་སྲོག་ནི་ཉི་འོད་དང་བྲལ་བའི་མུན་ནག་ནང་བཞིན་མོག་མོག་པོ་ཞིག་ཡིན་ནོ། །ཚད་མས་ཚེ་སྲོག་གི་ཡང་སྙིང་ལ་ཤེས་རབ་སྩོལ་ནུས་ཤིང་། ཚད་མས་ཚེ་སྲོག་གི་དར་རྒུད་ལ་རམ་འདེགས་བྱ་ནུས། ཚེ་སྲོག་གི་འདས་མ་ད་གསུམ་ལ་ཚད་མ་ནི་ལུག་རྫི་བཞིན་རྗེས་ནས་སྐྱོབ་མཁན་དེ་ཡིན་ལ། དམག་དཔོན་བཞིན་སྔོན་ནས་འགྲན་མཁན་ཡང་ཡིན་ལགས། འདས་ཟིན་གྱི་དོན་དག་སླར་དྲན་དགོས་ཚེ་ཚད་མ་ལ་ལྟོས་དགོས་ཤིང་། འབྱུང་འགྱུར་གྱི་དོན་སྔོན་དུ་ཤེས་དགོས་ཚེ་ཡང་ཚད་མ་ལ་ལྟོས་དགོས་སོ། །ད་ལྟའི་གནས་བབས་ཀྱི་དོན་དངོས་ལ་རོལ་མྱོང་བྱ་དགོས་ན་ཡང་ཚད་མ་ལ་ངེས་པར་དུ་ལྟོས་དགོས་སོ། །ང་ཚོའི་རང་རྒྱུད་ཀྱི་སྡུག་བསྔལ་རིང་དུ་དོར། རང་ཉིད་ལ་བདེ་སྐྱིད་ཀྱིས་ཁེངས་དགོས་ཚེ་ཡང་ཚད་མ་ཁོ་ན་ལ་རག་ལས་སོ། །ཚད་མའི་འགུལ་སྐྱོད་དང་ཐབས་ཇུས་ཡོད་ཚད་ཀྱང་ཚེ་སྲོག་ཟེར་བ་འདིའི་ཆེད་དུ་ཡིན་ནོ། ། ད་རེ་ཞིག་ཁག་དང་པོ་འདི་ནས་མཇུག་གྲུབ་པའི་ཁུལ་ཡིན་པ་ལགས་ན་ཐུགས་དང་མ་མཐུན་རུང་ཐུགས་དགོངས་མི་འཁྲུག་པ་མཁྱེན་མཁྱེན་ཞུའོ། །
ལས་འབྲས་དང་ཚེ་སྲོག་གི་འཕེལ་འགྲིབ།
ས་ཆེན་དང་ཆུ་ཆེན་གྱིས་གྲུབ་ཅིང་རི་ལུང་དང་ནགས་ཚལ་གྱིས་ཁེངས་པའི་འཇིག་རྟེན་གྱི་ཡུལ་གྲུ་ཆེན་པོ་འདི་རུ། ལོ་རྒྱུས་ཀྱི་འདས་མ་ད་གསུམ་དང་། དུས་རབས་ཀྱི་གོང་འོག་བར་གསུམ་ལ་གཞིག་ན། འཚོ་གནས་དང་ཚེ་སྲོག་གི་སླད་དུ། ཚེ་འདི་དང་ཕྱི་མའི་དོན་དུ། མི་སྒེར་དང་སྤྱི་ཡི་ཆེད་དུ། ཀླད་པའི་རྩ་སྤྲུག་ཤེས་རབ་ཀྱི་རྒྱ་བསྐྱེད་པའི་མི་གང་དག་ཅིག་བྱུང་ཡོད་པ་རྩིས་ན་མི་ཚར་བགྲངས་ཀྱང་མི་ནུས་པའི་ཚོད་ལ་ཁེལ་འདུག་པ་ལགས་ན། དེ་ཚོས་གང་ཞིག་གཏན་ལ་ཕབས་ཅིང་། ཡིག་ཚོགས་སུ་བཀོད་པའང་གྲངས་ལས་འདས་སོ། །འོ་ན་དེ་ཚོར་དབྱེ་བ་དང་ཤན་འབྱེད་ཅི་ལྟར་བྱ་དགོས་སམ་ཞེ་ན། དེ་ནི་ཆེས་ཁ་ཚོན་ཆོད་ཅིང་གཏན་ཁེལ་བ་ཞིག་ཡོད་པ་ནི། ཚེ་རབས་སྔ་ཕྱི་ཡི་ལས་འབྲས་ཀྱི་འགག་རྩ་ཆེན་པོ་དེ་རུ་ཐུག་ཡོད་དོ། །མཁས་དབང་གང་གིས་ཤེས་རབ་ཀྱིས་གཏན་ལ་ཕབ་ཅིང་། ལུང་རིག་གིས་དཔུང་ཚོགས་སྐྲུན་པ་ཡོད་ཚད། ཡང་ན་ཚེ་འདིའི་འཚོ་གནས་ཀྱི་ཆེད་དུ་ཁོ་ན་ཡིན་ལ། མིན་ན་ཚེ་འདི་ཕྱི་གཉིས་ཀྱི་འཚོ་གནས་ཀྱི་ཆེད་དུ་ཡིན་ནོ། །དེ་གཉིས་དང་བྲལ་བའི་ལྟ་གྲུབ་དང་བསམ་གཞིག་ཅིག་ཡོད་པ་བཙལ་ཀྱང་མི་རྙེད་འཚོས་ཀྱང་དགོས་མེད་རང་ངོ་། །ཚེ་འདི་ཡི་འཚོ་གནས་ཀྱི་ཆེད་ཁོ་ན་ལ་འབད་འབུངས་བྱས་ཤིང་། མཐའ་གཅིག་ཏུ་ཚེ་ཕྱི་མའི་རིང་ལུགས་ལ་དགག་པ་བཏང་མཁན་ཡང་ཉུང་ཉུང་ཞིག་གཏན་ནས་མིན་ནོ། །དེའང་ཚད་མ་ལ་མངོན་སུམ་གྱིས་ཁྱབ་ཅིང་། གཞལ་བྱ་ལ་རང་མཚན་གིས་ཁྱབ་པར་འདོད་པའི་དངོས་གཙོ་སྨྲ་བའི་ལུགས་ལ་བསམ་ནའང་། གནའ་རབས་དངོས་གཙོ་སྨྲ་བའི་སྡེ་དང་དེང་རབས་དངོས་གཙོ་སྨྲ་བའི་སྡེ་གཉིས་སུ་ངེས་ཤིང་། དང་པོ་ནི་གནའ་བོའི་རྒྱ་གར་གྱི་ཡུལ་གྲུ་ཞིག་ཏུ་སྐྱེ་འཕེལ་བྱུང་ཞིང་། དེ་བྱུང་པའི་དུས་ཀྱང་མི་རྣམས་ཚེ་ལོ་ཉི་ཁྲི་ཐུབ་པའི་དུས་དེ་རུ་དྲང་སྲོང་འཇིག་རྟེན་མིག་ཟེར་བ་དེས་དང་པོ་ཁྱབ་དར་དུ་བཏང་ཞིང་། དེའང་འདོད་སྲེད་ཀྱི་ཆེད་དུ་ཡིན་པར་བཤད་ཀྱང་དེ་ནི་ཆ་མི་འཚལ། གང་ལྟར་རང་ཉིད་ཀྱིས་ཀླད་ནུས་ལས་བྱུང་ཞིང་། ཤེས་རབ་དང་ཤེས་རབ་ཀྱི་དཔྱད་འབྲས་ཤིག་སྟེ། ས་ཆེན་པོ་འདི་ཡོམ་ཡོམ་དུ་སྒུལ། མི་མང་མང་ཞིག་སེམས་རྩལ་སྤྲུག་ཐུབ་པ་འདིའང་རང་དགར་ཞིག་ག་ལ་ཡིན་འོས། འོ་ན་ཁོང་གིས་ཡང་སྙིང་ཅི་ཞིག་བཤད་ཡོད་དམ་སྙམ་ན། འབྱུང་བ་སེམས་མེད་རྣམས་ལས་ནི། །ཤེས་པ་ཡོད་པ་ཉིད་སྐྱེ་ཏེ། །སྐྱེ་ཅན་ཡིན་ཕྱིར་མྱོས་མཐུ་དང་། །མེ་ཤེལ་ལས་ནི་མེ་བཞིན་ནོ། །ཞེས་པ་དེའོ། །དེ་ཉིད་ཀྱིས་ཁོང་གི་གྲུབ་མཐའི་ཡངསྙིང་ཕྱི་རུ་མངོན་ཐུབ་བོ། །
གལ་ཏེ་ད་རུང་ཁྱོད་ཀྱིས་གོ་བ་ལོན་མ་ཐུབ་ན་འདི་ལྟར། སེམས་ཀྱི་ཉེར་རྒྱུ་སེམས་མིན་ཏེ། །སེམས་ནི་སེམས་མེད་བེན་ལས་སྐྱེས་སོ། །དཔེར་ན་མྱོས་བྱེད་ཀྱི་མཐུ་དེ་ཆང་མིན་རུང་ཆང་ལས་བྱུང་བ་དང་། མེ་ཤེལ་ལས་བྱུང་བའི་མེ་དེ་མེ་ཤེལ་མིན་རུང་མེ་ཤེལ་ལས་བྱུང་ཆོག་པའི་དངོས་ཡོད་ཀྱིས་ད་གཟོད་ཁྱོད་ལ་ཉེར་རྒྱུ་དང་ཉེར་འབྲས་གཉིས་ངེས་པར་དུ་རིགས་གཅིག་ཡིན་མི་དགོས་པའི་ར་སྤྲོད་དང་ཁུངས་སྐྱེལ་བྱས་མི་འདུག་གམ། འོ་རེད་ཏག་ཏག་སྐད་ཆ་དེ་ལ་དགག་སྒྲུབ་ཀྱི་ནུས་པ་གཉིས་ཡོད་ཏེ། སྒྲུབ་ཕྱོགས་སུ་རང་ཉིད་ཀྱིས་བཞད་པ་བཞིན། མ་ཤི་བར་དུ་བདེ་བར་འཚོ། །ཤི་ན་དེ་ཡིས་སྤྱོད་ཡུལ་མིན། །ལུས་ནི་ཐལ་བ་བཞིན་སོང་ན། །སེམས་ནི་ནམ་མཁའི་བག་ལ་ཞ། །ཞེས་པ་ལྟར་བདེ་སྡུག་ཡོད་ཚད་ཚེ་འདི་ཁོ་ནའི་ཆེད་དུ་ཡིན་པ་ལས་ཚེ་རབས་གཞན་ཟེར་བ་ཞིག་ཡོད་མི་སྲིད་ལ། དེའི་དོན་དུ་བྱ་བ་གང་སྒྲུབ་རུང་འཇུག་འབྲས་ཡོད་ཚད་རི་བོང་གི་རྭ་དང་གཉིས་སུ་མེད་དོ། །དགག་ཕྱོགས་ནས་བཤད་ན་ལས་འབྲས་སྨྲ་བ་དག་ལ་འགྲམ་ལྕག་ཚ་ཐག་ཆོད་ཞིག་གཞུས་མི་འདུག་གམ། དཔེར་ན་ལས་འབྲས་སྨྲ་བ་དག་གིས་འདོད་པ་ལྟར་ཉེར་རྒྱུ་དང་ཉེར་འབྲས་གཉིས་ངེས་པར་དུ་རིགས་མཐུན་ཡིན་དགོས་ན། ཆང་དང་ཆང་གི་ནུས་པ་གཉིས་སམ། མེ་དང་མེ་ཤེལ་གཉིས་ཀྱི་འབྲེལ་བ་དེའང་ཉེར་རྒྱུ་ཉེར་འབྲས་ཀྱི་འབྲེལ་བ་ཡིན་པས་རིགས་མཐུན་ཡིན་པའི་ཐལ་བ་སོགས་དང་། དེས་ཀྱང་མི་ཚད་དེ། གང་གང་འཆི་སེམས་དེ་དང་དེ། །སྐྱེ་བ་གཞན་དུ་རྗེས་འགྲོ་མེད། །འཆི་སེམས་ཡིན་པའི་ཕྱིར་ན་དཔེར། །ཉེས་བྲལ་འཆི་ཁའི་རིག་པ་བཞིན། །ཞེས་གསུངས་པ་ལྟར་འཆི་ཁ་མའི་སེམས་ཡིན་ན་སྐྱེ་བ་གཞན་དུ་རྗེས་སུ་འགྲོ་པས་མ་ཁྱབ་སྟེ། ཁྱེད་ཅག་གིས་འདོད་པའི་ཉེས་བྲལ་གྱི་དགྲ་ལྕམ་བཞིན། ཟེེར་བ་སོགས་དཀའ་ངལ་མི་ཆུང་བའི་གནོད་བྱེད་ཡང་ཉུང་ཉུང་ཞིག་མིན་ལགས། ད་ནི་དེང་རབ་དངོས་གཙོ་སྨྲ་བའི་ལུགས་ཀྱང་རག་ཙམ་གླེང་ན། ཁོ་ཚོས་ཡང་རྒྱང་འཕེན་པའི་འདོད་པ་བཞིན་ཚད་མ་ལ་མངོན་སུམ་གྱིས་ཁྱབ་ཅིང་། གཞལ་བྱ་ལ་རང་མཚན་གྱིས་ཁྱབ་པ་བཞེད་དོ། །དེ་ཙམ་དུ་མ་ཟད་ཚེ་སྲོག་གི་སྐྱེ་འཕེལ་ལ་ལོ་རྒྱུས་དང་བསྒྲག་ནས་འགྲེལ་བཤད་ཡིད་ཚིམ་པ་ཞིག་ཀྱང་སྨྲ་རྒྱུ་འདུག་པས་ཁོ་བོས་འདི་ནས་མདོ་ཙམ་སྨྲས་ན། མ་གཞི་ནས་འདོད་ཚུལ་འདི་ཡང་གཞི་རྩའི་ཆ་ནས་རྒྱང་འཕེན་པའི་འདོད་པ་དང་གཉིས་སུ་མེད་ཏེ། འབྱུང་བ་སེམས་མེད་རྣམས་ལས་ནི། །ཤེས་པ་ཡོད་པ་ཉིད་སྐྱེ་ཏེ། །ཞེས་པ་ལྟར་འབྱུང་བ་སེམས་མེད་ལས་སེམས་སྐྱེས། དེ་ནས་འཇིག་རྟེན་འདི་རུ་སྲོག་ཆགས་ཟེར་བ་ཞིག་གྲུབ་ཅིང་། སྲོག་ཆགས་དེའང་དུས་དང་ཁོར་ཡུག་སོགས་ཀྱི་རྐྱེན་གྱིས་སྲོག་ཆགས་ཀྱི་རིགས་དམའ་རིམ་ནས་མཐོ་རིམ་དུ་འཕེལ་རྒྱས་སུ་ཕྱིན་པས་ད་གཟོད་མིའི་སྲོག་ཆགས་འདི་གྲུབ་ཡོད་པའི་འགྲེལ་བཤད་བྱས་པ་ལས། ལས་འབྲས་སྨྲ་བ་དང་། ལྷ་འདྲེ་སྨྲ་བའི་འདོད་ཚུལ་བཞིན་མི་དང་དུད་འགྲོ་ཅི་ཞིག་སྐྱེ་དགོས་རུང་དེ་སྐྱེ་བ་ལ་མཐོང་རྒྱུ་རིག་རྒྱུ་མེད་པའི་ལས་ཟེར་བ་ཞིག་དང་། འགྱུར་རྒྱུ་འཇིག་རྒྱུ་མེད་པའི་དབང་ཕྱུག་ཟེར་བ་ཞིག་གིས་བཀོད་སྒྲིག་བྱས་པ་ཞིག་ལ་ནས་མི་འདོད་ལ། བཤད་ཀྱང་རྣ་བར་མི་འགྲོ་བའི་གཏམ་དུ་བཞག་གོ །དེ་ལ་སྐུ་ཞབས་ཞོག་དུང་སོགས་ཀྱིས་ཀྱང་འདྲ་དོད་པའི་གཏམ་འདི་ལྟར་བཤད་ཡོད་དེ། ཁོང་གིས་གསུངས་རྒྱུ་ལ། ང་ཚོས་དམིགས་ཡུལ་དང་མདུན་ལམ་གྱི་ཆེད་དུ་ཧུར་བརྩོན་བྱེད་པ་ཡོད་ཚད། ངེས་ཤིང་མཐོང་བ་གང་ཞིག་གི་ཆེད་དུ་འབད་དགོས་པ་ལས། མ་ངེས་ཤིང་མི་མཐོང་བའི་ཤིན་ལྐོག་གི་ཆེད་དུ་འབད་འབུས་བྱས་པ་ཡོད་ཚད་ལ་གྲུབ་འབྲས་ཅི་ཞིག་ཐོབ་པ་སུས་ཤེས། དཔེར་ན་གསེར་བཙལ་མཁན་གྱི་མི་ཞིག་གིས་གསེར་ཡོད་ངེས་ཀྱི་ལུང་པ་དེ་ལ་གསེར་འཚོལ་དུ་མི་འགྲོ་བ། གསེར་ཡོད་མེད་ལ་ཐེ་ཚོམ་ཡིན་པའི་ལུང་པ་ཞིག་ཏུ་གསེར་འཚོལ་ཏུ་སོང་བ་དང་གཉིས་སུ་མེད་པ་བཞིན་ལྷ་འདྲེ་སྨྲ་བ་དག་གིས་ལུས་ངག་ཡིད་གསུམ་གྱི་སྦྱོར་བ་ཡོད་ཚད་དེ་དང་སོ་སོར་མ་འཆས་སོ། །ཞེས་གསུངས་སོ།
ཁོང་ནི་དེང་རབས་བོད་ཀྱི་དངོས་གཙོ་སྨྲ་མཁན་མར་ཁེ་སི་རིང་ལུགས་ཀྱི་ཚབ་མཚོན་ཞིག་ཏུ་བགྲང་ཡང་མི་ཆོག་པ་མེད་དོ། །འོ་ན་རང་ལུགས་གང་ཞེ་ན། ལྷ་འདྲེ་སྨྲ་བའི་ལྟ་གྲུབ་བམ། ལས་འབྲས་འདོད་པའི་གྲུབ་མཐའ་ཞིག་གི་ལྟ་ཚུལ་ཏེ། དེའང་ལས་འབྲས་དང་ལྷ་འདྲེ་སྨྲ་མཁན་ལ་ཕྱི་ནང་གི་གྲུབ་མཐའ་སྨྲ་བའང་མང་ཞིང་། དེང་རབས་ཀྱི་སེམས་གཙོ་སྨྲ་བ་ཡང་ཤིན་ཏུ་མང་ངོ་། །འོན་ཀྱང་རང་སེམས་སུ་འབབ་པ་དེ་ནི་བདག་སོགས་གདུལ་བྱའི་མགོན་ཆེན་མོ་སྐྱེས་མཆོག་དོན་ཀུན་འགྲུབ་པས་གཏན་ལ་ཕབས་ཤིང་། བླང་དོར་བྱས་པའི་ཉམས་མྱོང་གི་ལྟ་གྲུབ་དེ་ལ་བདེན་ཚིག་དང་ཤེས་རབ་གྱིས་གྲུབ་ཡོད་པ་གཏན་ཁེལ། མ་གཞི་ནས་ང་ཚོའི་སེམས་སུ་ཡོད་ཚད་ལ་ཡོད་སྒྲུབ་ཀྱི་རིག་པ་དགོས་པ་དང་། མེད་ཚད་ལ་མེད་སྒྲུབ་ཀྱི་གཏན་ཚིགས་འགོད་པ་དེ་བློ་གྲོས་རྩིང་བའི་རང་རྟགས་ཤིག་རེད་མི་འདུག་གམ། ང་ཚོས་རིག་པས་དཔྱད་ཆེ་ནས་ཚད་ལས་རྒལ་རྒྱུ་མེད་པ་ཞིག་གཏན་ནས་མིན་ཏེ། རིག་ལམ་གྱིས་དཔྱད་དྲག་ནས་དངོས་ཡོད་དངོས་མེད་དུ་སྒྲུབ་ཅིང་། དངོས་མེད་དངོས་ཡོད་ལ་སྒྲུབ་པའང་མི་སྲིད་པ་ཞིག་གཏན་ནས་མིན་པས་ཡོད་ཚད་རིག་ལམ་གྱིས་ཐག་ཆོད་པ་ཞིག་ལ་ནས་རེད་མི་འདུག་གོ །དཔེར་ན་ནང་བསྟན་གྱི་གྲུབ་མཐའི་རྩེ་གྲ་རུ་ཆགས་པའི་ཐེག་ཆེན་གྱི་གྲུབ་མཐའམ། དེའི་ནང་ནས་ཀྱང་ཐར་ལམ་སྒྲུབ་པ་ལ་ལམ་ཡག་ཤོས་སུ་གྱུར་པའི་གསང་སྔགས་ཀྱི་ལམ་རིམ་འདི་ལ་མཚོན་ན། གང་ཞིག་དོགས་པ་དང་ཐེ་ཚོམ་གྱི་ངང་ནས་རྟགས་དཔྱད་ཙམ་བྱས་ཀྱང་དེ་ཉིད་ངན་འགྲོ་སྐྱེ་བའི་རྒྱུ་ལས་མ་འདས་པ་ནང་བཞིན། ཡོད་ཚད་ལ་རིག་ལམ་ཁོ་ནས་བེད་སྤྱོད་རྐྱང་པ་བྱས་ན་དེ་ཉིད་རྨོངས་པའི་རྒྱུ་རུ་མི་འགྲོ་བའི་ངེས་པའང་མེད་དོ། །དེའི་ཕྱིར་རིགས་ལམ་བེད་སྤྱོད་སྟངས་ཀྱི་སྦྱོར་བ་མ་ནོར་ཞིག །དོན་དངོས་འགའ་ཞིག་དངོས་སུ་མེ་དང་ལག་པ་འཕྲད་པའི་ངང་ཚུལ་བཞིན་ཚོར་བ་མྱོང་དགོས་པ་ལས། དཔྱད་ནས་ངེས་ཤེས་རྙེད་མི་སྲིད་དོ། །དེ་བཞིན་ཚེ་སྔ་ཕྱི་ཟེར་བ་འདི་ཡང་མྱོང་ན་ཤེས་རྒྱུ་ཞིག་ལས་བཤད་ན་བུ་རམ་ཟོས་པའི་མྱོང་ཚོར་ཇི་བཞིན་བཤད་མཁན་ལ་ཚིག་གིས་ཆ་རྐྱེན་མི་འགྲིགས་ཤིང་། ཉན་མཁན་ལ་གོ་བ་ཟབ་མོ་ཞིག་དེ་བས་ཀྱང་ཡང་མི་སྲིད་དོ། །གལ་ཏེ་ཅིས་ཀྱང་གོ་བ་ཟབ་མོ་ཞིག་སྤྲད་རོགས་ཟེར་ན། ཡིན་གཅིག་བུ་རམ་ཟོས་པའི་མྱོང་ཚོར་ཤོད་ཟེར་བ་དང་ཁྱད་མེད་ཡིན་པས་བུ་རམ་ཞིག་ཁོ་ལ་སྦྱིན་དགོས་པ་བཞིན། བར་དོ་ངོ་སྤྲོད་བྱ་དགོས་པའི་ལས་རིགས་ཤིག་མགོ་རྩོམ་རྒྱུ་ལས་ཅི་ཡང་འོས་མེད་དོ། །འོ་ན་རྣམ་འགྲེལ་མཁན་པོས་ཚད་གྲུབ་ལེའུ་ལས་བཤད་པ་དོན་མེད་དང་སྨྲས་པ་དགོས་མེད་དུ་གྱུར་སོང་བ་རེད་དམ་སྙམ་ན་དེའང་མ་ཡིན་སྟེ། ཤེས་པ་འདི་ལུས་ལས་སྐྱེས་པར་འདོད་པའི་ལུགས་དགག་ཅིང་། སངས་རྒྱས་འདི་རྒྱུ་མེད་ལས་བྱུང་བ་ཞིག་མིན་པར་སྒྲུབ་ཡོད་ལ་གྲུབ་ཀྱང་ཡོད་དོ། །དེ་བཞིན་དེས་གསུངས་པའི་ཚད་མའི་གཞུང་ལུགས་དག་ཀྱང་བཀའ་ཚད་མ་དུ་སྒྲུབ་ཡོད་པ་ལགས་ན། དེ་ཚོ་ནི་ཚད་གྲུབ་ལེའུ་ཡི་ཡང་སྙིང་དུ་གྱུར་ཡོད་པར་འདུག་གོ །འོན་ཀྱང་ཚེ་རབས་སྔ་ཕྱི་ཡོད་པར་སྒྲུབ་པའི་རིགས་པ་དེ་ཚོ་ནི་ཅི་འདྲའི་ཐལ་ཆེ་བ་ཤ་སྟག་གིས་སྒྲུབ་མི་འདུག་ཨང་། མདོ་ཙམ་སྨྲས་ན་རྣམ་འགྲེལ་ལས་བཀོད་པའི་ཚེ་རབས་སྔ་མ་ཡོད་པར་སྒྲུབ་པའི་རིགས་པ་ཆེ་ཤོས་དེ་འདི་ཡིན་ཏེ། སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རིག་པ་སྔ་མ་སྔོན་སོང་ཡིན་ཏེ་རིག་པ་ཡིན་པས་ཕྱིར། དཔེར་ན་ད་ལྟའི་རིག་པ་བཞིན་ཟེར་བ་དེའོ། །འོ་ན་དེ་ལ་འདི་ལྟར་སྨྲ་སྟེ། དབང་པོ་ཡིན་ན་དབང་པོ་སྔ་མ་སྔོན་སོང་ཡིན་པས་ཁྱབ་པར་ཐལ། རིག་པ་ཡིན་ན་རིག་པ་སྔ་མ་སྔོན་སོང་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་འབྲེལ་རྣམ་པ་ཀུན་ཏུ་མཚུངས། འདོད་ན་རང་ཉིད་ཀྱི་སྐྱེ་བ་སྔ་མར་མིག་ལོང་ཏུ་སྐྱེས་ཤིང་ཚེ་འདི་རུ་མིག་ལྡན་དུ་སྐྱེ་བའི་གང་ཟག་དེ་ཆོས་ཅན། ཁྱོད་སྐྱེས་མ་ཐག་ཏུ་ཉེར་རྒྱུ་རིགས་མཐུན་གྱི་མིག་དབང་སྔ་མ་སྔོན་སོང་མ་ཡིན་པ་ཐལ། མིག་དབང་སྔ་མ་མེད་པའི་ཕྱིར་ཏེ། དེ་མིག་ལོང་ཡིན་པའི་ཕྱིར། །མིག་ལོང་གི་སྐད་གཅིག་ཕྱི་མར་མིག་དབང་བྱུང་ཆོག་ན། སེམས་མེད་བེན་པོ་ལས་སེམས་ཡོད་ཀྱི་སྲོག་ལྡན་སྐྱེ་མི་ཆོག་པའི་རྒྱུ་མཚན་ཅི་ཡང་མེད་དོ། །ཡང་རིག་པ་དེས་ཁ་ཕྱོགས་གཞན་ཞིག་ནས་སྐྱེ་བ་ཕྱི་མ་ཡོད་པ་ལའང་གནོད་བྱེད་མཐོང་ཏེ། འཆི་ཁ་མའི་སེམས་ཆོས་ཅན། རིག་པ་ཕྱི་མ་མཚམས་སྦྱོར་སྟེ། རིག་པ་ཡིན་པའི་ཕྱིར། ད་ལྟའི་རིག་པ་བཞིན་ཟེར་རོ། །འོ་ན་ཚེ་འདིར་མིག་ལྡན་དུ་སྐྱེས་ཤིང་། ཕྱི་མར་ཉིང་མཚམས་སྦྱོར་བ་དང་མཉམ་དུ་མིག་ལོང་འགྱུར་རུང་དེ་ཆོས་ཅན། མིག་དབང་ཕྱི་མ་མཚམས་མི་སྦྱོར་བ་ཐལ། མིག་དབང་ཕྱི་མ་མེད་པའི་ཕྱིར། འདོད་ན་མིག་དབང་རྒྱུན་ཆད་དུ་ཐལ་ལོ། །གང་ཟག་དེའི་རྒྱུད་ལ་མིག་དབང་གཏན་ནས་མི་སྐྱེ་བ་ཐལ་བ་སོགས་གནོད་བྱེད་བགྲང་གིས་མི་ལོང་ངོ་། །དེ་དང་དེའི་རིགས་ཀྱི་རིགས་ལམ་མང་དག་ཅིག་གིས་སྐྱེ་བ་སྔ་ཕྱི་ཡོད་པ་སྒྲུབ་པའི་རིག་ལམ་ལ་གནོད་ཅིང་། མེད་པ་སྒྲུབ་པའི་རིག་ལམ་ལའང་གནོད་བྱེད་དེ་དང་འདྲ་ཏན་ཏན་ཡོད་ངེས། དེས་ཕྱིར་སྐྱེ་བ་སྔ་ཕྱི་ཟེར་བ་འདི་མྱོང་ན་ཤེས་རྒྱུ་ལས། དཔྱད་ན་ངེས་རྒྱུ་ཞིག་མིན་པ་ཤེས་དགོས་ལ་ཤེས་ཀྱང་ཡོད་དོ།། ཅུང་ཙམ་ཉོབ་རུང་ཐུགས་སུན་མེད་པ་མཁྱེན་ཞུ་བ་དང་ལྷན་དུ་ཁག་གཉིས་པ་འདི་ནས་འཇུག་ཙམ་གྲུབ་བོ། །
ཆེད་དུ་བྱ་བའི་རྣམ་འགྲེལ་གྱི་གདུལ་བྱ་ལ་ཕུལ་བ།
ཚད་མ་རྣམ་འགྲེལ་ནི་མ་གཞི་ནས་གོ་དཀའ་བའི་བསྟན་བཅོས་གཏིང་ཟབ་ཅན་ཞིག་ཡིན་པ་རང་མྱོང་གཞན་མཐོང་དུ་གྱུར་ཡོད་པ་འདུག་མོད། དེ་ལ་ཚིག་གི་འབྲུ་གནོན་མཁན་དང་དོན་གྱི་སྒྲོ་འདོགས་ཆོད་མཁན་དེ་བཞུད་ཟིན་པའི་གཅིག་གཅིག་དང་གཉིས་གཉིས་ཀྱི་རྣམ་སྤྲུལ་དང་ཡང་སྤྲུལ་ཡིན་ཟེར་མཁན་དེ་ཚོའི་རིགས་ཁོ་ན་ག་ལ་ཡིན་ཏེ། ང་ཚོ་དང་ང་ཚོའི་ཉེ་སར་གྱི་སྐྱེས་སྟོབས་དང་སྦྱོང་སྟོབས་ལས་གྲུབ་པའི་ཤེས་རབ་ཅན་གང་མང་ཞིག་གིས་ཀྱང་དོན་འདི་ལ་བསམ་དཔྱོད་ཀྱི་སྒོ་མོ་ཕྱེས་ཟིན་པ་ནི་མི་མང་མི་ཉུང་བའི་ཚོད་དུ་འདུག་ལགས། ཡིན་ན་འུ་ཚོ་ལྟ་བུའི་རྣམ་འགྲེལ་གྱི་ཆེད་དུ་བྱ་བའི་གདུལ་བྱ་དག་ལ་མཚོན་ན་ཡིན་གཅིག་རྣམ་འགྲེལ་ལ་ཚིག་ངེས་དོན་གོ་དགོས་པའི་རྒྱུ་རྐྱེན་དུ། བསྟན་བཅོས་གང་ཞིག་ལ་རིགས་གཅིག་རྐང་འཛིན་བྱེད་མཁན་གྱི་རྒྱ་གར་བའི་མཁས་པ་ཁོ་ན་ལ་ལྟོས་དགོས་པའི་ངེས་པ་དང་། དུམ་པའི་གྲངས་ཀ་མང་ཉུང་དང་བསྟུན་ནས་རང་ཉིད་ཀྱི་ཚེ་འཇུག་ལ་རིན་ཐང་ཆེ་ཆུང་གཞལ་མཁན་གྱི་བོད་མཁས་པ་སྔོན་མ་དག་གིས་བཤད་ཚད་དང་བྲིས་ཚད་ཁོ་ན་ལ་ཨ་ན་ཨུ་ཚུགས་ཀྱིས་བདེན་དོན་དང་ཡང་སྙིང་འདྲི་མི་དགོས་པའི་སྣང་ཚུལ་ཅིག་ངང་གིས་བྱུང་སྟེ། ཁོ་ཚོས་བྲིས་པ་དག་ལོག་བཤད་ཡིན་གཅིག་མི་སྨྲ་ཞིང་། ཁོང་ཚོས་བྱས་པ་དེ་ལོག་སྤྱོད་ཡིན་པའི་སྡོམ་ཚིག་ཁོ་བོས་མི་དགོད་ལ་འགོད་ཀྱང་མི་ནུས་སོ། །ངས་ཡར་ཆུང་ནས་དྲན་ཞིང་ཡར་ཁོག་ནས་རྡོལ་འདོད་པ་ནི་ང་ཚོ་དང་སྐྱེ་དུས་གཅིག་པའི་མཁས་དབང་དག་གི་རྣམ་དཔྱོད་དང་བདེན་ཚིག་ལ་སྣང་ཆུང་དང་མཐོང་མེད་དུ་བཞག་ན་མ་འདོད་པས་ཡིན་ནོ། །ང་ཚོས་ཟེར་སྒྲོས་སུ། བཅར་ཆེ་ན་མིག་གིས་རྫི་མ་མི་རིག་ཟེར་བ་བདེན་ཚོད་དུ་འདུག་སྟེ། ལེགས་བཤད་དང་ལེགས་བཤད་ཅན་ཡོད་ཚད་ལུས་སེམས་ཁ་བྲལ་དུ་སོང་བའི་འདས་པོ་དེའི་ཁ་ནས་བྱུང་བ་དང་ཁོག་ནས་དྲན་པ་ཤ་སྟག་ག་ལ་ཡིན་ཏེ། བདེན་དང་མི་བདེན་ཟེར་བ་ནི་དུས་རབས་དེའི་ཁ་ཕྱོགས་དང་སྐྱེ་འཆི་ལ་འགྲེལ་བཤད་ངེས་ཅན་ཞིག་བྱེད་ཐུབ་མིན་ལ་རག་ལས་སོ། །དེ་མིན་དུས་རབས་དེའི་སེམས་ཁམས་དང་ཕྱི་ཚུལ་གང་ལའང་མ་ལྟོས་པའི་འུར་པོ་ཆེ་ལབ་མཁན་དེ་ནི་དུས་རབས་དེའི་བདེན་མྱི་མིན་པ་ཁོ་བོས་ཚོད་ཚོད་དུ་སྨྲས་ནའང་བདེན་ལུགས་ཀྱིས་རྒྱབ་སྐྱོར་བྱེད་པ་ཐེར་མི་ཚོམ། དེའི་ཕྱིར་ཚད་མ་རྣམ་འགྲེལ་འདིར་ཡང་ནང་བཅུད་དང་ཕྱི་དངོས། དེ་གཉིས་ཀྱི་འབྲེལ་བ་སོགས་གཏིང་ཟབ་པའི་ཤེས་རབ་ཀྱི་གླེགས་བམ་གསར་པ་ཞིག་སྐྲུན་ཡོད་མོད། དེ་ལ་ཚོར་བ་དངོས་དང་སྦྱར་ནས་འགྲེལ་བཤད་ངེས་ཅན་ཞིག་སྨྲ་མཁན་ནི་སྔོན་བྱོན་རྣམ་འགྲེལ་གྱི་འགྲེལ་བྱེད་མཁན་པོ་སུ་ཡང་བྱུང་མེད་པའི་ཚོད་དུ་འདུག་ལགས། མ་ཚད་ཡུལ་དུས་ཀྱི་སྐྱེ་དངོས་དང་འཁོར་ཡུག་གི་གོམས་སྲོལ་བསྟུན་ནས་རྣམ་འགྲེལ་གྱི་ཡང་སྙིང་མི་སེམས་སུ་ར་སྤྲོད་ཐུབ་མཁན་ནི་དེ་རིང་ཁ་སོང་གི་ང་ཚོའི་ཉེ་སར་གྱི་མཁས་དབང་དག་ལས་གཞན་པར་སྨྲ་བའི་མགྲིན་པ་འགག ཚིག་གི་སྤྲོས་པ་བྲལ་སོང་བ་མིན་ན་བསྟན་བཅོས་ལ་གྲགས་པའི་ཐ་སྙད་དག་བེད་སྤྱོད་དེ་སྔོན་བཤད་རྒྱས་ཟློས་དང་། གཞན་ཟེར་ཕྱོགས་བསྡུས་ཀྱི་ཡིག་ཚོགས་མང་བའི་མཛད་པ་དེ་ནི་དུས་འདིར་མཚོན་ན་ཅི་འདྲའི་མཛད་པ་ཆུང་ཞིང་དགོས་པ་ཆུང་བ་ལ་ཨང་། དེས་ན་འུ་ཚོས་ཤི་བོའི་སྐད་ཆ་ཁོ་ནར་ཤི་འཐམ་རོ་འཐམ་མི་བྱེད་ཅིང་། ཤེས་རབ་ཅན་ཡང་ཤི་ཟིན་པ་ལས་ང་ཚོ་དང་མཉམ་དུ་མ་སྐྱེས་ཤིང་མི་སྐྱེ་བའི་ཚོད་སྒོམ་དང་ངན་ཐག་དེ་འདྲ་མི་བཅད་པར་མཁྱེན། མི་འདྲ་ས་ཞིག་ཡོད་པ་ནི་ང་ཚོའི་ཉེ་སར་གྱི་མཁས་དབང་དག་ནི་སྐྱེ་བ་དུ་མ་ལ་ཐོས་པ་སྔོན་སོང་ཅན་དང་། མདོ་དང་བསྟན་བཅོས་ག་གེ་མོ་ལས་ལུང་ཚིག་གིས་ཟིན་པའམ། སངས་རྒྱས་དང་བྱང་སེམས་ཀྱི་སྤྲུལ་པ་ཡིན་པ། ཡང་ན་ཆོས་སྐྱོང་སྲུང་མ་གང་ཞིག་གིས་གདོང་གྲོགས་མཛད་ཡོད་པའི་མྱི་ཆེན་ག་པོ་ཆེ་དེ་འདྲ་མིན་མོད། སྐྱེས་སྟོབས་དང་སྦྱོང་སྟོབས་ལས་གྲུབ་པའི་ཤེས་རབ་གྱི་རྩལ་ཅན་དེ་ཡིན་ནོ། །དེ་ནི་ཁྱོད་ཀྱི་ཡིད་ངོ་རུ་སུ་ཡིན་སྙམ་པའི་དོགས་པ་འདྲ་འབྱུང་སྲིད་ན། སྐབས་དེར་ངས་ཁྱོད་ལ་འདི་ལྟར་ཞུ་ཏེ། རིགས་པ་སྒེར་ཚུགས་ཅན། རྣམ་དཔྱོད་ཡར་མེད་ཅན། གནས་ལུགས་བོར་མེད་མཁན། གཟུར་གནས་སྲོག་གཟུང་མཁན། བདེན་ཚིག་མཐར་མེད་ཅན། སྡེབ་སྦྱོར་ཡལ་མེད་ཅན། ཨ་མདོ་རིགས་པའི་ཡུལ་ནས་ཚེ་སྲོག་གི་མེ་ཏོག་འབུས་ཤིང་། རྔ་ཡུལ་ཀི་རྟི་དགོན་ནས་ཤེས་རབ་གྱི་འདབ་ལོ་རྒྱས་ཤིང་། དེ་ནས་ད་བར་དུ་བོད་མདོ་དབུས་ཁམས་གསུམ་དུ་བདེན་པའི་ངར་སྒྲ་དང་བདེན་ཚིག་གི་ཆར་ཆུ་ཕབས་པ་ནི་ཉུང་ཉུང་ཞིག་ཅི་ལ་ཡིན། དེ་ལྟ་བུའི་ངེས་དོན་གྱི་སྐྱེས་བུ་དེ་ནི་མཁས་དབང་སྒོ་ཤེས་རབ་རྒྱ་མཚོ་ཡིན་པ་སུས་མི་ཤེས་སམ། ཁོང་གིས་མཛད་པའི་རྒྱུན་ཤེས་དང་ལམ་ལས་རྣམ་འགྲེལ་གྱི་རྒྱུན་ཤེས་ནི་གཏིང་ཟབ་པའི་རྣམ་འགྲེལ་གྱི་ཡང་སྙིང་ཕྱི་རུ་དམར་རྒྱན་དུ་བྲུས་ཡོད་པ་ཁྱོད་ཀྱིས་ལྟས་ན་ཤེས་སོ། །དེ་ཙམ་གྱིས་ཡོངས་སུ་འཇུག་གྲུབ་པའི་ཁུལ་ཡིན་པ་ལགས་ན། ང་ཚོས་ཅིས་ཀྱང་དུས་རབ་འདིའི་མཁས་དབང་གསེར་ནག་འདྲ་བོ་དག་གི་བདེན་ཚིག་དང་གསེར་ཡིག་ལ་རོལ་མྱོང་ཡོད་པར་བྱའོ། །
སླར་སྨྲས་པ།
ང་ཚོ་མིའི་འཇིག་རྟེན་དུ་སྐྱེ་བ་འདི་གྲངས་ཉུང་ཞིག་མིན་ལ། ཤེས་རབ་དང་ཤེས་རབ་མ་ཡིན་པར་ནང་ཆོས་དང་ནང་ཆོས་མ་ཡིན་པའི་གནས་དང་གནས་མིན་གྱི་ལས་ལ་འཇུག་པ་ནི་གྲངས་ཉུང་ཉུང་ཞིག་དེ་བས་ཀྱང་ག་ལ་ཡིན། འོན་ཀྱང་ང་ཚོ་ད་བར་དུ་ཤེས་རབ་གྱི་འགྲན་རིམ་ནས་དཔའ་དར་འཐེན་མ་མྱོང་ཞིང་འདི་ལྟར་ལུས། ཆོས་ལུགས་ཀྱི་ཉམས་རྟོག་མཐོ་རུ་མ་སོང་བ་འདི་ལྟར་ཧད། ད་དུང་གཞིར་ནས་མགོ་བརྩམ་དགོས་ཚུལ་དང་། འཇུག་འབྲས་ཡོད་ཚད་ཀྱང་ང་ཚོས་ཧུར་བརྩོན་ལ་ཐུག་ཚུལ་སོགས་བབས་ཆག་པོ་དང་འདྲ་དོད་པོའི་ངང་ནས་རང་སེམས་གསོ་བའི་གཏམ་འདྲ་གླེང་ཏེ་ཡང་སྐྱར་འཁོར་བའི་གྲུབ་ཆ་གཞན་ཞིག་དུ་འགྲོ་གྲལ་བྱ་དང་བྱེད་ངེས་རེད། དེ་ནི་ང་ཚོའི་དཔྱོད་ཤེས་ཀྱི་ལག་ཆ་སྐོལ་མ་ཤེས་པས་ལེན་ཏེ། ང་ཚོས་གང་ཞིག་ལ་དོ་སྣང་བྱེད་ཤེས་པ་ལས་ལག་ལེན་ལྟ་མ་མྱོང་། ང་ཚོས་ཡོད་ཚད་ལ་དགག་སྒྲུབ་བྱ་མྱོང་བ་ལས་དོན་དངོས་འཚོལ་མ་མྱོང་། ད་རུང་འབྱུང་གྱུར་གྱི་ལོ་ཟླ་ལ་དཔྱོད་ཤེས་དང་ལག་ལེན་ཁ་བྲལ་དུ་སོང་བའི་ལམ་ལུགས་ཤིག་ལྷུར་ལེན་ནས་ངེས་མེད་ཀྱི་གནས་སུ་མ་ངེས་པའི་སྐྱེ་བ་ཞིག་ལེན་ངེས་རེད། འདི་ནི་ང་ཚོའི་ལས་དབང་དང་རང་གཤིས་སུ་གྲུབ་ཡོད་ན་ཅི་འདྲའི་འཐུག་ཞིང་དབང་བཙན་པ་ལ། ཡང་གཅིག་བཤད་ན་ང་ཚོ་དང་པོ་ཡུལ་གང་ཞིག་ཏུ་སྐྱེ་བ་དང་། ང་ཚོ་སྐྱེ་བའི་ཉིན་དང་པོ་དེ་གང་ཞིག་ཡིན་པ་ནི་སྩལ་ཀྱང་མི་བརྙེད་པའི་རི་བོང་གི་རྭ་དང་ཅི་འདྲའི་མི་མཚུངས་ཨང་། དེ་དང་གཅིག་པའི་ང་ཚོའི་སྐྱེ་གྲངས་ཡང་བརྩིས་ཀྱང་མི་ཚར་བརྩི་ཡང་མི་ནུས་པས་ས་ཆེན་པོའི་རྡུལ་ལས་རྒལ་ཟིན། ཤི་གྲངས་ཡང་དེ་དང་གཅིག་ངེས། མ་ཚད་ང་ཚོ་སྐྱེས་ཟིན་པའི་ཤ་ཁྲག་དང་ཤི་ཟིན་པའི་ཕུང་པོ་ནི་རིའི་རྒྱལ་པོ་རི་རབ་ལས་རྒལ། མཐའ་མེད་པའི་མཚོ་མོ་ལས་ཟབ་པ་ནི་ཐེ་མི་ཚོམ། འོན་ཏེ་སླར་ཡང་ང་ཚོ་འདི་ལྟར་སྐྱེ་ཞིང་། འདི་ལྟར་འཆི་དོན་ནི་ཁྲག་གི་མཚོ་མོ་ལ་སྐོམ་དོག་དང་། ཤ་ཡི་རི་བོ་ལ་ཉུལ་དོགས་འདྲ་བྱེད་ཅིན་མེད་དམ། དེ་འདྲ་མིན་ན་སྡུག་གི་ཐོག་སྡུག་རྩེགས་མིག་ཆུ་མཐར་མིག་ཆུ་འཐུད་ཏེ་ཨ་ན་ཨུ་ཚུག་གིས་རྒྱུན་སྲིང་དགོས་ཚོད་མི་འདུག་ལགས། ང་ཚོ་སྐྱེས་མྱོང་བའི་ཉིན་དང་པོ་དེ་ང་ཚོས་ངོས་སུ་མ་ཟིན་རུང་། ང་ཚོར་སླར་ཡང་སྐྱེ་མི་དགོས་པའི་ཉིན་ཞིག་བརྙེད་རྒྱུ་ཡོད་པ་གཏེན་ཁེལ། དེ་ནི་རང་གིས་ངན་ཐག་མིན་པ་དངོས་བྱུང་གི་ལོ་རྒྱུས་སུ་ཉུང་ཉུང་ཞིག་མིན་སོང་བས་སོ། །
ཞེས་ཀྱང་སེང་ཆེན་རྒྱལ་ནས། སྤྱི་ལོ---༢༠༢༠-ལོ--ཟླ་༡༡པའི་--ཚེས་--༡༠--ནུབ། ལོ་འཇུག་རྒྱུག་རྩོམ་གྱི་དོད་དུ་འཇུག་གྲུབ་པའི་ཁུལ་ལོ། །
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།