ཀ་ཁ་མི་ཤེས་པའི་ཨ་མ།(ཞར་བཀོད་གཅིག་ཡོད)

ཟླ་ཚང་ཨོ་རྒྱན་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-12-26

  ངའི་ཨ་མ་ནི་མོ་རང་གི་ཆུང་སྐྱེས་ཆུང་གྲོགས་ཕལ་ཆེ་བ་དང་འདྲ་བར་ལུང་ཁུག་འགོལ་པོ་ཞིག་ཏུ་སྐྱེས་ཤིང་། ཁོ་ཚོའི་མི་རབས་དེའི་ཁྲོད་ཀྱི་རིག་གནས་སློབ་གསོ་མྱོང་མཁན་རེ་ཟུང་ཡོད་པ་དེའི་གྲས་སུ་ཚུད་མེད་པར་བྱིས་དུས་ཀྱི་ལོ་ཟླ་ཕ་མའི་དྲུང་དང་གནག་ཕྱུགས་ཀྱི་རྗེས་ནས་བསྐྱལ་ཏེ། རི་གྲོང་གི་ལྷིང་འཇགས་དང་ས་རྡུལ་ལ་འཐིམ་པའི་ཆེས་སྤྱིར་བཏང་གི་འབྲོག་མོ་ཞིག་ཡིན།ཀ་ངོ་ཡིག་ངོ་མི་ཆོད་ལ། འཇིག་རྟེན་གྱི་གནས་ལུགས་མི་བཤད།ཐ་ན་ང་རང་ལ་སློབ་སྦྱོང་ལ་འབད་བརྩོན་བྱོས་ལབ་པའི་སྐད་ཆ་ཞིག་ཀྱང་ཡིད་ལ་དྲན་དཀའ།

  ནངས་མོ་རེ་རེར་ཨ་མ་མེ་བརྡར་ལངས་ནས་སྒྲོལ་མ་འདོན་པའི་ཚུལ་དེ་ང་ཡི་ཞོགས་པའི་ལངས་བརྡ་ཡིན། ང་རང་མལ་ལས་ལངས་འདོད་མེད་པར་ཡོད་དུས།ཨ་མའི་སྒྲོལ་མའི་དབྱངས་རྟ་དང་ཐབ་ཀའི་དུ་བ་ནས་མེ་སྒྲའི་གོ་རིམ་བར་གྱི་བྱ་བྱེད་སོགས་མིག་བཙུམ་ན་མིག་ལམ་ལ་གསལ་ལྷང་ངེར་མངོན་ཐུབ།

  འཇིག་རྟེན་འདིའི་ཆེས་སྤྱིར་བཏང་གི་གྲུ་ཟུར་ཞིག་ཏུ་འཚོ་བ་ཕལ་བ་རོལ་གྱིན་ཕལ་བའི་ནང་སེམས་ཀྱི་ལྷོད་འཇགས་ཀློང་ནས་ད་ལྟ་ཡང་ཕལ་བའི་ངང་དུ་གནས་པ་ནི་ཨ་མ་རེད།ཆུང་དུས་ཀྱི་བུ་ཕྲུག་ངའི་མིག་ནང་གི་ཨ་མ་ནུས་མེད་དེ་རེད།རུ་སྐོར་གྱི་སྐྱེས་སྨན་ཚོ་ནང་བཞིན་དབྱར་རྩྭ་བརྒྱ་ཕྲག་མི་རྙེད་པའི་ཨ་མ་དེ་རེད། ང་ལ་ཚ་རུ་ཉོ་མི་ཐུབ་ཅིང་། ཐ་ན་སྤོ་ལོ་ཡང་རྒྱུན་རིང་པོར་མ་ཉོས་པའི་ཨ་མ་དེ་རེད། མཚམས་རེར་ཁྱིམ་མཚེས་ཨ་མ་དག་གི་ལྭ་བ་རྙིང་པ་གོན་མཁན་དེ་རེད།མོ་རང་རྫོང་མཁར་དུ་ལོ་སར་གྱི་ཉོ་ཆ་རྒྱག་ཏུ་འགྲོ་དུས། ང་རང་ཁྲིད་རོགས་ཞེས་རེ་བ་ཡང་ཡང་བཤད་ཀྱང་གོ་སྐབས་མི་སྟེར་བའི་ཨ་མ་དེ་རེད།

  ངའི་ཨ་མ་རང་ལོ་བཅུ་བདུན་གྱི་སྟེང་གནས་ལ་ཡོང་སྟེ། ཕ་མ་གཉིས་ཀྱིས་ཁྱིམ་གཞི་འདི་བཙུགས་པ་ནས་བཟུང་ཉིན་མོ་རེ་རེར་ནང་ལས་ཙག་ཙིག་མཚམས་མི་ཆད་ཅིང་།ལན་རེར་ཕྱི་ལོགས་སུ་སྒོ་ཕྱུགས་ཀྱི་རྫི་བོ་བྱེད་པ་སོགས་ནི་ཨ་མའི་ལས་ཀྱི་བགོ་སྐལ་དུ་གྱུར་ལ། ཁྱད་པར་དུ་ངའི་སེམས་སུ་ཨ་མ་ཆུ་ཚོད་གཅིག་ལྷག་གི་ལམ་ཁར་ཆུ་ཁུར་དུ་འགྲོ་བའི་སྣང་བརྙན་དེ་དྲན་ཡོང་།མཚམས་རེར་ཨ་མའི་རྗེས་བསྙེགས་ཏེ་སོང་སྐབས་ཐང་ཆད་དེ་ཁོ་མོའི་ལྭ་བའི་ཕུ་རུང་ལ་འཁྱུད་ནས་སོང་བ་ཡིད་ལ་འཁོར་ཡོང་། དེ་དུས་ངེད་ཚང་གི་ཆ་རྐྱེན་ཞན་ཙམ་ཡོད་ཀྱང་།ཨ་མ་ཕལ་བ་དེའི་འབད་བརྩོན་ལ་བརྟེན་ནས་ངེད་ཅག་མིང་སྲིང་དག་གི་མགོར་ལྟོགས་སྡུག་མ་ཡོང་།

  ཆུང་དུས་སུ་ཁོ་བོ་ནི་རྨི་ལམ་འཇིགས་པོ་རྨིས་ཏེ་དངངས་སྐྲག་ཡོད་མཁན་གྱི་བྱིས་པ་ཞིག་ཡིན། ཨ་མའི་རུམ་ནས་ཉལ་ན་བདེ་སྣང་ཆེན་པོ་ཞིག་གི་ཁྲོད་ནས་རྨི་ལམ་གྱི་འཇིགས་པ་གཏིང་བརྗེད་དུ་གྱུར་འགྲོ་བ་དང་།ཨ་མའི་པང་དུ་མགོ་བཞག་ཅིང་།ཨ་མས་ངའི་མགོ་ནས་ཤིག་འཐུ་དུས་ཀྱང་བདེ་སྣང་དམིགས་བསལ་བ་ཞིག་གི་ཁྲོད་ནས་གཉིད་ལ་ཤོར་འགྲོ།དེ་ལྟར་ཨ་མས་ང་ཡང་རུ་སྐོར་གྱི་ཁ་ཡ་ན་ཟླ་ཚོ་ནང་བཞིན་བདེ་ཐང་ངང་འཚར་ལོངས་བྱུང་དུ་བཅུག།

  ཨ་མས་ནམ་རྒྱུན། ངས་སྔོན་ཆད་ཡི་གེ་སྦྱངས་ཡོད་ཀྱི་ན་ཅི་མ་རུང་། ད་ནི་ཆོས་མང་པོ་ཞིག་འདོན་མི་ཤེས། ནང་དོན་ཧ་མི་གོ །ཞེས་ལབ་ཡོང་མོད། ང་རང་མཚར་སྣང་ཆེ་བ་ཞིག་ནི་ཨ་མ་ལ་ཡིད་འཛིན་ཧ་ཅང་ལེགས་པོ་ཡོད་པ་དེ་རེད། ཡི་གེ་མི་ཤེས་ནའང་། སྔོན་ཆད་རང་གི་ཕ་དྲིན་ཆེན་གྱི་དྲུང་ནས་འདོན་པ་ཡིད་ལ་ངེས་པར་བྱས་པས། «སྒྲོལ་ལྗང་གི་བསྟོད་པ»དང«གདུགས་དཀར་ཐུང་བ»གཉིས་བློ་ངོ་ནས་ཆུ་བཞུར་བཞུར་བྱེད།

  ང་སློབ་ཆུང་ཐོན་ནས་རྫོང་མཁར་ལ་དམའ་འབྲིང་འདོན་དུ་འགྲོ་སྐབས། སློབ་གྲྭའི་ནང་ནས་སྡོད། རྫོང་མཁར་ལ་མ་ཉུལ། གྲོང་ཁྱེར་ཆེ་བས། ཁྱོད་རང་མགོ་འཁོར་འགྲོ། ཞེས་བཤད་པ་དེ་ནི་ཨ་མས་ང་ལ་གནང་བའི་ཁ་ཏ་ཞིག་ཏུ་བརྩི་ཆོག།

  བྱིས་དུས་ཀྱི་ཞོགས་པ་རེ་རེར་ཨ་མའི་གྲག་འགུལ་དེ་རིགས་ཀྱིས་བུ་ཆུང་སྣབས་རླུགས་ང་གཉིད་ལས་བསླངས་ཤིང་། ནར་སོན་གྱི་བརྒྱུད་རིམ་ཁྲོད་དུ་ཨ་མའི་གྲག་འགུལ་དེ་རིགས་སྔར་བཞིན་ཡོད་མོད། རིམ་བཞིན་བུ་ཆུང་སྒྱིད་ལུག་ང་ནངས་མོའི་ཆུ་ཚོད་བདུན་བརྒྱད་བར་དུ་གཉིད་ལ་རོལ། རང་ལོ་ཉི་ཤུར་སོན་རག་བར་ཨ་མ་ཕལ་བ་དེས་ང་ལ་ཁ་ལག་བཟོས་པ་མ་ཟད། ཟ་མ་དཀར་ཡོལ་ནང་ལ་བཅུས་ཏེ་ངའི་ལག་ཏུ་བཞག །ཐ་ན་དཀར་ཡོལ་དག་ཀྱང་ཨ་མས་བཀྲུས། ངས་ཁྱིམ་ཚང་གི་བཅའ་བ་འདྲ་འདོན་དུས། ཨ་མས་ང་ལ་ཟ་མ་ཞིམ་པོ་བཟོས་ཏེ་ཞབས་ཕྱི་གང་ལེགས་བསྒྲུབས།

  ཕ་ཡུལ་བསྐྱུར་ནས་རྒྱང་དུ་འགྲོ་བའི་ཉིན་མོ་དེར། མོ་ཊར་བསྡད་དེ་རང་ཁྱིམ་གྱི་སྒོ་འགྲམ་ལས་གྱེས་དུས། སེམས་པ་སྐྱོ་ལྷང་ངེ་བ་ཞིག་བྱུང་སྟེ་ཕྱིར་མིག་ཐེངས་གཅིག་བལྟས་པ་ན། ཨ་མས་མགོ་ཡི་ལག་ཕྱིས་ཀྱིས་མིག་ཆུ་འབྱིད་ཀྱིན་འདུག །ཡིན་ནའང་། ངས་ཡུལ་མི་ཚོར་བདེ་མོ་འཇོག་པའི་བར་སྐབས་དེར། ཨ་མས་རང་གི་བུ་ཆུང་གི་སེམས་པ་སྡུག་འགྲོ་བསམས་ནས་ངུས་མ་སོང་མོད། ང་རང་ཁྱིམ་ནས་ཧ་ལམ་རྨིད་བཅུ་ལྷག་གི་སར་སོང་བའི་ཚེ། ཨ་མས་མིག་ཆུ་འགོག་མ་ཐུབ་པར་གྱུར་བ་ཡིན་དུ་མཆི།

  ད་ནི་ང་རང་ཨ་མ་དང་གྱེས་ནས་ལོ་འགའ་འདས་སོང་།མོས་ང་གོ་ལ་འདིའི་སྟེང་གི་ས་ཕྱོགས་གང་ཞིག་ཏུ་ཡོད་པ་མི་ཤེས། ངའི་སློབ་གྲྭའི་མིང་ལ་ཅི་ཟེར་བ་དང་། ངས་ཆེད་ལས་ཅི་ཞིག་སྦྱོང་གིན་ཡོད་པ་དེ་བས་ཀྱང་མི་ཤེས། མཚམས་རེར་སྐད་འཕྲིན་ལས་ཨ་མ་དང་བརྙན་འབྲེལ་རེ་བྱེད་དུས། ཨ་མ་སྔར་བཞིན་སྔོན་གྱི་ཨ་མ་ཕལ་བ་དེ་རེད། ད་ཡང་བྱིས་པ་སྟེ། ཚ་བོ་ཚ་མོ་གསུམ་གྱི་གཅེས་སྟེགས་ས་དེ་རེད།

  དྲ་ལམ་བརྒྱུད་ནས་ཨ་མ་མཐོང་ཐུབ་ཀྱང་། ངས་སྔར་བཞིན་ཨ་མ་དྲན། ཨ་མའི་མདུན་གྱི་བདེ་སྣང་དེ་དྲན།འཇིག་རྟེན་གྱི་ལྗན་ལྗིན་དང་ཉག་ཉོག་རིང་དུ་དོར་ཏེ་ཨ་མའི་པང་ལ་མགོ་བཞག་ནས་སེམས་པ་བདེ་ལྷང་ངེར་བསྡད་ཆོག་པ་དེ་དྲན། ད་དུང་། རང་གིས་ཐུག་པ་དང་མོག་མོག་བཟོ་ཤེས་ལ། གནས་ཡུལ་རྒྱལ་ཁབ་ཀྱི་ཁ་ལག་རེ་འགའ་ཡང་བཟོ་ཤེས་པ་དེ་ཡུལ་ལ་སོང་ནས་ཨ་མ་ལ་བཟའ་རུ་འཇུག་འདོད། བགྲང་བྱ་མང་བོར་ཉིན་ཐོག་ཐག་ཏུ་རྫོགས་རྒྱུ་མེད་པའི་ནང་ལས་ཀྱི་ཞར་ལ་ཕྱི་ལོགས་ཀྱི་རྫི་བོ་ཡང་བྱེད་པའི་ཨ་མ་དེར་ངས་ཐ་ན་ཁ་ལག་ཐེངས་གཅིག་ཀྱང་བཟོས་མྱོང་མེད།

  ཨ་མ་ལས་ཀྱི་དབང་གིས་འཇིག་རྟེན་གྱི་ཆེས་དབེན་ས་ཞིག་ཏུ་སྐྱེས་ཤིང་འཚར་བ་ལྟར། ད་ནི་ང་རང་ལས་ཀྱི་དབང་གིས་རིམས་ནད་ཀྱི་གནས་བབ་དང་འཕྲད་དེ་ཉིན་རྒྱུན་ཁང་མིག་ཅིག་ཏུ་འཛུལ་ནས་ལྷིང་འཇགས་ཀྱི་འཚོ་བ་རོལ། ངས་ས་མཐའི་ཁང་མིག་འདིར་ཁུ་སིམ་སིམ་དང་གཉོམ་དུང་དུང་ངང་ཨ་མ་ཡིག་རྨོངས་དེའི་གྲག་འགུལ་ལ་ཉན་འདོད། སྒྲོལ་མ་ཤུ་རུ་རུ་འདོན་ཞོར་སྒོ་ཕྱི་ཁྱིམ་བར་གྱི་ལས་ཀར་གཞོལ་བའི་གྲག་འགུལ་དེ་ནི་ཁོ་མོའི་མི་ཚེའི་བྱང་ཐང་སྐྱ་མོར་ལྷགས་རླུང་ལྡང་སྟེ་ཤུགས་སྒྲ་འབྱིན་པ་དང་འདྲ་བར་རང་གི་ཁོར་ཡུག་ཆུང་ངུ་དེ་མ་གཏོགས། མཐའ་འཁོར་ལ་ཤན་ཐེབས་པའི་བཤད་སྲོལ་ཞིག་ཡེ་ནས་མེད། ཨ་མའི་ཆེས་ཕལ་བ་དང་ཆེས་ཁུ་སིམ་གྱི་སྣང་བརྙན་དེ་བསམ་དུས། ང་རང་དབང་མེད་པར་གཏིང་ཞིག་ནས་དེ་དང་ཉེ་བར་བཅར་འདོད། མ་མཐའ་ཡང་ཞོགས་པ་རེ་རེར་ཨ་མ་ཡིག་རྨོངས་དེའི་ཁ་བཏོན་དང་མེ་བརྡར་ལང་བའི་གྲག་འགུལ་ལ་ཉན་འདོད། འདི་ལྟར། ངས་ས་མཐའི་རྡོ་ཁང་སྔོན་མོ་ཞིག་ཏུ་རྩོམ་འབྲི་བཞིན་མཚམས་འདིར་སླེབས་དུས། «ཡུལ་འཁྱམ་གྱི་གླུ»ཞེས་པའི་རྒྱ་གཞས་དེ་དྲན་བྱུང་། རྒྱ་གཞས་དེར་ཉན་ཐེངས་རེར་ལེ་དབར་སྟོང་ཕྲག་དུ་མའི་ཕ་རོལ་གྱི་ཨ་མའི་ཞལ་རས་ང་ཡི་མིག་ལམ་དུ་ཤར་ཡོང་།

  “སྙིང་ཉེ་བའི་ཨ་མ་ལགས། ཡུལ་གྱར་བས་བྱེས་ཡུལ་ནས་ཁྱོད་རང་དྲན་གྱིན་ཡོད།
       ཡུལ་འཁྱམ་གྱི་གོམ་ཟུང་གནམ་མཐའི་མཚམས་ལ་རྐྱོང་དུས། ང་ལ་ཡུལ་ཟེར་བ་ཞིག་མེད།
       དགུན་རླུང་ཁྲོད་ཀྱི་ཁ་བའི་མེ་ཏོག་གིས་ང་ལ་མིག་ཆུ་ལྷུང་དུ་བཅུག།
       འགྲོ་བཞིན་འགྲོ་བཞིན་བགྲང་བྱ་ག་ཚོད་ཅིག་ལ་སོང་ཡོད་ཨང་།
       ཉེ་འཁོར་གྱི་རྩྭ་ལོར་ལྗང་མྱུག་འབུས་པས། ངས་ཡང་བསྐྱར་དཔྱིད་དབྱར་སླེབས་པ་ཚོར།”

                                                             ཕྱི་ལོ༢༠༢༡ལོའི་ཟླ༡༡པའི་ཚེས༡༤ཉིན་གྱི་ཞོགས་པར་བྲིས།

  ཁ་བཤད་དང་ལག་ལེན།

  གཟའ་པ་སངས་ཉིན་གྱི་དགོང་མོ་དེར། ངས་གྲོགས་པོ་ཞིག་ལ་གཟའ་མཇུག་ཏུ་རོགས་བྱེད་དུ་འགྲོ་རྒྱུའི་ཁས་བླངས་ཡོད་པ་ལྟར་ཁོའི་ནང་ལ་སོང་། གྲོགས་པོའི་སྐྱེས་སྨན་གྱིས་མོག་མོག་ཞིམ་པོ་བཟོས་ཏེ་བསྒུགས་འདུག །ང་ཚོ་རྒྱུན་རིང་པོ་ཞིག་ཏུ་འཛོམས་མེད་པས་སོ་སོས་གསར་འགྱུར་ཅི་ཤེས་མཉམ་སྤྱོད་བྱེད་ཀྱིན་མོག་མོག་ཁ་ཚ་ལ་སྦྱིབས་ནས་ཟོས། བྲོ་བ་དངོས་ནས་དམིགས་བསལ་བ་ཞིག་འདུག །དེ་བས་ན། ང་ཡུན་རིང་པོར་མོག་མོག་ཟོས་མེད་པའི་བརྐམ་ཆགས་ཀྱིས་དེད་ནས་ཁ་བརྡའི་ཞོར་དུ་དགོང་མོ་དེར་ཁ་ལག་ཅུང་ཚད་ལས་བརྒལ་བ་ཞིག་གྲོད་ཁོག་ནང་ལ་བརྫངས། ཡིན་ནའང་། ཨ་ཅག་དེས་ང་ལ། ད་དུང་ཟོ། ཟོ་དང་། མོག་མོག་མང་པོ་འདུག་ཟེར། ངས། དོ་དགོང་ཁ་ལག་ཧ་ཅང་ཞིམ་པོ་འདུག་པས། མང་པོ་ཞིག་ཟོས་བཞག །ཟོས་པ་དངོས་ནས་མང་དྲགས་སོང་། ད་ནི་གྲོད་ཁོག་རྒྱགས་དྲགས་ནས་གཉིད་སྐྱིད་པོ་ཞིག་ཉལ་ཐུབ་ས་མ་རེད་ལབ་དུས། ཨ་ཅག་གད་མོ་ཆེན་པོ་ཤོར། གྲོགས་པོས་ང་ལ། རང་གི་གྲོད་ཁོག་ལ་རང་གིས་ཚོད་འཛིན་བྱ་དགོས་པ་རེད། འོ་ཅག་བོད་ཀྱི་ཁ་དཔེར། ཟས་ཚད་ཚད་ཟོས་ན་ཕོ་བ་བདེ། །གཏམ་ཚད་ཚད་བཤད་ན་མགོ་བོ་བདེ། །ཟེར་སྲོལ་ཡོད་ཅེས་བཤད་རྗེས། ཁོས་མུ་མཐུད་རྟིང་གནོན་གྱི་ཚུལ་དུ། ཟ་མ་ཚད་དང་རན་པ་ཟོས་ན་ད་གཟོད་གྲོད་ཁོག་བདེ་ཞིང་། རང་གི་གཟུགས་པོའི་འཕྲོད་བསྟེན་ལ་ཕན། དེ་བཞིན་དུ་སྐད་ཆ་བཤད་དུས་རང་གིས་བསམ་བློ་བཏང་ནས་བཤད་ཡ་མ་གཏོགས། ཁ་བདག་མེད་ནས་ཚིག་ཚོད་མེད་ཁྱོན་ནས་ལབ་ཡ་ཡོད་པ་མ་རེད། དེ་ལྟར་བྱས་ཚེ། ནམ་ཞིག་རང་གི་མགོ་ལ་རྙོག་དྲ་ཆེན་པོ་ཡོང་གི་རེད། དཀའ་ངལ་དང་འཕྲད་ཀྱི་རེད་ཟེར། སྐབས་ཐོག་དེར། ངས་གྲོགས་པོ་ལ་ལན་ཇི་ལྟར་རྒྱག་དགོས་པའང་མ་ཤེས།

  ཕྱི་ཉིན་ཞོགས་པར། གྲོགས་པོ་དང་ངེད་གཉིས་ཀྱིས་ཁོ་རང་གི་མོ་ཊ་བཏང་ནས་གྲོང་ཁྱེར་གཞན་ཞིག་ཏུ་སོང་། ང་དེ་གར་ཁོ་རང་གི་དོན་དག་ཅིག་སྒྲུབ་རོགས་ལ་ཕྱིན། ངེད་གཉིས་ཀྱིས་དོན་དག་བསྒྲུབས་ཚར་ནས་ཕྱིར་ལོག་ཁར་གྲོང་ཁྱེར་དེའི་མཐའ་ཡི་ཟ་ཁང་ཆུང་ཆུང་ཞིག་ཏུ་ཕྱིན་པ་ལ། ཟ་ཁང་དེའི་ནང་དུ་མགྲོན་པོ་ཧ་ཅང་ཉུང་བར་སྣང་། ཟ་ཁང་གི་བདག་མོས་བྲོ་བ་ག་འདྲ་འདུག །ཉེ་ལམ་ངེད་ཚང་ལ་མགྲོན་པོ་ཉུང་ཉུང་རེད་ཅེས་མཁོ་ཆད་པའི་རྣམ་འགྱུར་ཞིག་བསྟན་སོང་བར། གྲོགས་པོས། བྲོ་བ་དེ་ཙམ་ཞིམ་པོ་མི་འདུག་ལབ་སོང་། བདག་མོས། བྱས་ཙང་། ཉེ་ལམ་ངེད་ཚང་ལ་མགྲོན་པོ་ཉུང་དུ་ཕྱིན་སོང་ཟེར། གྲོགས་པོས། དེ་མ་བྱན་མ་འགྲིག་པ་རེད། མ་བྱན་གྱིས་ཁ་ལག་ཡག་པོ་བཟོ་ཤེས་ཀྱིན་ཡོད་པ་མ་རེད། མ་བྱན་གྱིས་ཁ་ལག་ཡག་པོ་བཟོ་ཤེས་ཀྱིན་མེད་པའི་རྟགས་རེད། མ་བྱན་བརྗེ་བོ་རྒྱག་དགོས་པ་རེད་ཟེར། དེ་མ་ཐག་ཟ་ཁང་གི་བདག་མོ་ཁང་མིག་གཞན་ཞིག་ལ་འཛུལ་སོང་།

  གློ་བུར་དུ་མ་བྱན་སྐྱེས་སྨན་དེ་རླུང་ལངས་ནས་ངེད་གཉིས་ཀྱི་སྔུན་ལ་སླེབས་སོང་བས། ཟ་ཁང་གི་བདག་མོས་མ་བྱན་ལ། ངེད་ཚང་ལ་ཚོང་ཡག་པོ་མེད་པ་དེ་ཁྱོད་རང་ལན་སོང་བ་རེད་ཅེས་ལབ་ཡོད་པ་ཚོར་ཡོང་། མ་བྱན་གྱིས་མིག་ཆེན་པོས་གྲོགས་པོའི་གདོང་ལ་ལྟ་བཞིན། ཁྱོད་ཀྱིས་ཟ་ཁང་འདིར་མགྲོན་པོ་ཉུང་བ་ང་ལན་སོང་བ་རེད། ངས་ཁ་ལག་ཞིམ་པོ་བཟོ་ཤེས་ཀྱིན་མི་འདུག་ཟེར་ན། ད་ནི་ཁྱོད་ཀྱིས་རྒྱུ་མཚན་ཤོད་དང་། ངས་ཁ་ལག་བཟོས་པ་གང་ནས་འགྲིག་མི་འདུག །ཁྱོད་ཀྱིས་ངེས་པར་དུ་གསལ་པོ་བཟོ་དགོས་ཀྱི་ཡོད་ཟེར། གྲོགས་པོར་དོགས་མི་བདེ་བ་བྱུང་ནས་ཞེད་སྣང་ཞིག་ཀྱང་སྐྱེས་ཏེ། དགོངས་དག །དགོངས་དག །ངས་མ་ཤེས་པ་རེད། ང་ནོར་སོང་། དགོངས་དག །དགོངས་དག་ཟེར། མ་བྱན་སྐྱེས་སྨན་དེའི་མདུན་ནས་ཁོའི་བཟོ་ལྟ་དེ་འདྲའི་ཉམ་ཆུང་ཞིག །ལས་དྲང་ནས་མ་བྱན་དེས་རྙོག་དྲ་ཆེན་པོ་བསླངས་མ་སོང་ལ། ངག་ནས་ཚིག་ངན་པ་བཤད་ཀྱིན་ཁ་ཕྱིར་འཁོར་ནས་ཕྱིན་སོང་བས། ངེད་གཉིས་ཀྱི་མགོ་ནས་ངོ་ཚ་དང་འཇིགས་སྣང་གི་མུན་པ་ཡལ་བར་གྱུར་ཅིང་། ལམ་སང་དེ་ག་ནས་ཐོན་གྲབས་བྱེད་དུས། ཟ་ཁང་གི་བདག་མོས། དངོས་ནས་ཁྱད་མཚར་རེད། དེ་འདྲའི་སྐྱེས་པ་ཁྱད་མཚར་ཞིག་འདུག་ཅེས་མགོ་གཡུགས་གཡུགས་བྱེད།

  ངེད་གཉིས་ཕྱིར་ལམ་དུ་ཞུགས་ནས་སྐར་མ་ཁ་ཤས་འདས་པ་ན། ཁོས་གཞི་ནས་ཁ་གྲགས་ཏེ། རྩ་མི་ཚང་བའི་སྐྱེས་སྨན་མ་རབས་ཤིག་འདུག་ཟེར། ངས་ཁོ་ལ། དེ་ངས་ཤེས་ཀྱིན་མེད། ངས་ཤེས་འདོད་པ་ནི། ཁྱོད་ཀྱིས་མདང་དགོང་ང་ལ་བཤད་པའི་གཏམ་དཔེ་བྲོ་བ་ཅན་དེ་ཡང་བསྐྱར་ཐེངས་གཅིག་ཤོད་དང་། ངའི་ཡིད་ལ་གཏམ་དཔེ་དེ་ཆ་ཚང་ཞིག་དྲན་གྱིན་མི་འདུག་ཅེས་རྩེད་མཚར་གྱི་ཚུལ་དུ་བཤད་པ་ན། གྲོགས་པོའི་གདོང་པ་ཅུང་དམར་པོར་གྱུར་ཅིང་། སླར་ཡང་རླུང་ཏོག་ཙམ་ལངས་ནས། ཁྱོད་ཀྱིས་སྐད་ཆ་ཞིག་མ་བཤད་པར་བསྡད་ཐུབ་ཀྱི་མི་འདུག་གམ་ཟེར།

                          ཕྱི་ལོ༢༠༡༩ལོའི་ཟླ༧པའི་ཚེས༡༩ཉིན་བྲིས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཀ་ཁ་མི་ཤེས་པའི་ཨ་མ།(ཞར་བཀོད་གཅིག་ཡོད)

2021-12-26 ཟླ་ཚང་ཨོ་རྒྱན་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།