ངས་འདི་ལྟར་དྲན།

བཞོ་ཟེའུ།(བླ་བྲང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-04-19

  བླ་མ་མེད་པའི་གོང་རོལ་ན། །
     སངས་རྒྱས་བྱ་བའི་མིང་ཡང་མེད། །
     བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །
     བླ་མ་དག་ལ་བརྟེན་ནས་བྱུང་ཞེས་པའི་གསུང་དྲི་མ་མེད་པ་འདི་ངའི་རྒན་དམ་པར་སྦྱར་ན་ཨོ་ཚོད་ཅི་ཡང་མ་རེད་བསམ།

  བླ་མ་ཞེས་པའི་ཡིག་འབྲུ་འདི་གཉིས་ངའི་མིག་ལམ་དུ་མངོན་ཐེངས་རེར་རང་དབང་མེད་པར་རྒན་དམ་པ་ཁོང་གི་གཟུགས་བརྙན་ལྷང་ངེར་འཆར་འོང་།

  རྒན་དམ་པ་ཨ་ཁུ་སྐལ་བཟང་རྒྱ་མཚོ་མཆོག་ནི་ངའི་ཐོག་མའི་བག་ཆགས་ལ་དགུང་ལོ་བཞི་ཅུ་ལྷག་ཡིན་ཞིང་། སྐུ་གཟུགས་རིང་ཞིང་ཕྲ་ལ་དཔྱངས་མཐོ། ཞལ་མདངས་ཅུང་ནག དཔྲལ་བའི་དབྱེས་ཆེ། སྨིན་མ་སྟུག་པོའི་འོག་ན་གྲུང་ཤ་དོད་པའི་སྤྱན་ཟུང་ནག་རིག་རིག་མངོན།

  སྐུ་ཉིད་ཀྱི་ཞལ་ན་མི་ཕལ་བ་དང་འདྲ་བར་དགའ་སྐྱོ་ཆགས་སྡང་གི་ཉམས་མི་གསལ་ལ། ཐུགས་སྒམ་ཞིང་བརྟན་བརླིང་བབ་ཆགས་པས་འཁོར་བའི་ཟང་ཟིང་དང་མི་སེམས་ཁྲ་ཁྲས་བསླུ་མི་ཐུབ་པའི་སྒེར་ཚུགས་ཀྱི་རང་གཤིས་ཤིག་ལྡན། གསུང་སྐད་མཐོ་ཞིང་སྦོམ་པས་སློབ་བུ་ཚོའི་ངར་སེམས་རང་བཞིན་གྱིས་ཞི་བར་བྱེད།

  སྐྱེ་བོ་སུ་ཡིན་ཡང་ཕར་བལྟས་ཚོད་ཀྱིས་རྒན་དམ་པར་ཐུགས་ཧ་ཅང་བཙན་པའི་བརྗིད་དང་དགྲ་ཟིལ་གྱིས་མནོན་པའི་རྔམ་མཆི། ང་སློབ་གྲྭར་ཞུགས་པའི་ལོ་ངོ་བཅུ་གཉིས་རིང་ལ་པ་ལགས་ཀྱིས་རྒན་དམ་པར་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་སོགས་ཐེངས་གཅིག་ཀྱང་ཞལ་བརྡ་གནང་མ་ཕོད། དེ་ཡང་ངས་ཁོ་རང་རྒན་དམ་པར་སྐྲག་པ་རེད་སྙམ་སོང་།

  སློབ་ཆུང་འགྲིམས་སྐབས། ངེད་འཛིན་གྲྭ་མིན་པའི་སློབ་མ་པྲ་ཚགས་འགའ་རེ་རྒན་དམ་པ་ཕེབས་བཞུགས་གདོང་ཐུག་པའམ་འཕྲད་ཚེ། དགེ་རྒན་ཨ་ཁུ་བུད་ཡོད་ད་ཞེས་རང་རང་གི་སློབ་ཁང་ནང་འབྲོ་ཐུབ་ཐུབ་བྱེད། ཁོ་ཚོར་བཀའ་བཀྱོན་ཅི་ཡང་མི་གནང་ན་ཡང་སྐྲག་ནས་འཇམ་ཅག་གེར་གྱུར་འགྲོ།

  ཐེངས་ཤིག་ང་ཚོར་བོད་ཡིག་སློབ་ཁྲིད་འཚོགས་སྐབས། ཉེ་ལོགས་ཀྱི་སློབ་ཁང་ནང་ནས་རྩེ་མོ་རྩེས་པ་དང་བདའ་རེས་བྱས་ནས་རྐུབ་བཀྱག་ཅོག་ཙེའི་ཁྲོག་སྒྲ་ཙིར་སྒྲ་བར་མེད་དུ་གྲགས་རྐྱེན། རྒན་དམ་པ་ཐུགས་ཁྲོས་ནས་དབྱུག་ཐུང་ཞིག་བསྣམས་ནས་བུད་སོང་།

  ཉིན་གུང་ཁྱིམ་ལ་ལོག་དུས་ཕུ་བོས་བཤད་ན་ད་ནངས་ང་ཚོའི་འཛིན་གྲྭ་དགེ་རྒན་ཨ་ཁུའི་ལག་ལ་ཤོར་སོང་ཟེར། ང་ལ་ཁོང་དགོད་ཅིག་ཤོར་ནས་ཁྱེད་ཚོས་རྩེ་མོ་རྩེས་ནས་ང་ཚོར་སློབ་ཁྲིད་ལ་ཉན་དུ་འཇུག་གི་མི་འདུག ཅི་རེད། ཁྱོད་ལག་ལ་ཤོར་ད་ཞེས་བཤད་དུས། ཁོ་རང་པྲ་ཚགས་ངང་ཁྱེད་ཚོའི་དགེ་རྒན་གྱིས་ང་ཚོར་སྒྲིག་ལམ་བྱས་ནས་ཞེས་མ་དགའ་བའི་རྣམ་འགྱུར་མངོན། ངས་རྒན་དམ་པས་ཕུ་བོའི་མ་རབས་སྤྱོད་པར་ཕྱག་འབེབས་ནན་མོ་བཏང་བ་ཤེས་ནས་སེམས་ལ་རང་དབང་མེད་པར་སྤྲོ་བ་ཞིག་འཕེལ།

  ཁོང་གི་དམ་པའི་སྤྱོད་པ་ཡུང་དཀར་གྱི་འབྲུ་ལྟ་བུ་གླེང་ན་དགུན་ཁ་གྲང་ངར་ཆེ་དུས་སློབ་གྲྭ་ཡོངས་ཀྱི་བྱིས་པ་ཚོ་འཁེངས་ནས་རྐང་ཕྱིད་ལག་ཕྱིད་བྱ་སྐབས་ཀྱང་། ང་ཚོའི་སློབ་ཁང་རང་ཁྱིམ་ལས་ལྷག་པར་དྲོ་ཞིང་། སྒོ་སྒེའུ་ཁུང་སྲུབས་ཁར་ཤོག་སྒམ་འཛེར་བས་ཙག་སེར་བུ་རྒྱུ་མ་མྱོང་ལ། ལྕགས་ཐབ་ནང་མེ་སྒོས་བས་གྲང་ངར་གྱིས་ཀྱང་མནར་མ་མྱོང་།

  སྐབས་ལ་ལར་བྱིས་པ་ཚོས་ནམ་ཚོད་མ་ཟིན་པར་སློབ་གྲྭར་སླེབས་པ་སྔ་དྲགས་ན་ཡང་ཡར་བཞེངས་ནས་སློབ་ཁང་སྒོ་ཕྱེ་བ་མ་ཟད། ཆ་མ་གཅོག་པ་དང་མེ་འབུད་པའི་ལས་ཀ་བྱེད། བྱིས་པ་ཚོའི་སྐ་རགས་དང་ལྷམ་སྒྲོག་དྲུད་ཚེ་ཁོང་གིས་སྐུ་ཚེགས་ལ་མི་འཛེམས་པར་ཕ་མས་བྱིས་པར་ཇི་ལྟར་གཅེས་ན་དེ་ལྟར་སྐ་རགས་དང་ལྷམ་སྒྲོག་བཅིངས་ཡོང་།

  སྦྱངས་བ་འབྲི་སྐབས་ཞ་སྨྱུག་ལ་ཁ་མེད་ན་ཁྲིད་སྟེགས་ལོགས་ནས་སུན་སྣང་མེད་པར་རེ་རེ་བཞིན་གཞོགས། ང་ཚོས་སྦྱངས་བ་འབྲི་མ་འདོད་ཚེ་བསམ་གཟས་ཏེ་ཞ་སྨྱུག་ཤེད་ཀྱིས་མནན་ནས་མགོ་ལྷུང་ན་ཡང་བསྐྱར་རྒན་ལགས་ལ་སྤྲད། བྱིས་པ་ནི་ངོ་མ་བྱིས་པ་རང་རེད། རྒན་ལགས་ཀྱིས་ཁ་མི་དགོད་ཀྱང་སྐྱི་མོ་དགོད་པའི་རྣམ་འགྱུར་ཁོ་ནས་དཔའ་ཞུམ་པར་གྱུར།

  རྒན་དམ་པ་ངོ་ཤེས་དུས་ནས་སྐུ་ལ་བྲང་ཁུག་བཞི་ཡོད་པའི་ནུབ་ལྭ་དམར་སྨུག་ཅིག་བསྣབས་ཡོད་ལ། དབུ་སྐྲ་ཐུང་ཐུང་ཞིག་ལས་མེད། ཚང་མས་བཤད་ན་ཁོང་ནི་ཨ་ཁུ་རེད་ཟེར། ཡིན་ཡང་ང་ཚོས་རྒན་ལགས་ཀྱིས་གྲ་ལྭ་བསྣབས་པ་ཐེངས་གཅིག་ཀྱང་རིག་མ་མྱོང་བས་རྒན་རྒན་གྱིས་གྲྭ་ལ་བསྣབས་པའི་བརྗིད་ཉམས་དེ་ཅི་འདྲ་ཡིན་ནམ་ཞེས་ཡིད་ལ་ཡང་ཡང་ཚོད་བརྒམ་བྱེད་མྱོང་ཡོད།

  སློབ་མ་ཚོར་ནངས་དུས་སྐྱོར་སྦྱོང་བློར་འཛིན་དང་ཉིན་གུང་སྦྱངས་བྱ་འབྲི་བར་ལྟ་ལྟོག དགོང་མོ་བསྐྱར་སྦྱོང་ཟུར་ཁྲིད་བྱེད་པ་ཁོང་གི་གོམས་གཤིས་སུ་འཇགས་ཡོད།

  འཛིན་གྲྭ་ཡོངས་ཀྱི་བློར་རྒྱུགས་མིང་ཐོའི་རེའུ་མིག་དེ་ད་དུང་ངའི་ཡིད་ལ་ལྦ་ལེར་དྲན། ཤོག་ངོས་དཀར་པོར་མྱུ་གུ་དམར་པོས་བྲིས་པའི་དར་ཆ་དེ་དག་ལས་རང་གི་རྒྱུགས་འབྲས་དང་བརྩོན་སེམས་མངོན་ཡོང་ལ། བྱེད་ཐབས་དེ་ཁོ་ནས་སློབ་མ་ཚོར་བློ་རྒྱུགས་སྤྲོད་པར་སྐུལ་མ་ཚ་ནན་གཏོང་སྲིད།

  ཁྲིད་བྱའི་བསླབ་ཚན་མིན་པའི་སློབ་ཆུང་དག་ཡིག་དང་། ཀ་གནད་གསལ་བའི་མེ་ལོང་། ལེགས་བཤད་ལྗོན་དབང་སོགས་ང་ཚོས་སློབ་ཆུང་སྐབས་ནས་ཁ་བྱང་བློར་བྱང་ཡིན།

  སྐབས་ལ་ལར་ཚོ་ཆུང་བགོས་ནས་སྦྱང་བྱའི་གནད་འགག་འགྲན་པ་ཡང་ཡོད། ཐེངས་ཤིག་ཚོ་ཆུང་རེའི་སློབ་མ་རེ་རེར་སམ་ཊའི་ངོས་ལ་དྲི་བར་ལན་འབྲི་རུ་བཅུག་པས་ན། ང་ཚབས་དྲགས་པས་ཀླད་པ་སྟོང་སེང་ངེར་ཡིད་ལ་ཅི་ཡང་དྲན་མ་བྱུང་བས་ངེད་ཚོ་ཆུང་གིས་སྐར་མ་ལོན། རྐུབ་བཀྱག་སྟེང་བཙོག་མ་ཐག་ཡིད་ལ་དྲན་ཡང་ད་ནི་འགྱོད་ཀྱང་ཕྱིས་འདུག ཐབས་མཆོག་དེ་ཁོ་ནས་སློབ་མ་ཡོངས་ལ་སྦྱངས་ཟིན་པའི་གནད་དག་ཡིད་ལ་འཇགས་པར་གོམས་དགོས་པའི་གལ་ཆེན་རང་བཞིན་རྟོགས་པར་བྱེད།

  མཚམས་ལ་ལར་ང་ཚོ་སློབ་ཁང་དུ་སུན་པར་དོགས་ནས་ནགས་འགྲམ་དང་ཆུ་འགྲམ་ནས་དཔེ་ཀློག་བྱེད་པར་སྐུལ་མོད། ང་ཚོའི་བདེ་འཇགས་སླད་སྐུ་ཉིད་ལུས་དང་གྲིབ་མ་བཞིན་སྐར་ཆ་གང་ཡང་ཁ་མི་འབྲལ་བར་མཉམ་འགྲོ་མཉམ་འདུག་འཆའ།

  དེ་སྔ་ཁ་ཆགས་སྣ་རལ་དུ་སོང་བའི་མ་ཡུམ་ཉིན་པ་སློབ་གྲྭ་ཡང་རྒན་དམ་པའི་བཀའ་དྲིན་ལ་བརྟེན་ནས་ཐོག་སོ་སུམ་ཅན་གྱི་སློབ་ཁང་སྤུས་ལེགས་ཅན་བཞེངས་ཤིང་། དགེ་སློབ་ཡོངས་ལ་སློབ་སྦྱོང་གི་ཆ་རྐྱེན་བཟང་བོ་བསྐྲུན།

  དགེ་རྒན་གྱི་དཔུང་སྡེ་ཡང་རིམ་བཞིན་འཐུས་ཚང་དང་སྒྲིག་ལུགས་ཞིབ་ཚགས་ལྡན་པས་སློབ་མའི་ཚོགས་ཀྱང་སྤྲིན་ཕུང་བཞིན་འདུས།ཉིན་པ་སློབ་གྲྭ་ནི་མིང་དོན་མཚུངས་པའི་ལོ་དགུའི་ལམ་ལུགས་ཀྱི་ཚད་ལྡན་སློབ་གྲྭར་གྱུར་ཞིང་། ཉིན་སྲིབ་གཉིས་ཀའི་སློབ་མ་ལས་གཞན་སྐ་རགས་སྡེ་བའི་སློབ་མ་རྣམས་ཀྱང་རྐང་ཐང་དང་ལྕགས་རྟ་ཞོན་ནས་སློབ་གྲྭ་འདིར་ཞུགས་གྲངས་མང་པོར་བསླེབས།

  ལོ་རིམ་དྲུག་པ་མཐར་ཕྱིན་པའི་ལོ་དེར་ངེད་སློབ་བུ་ཚོའི་དོན་དུ་རྫོང་རིམ་པའི་མགོ་ཁྲིད་གང་མང་ལ་ཁ་ཡག་ངོ་དགའ་རྒྱུད། འཛིན་གྲྭའི་སློབ་མ་གཅིག་ཀྱང་ཆད་ལྷག་མེད་པར་རྫོང་མི་རིགས་སློབ་འབྲིང་དུ་ཁྲིད། སྐབས་དེར་རང་ཉིད་ཁོ་ན་སྐྱིད་འདོད་ཀྱི་ལས་བྱེད་པ་དག་ལ་མཚོན་ན། བྱིས་པ་ལྔ་དྲུག་ལྷག་གི་བདེ་སྡུག་དང་ཕུགས་བསམ། མདུན་ལམ་གྱི་ཆེད་དུ་བདག་པས་གཞན་སྐྱེས་ཀྱི་སྙིང་སྟོབས་བསྐྱེད་དེ་བཟའ་བཅའ་གནས་མལ་སོགས་བཀོད་སྒྲིག་དཔྱིས་ཕྱིན་མཛད་པ་སུ་ཡི་བློ་ཡུལ་ལས་འགོངས།

  སྤྱིར་ཅོ་ནེ་རྫོང་མཁར་དུ་བོད་མི་ཉུང་བའི་ཁར་བོད་རིགས་སློབ་མ་ལྷག་པར་ཉུང་། ང་ཚོའི་དགེ་སློབ་ཡོངས་ཀྱི་ལོག་ཕེབས་དེས་དེ་སྔའི་སློབ་མ་དག་གི་སྡུག་ཐུག་ཐབས་ཆགས་ཀྱི་གནས་བབ་ལ་འགྱུར་བ་ཆེན་པོ་ཐེབས། མིང་གི་ལྷག་མ་ཙམ་ལས་མེད་པའི་རྫོང་བོད་རིགས་སློབ་འབྲིང་འདི་ཟ་ཁང་དང་ཉལ་ཁང་། ཞག་སྡོད་སློབ་མ་ཡོད་པའི་བོད་རིགས་སློབ་འབྲིང་ཚད་ལྡན་ཞིག་དང་ཕ་སྐད་མ་ཡིག་གི་དབྱངས་རྟས་སློབ་ར་གང་བའི་ཁྱིམ་གཞིས་སུ་ཆགས།

  མཁྱེན་དཔྱོད་ཡངས་པའི་རྒན་དམ་པས་སློབ་གྲྭའི་དགེ་རྒན་རྙིང་བ་ཚོར་མཐུན་སྒྲིལ་གྱི་ལག་རྡང་སྦྲེལ་ནས་ང་ཚོར་རྩིས་དངོས་རྫས་གསུམ་གྱི་རྒན་ཆེས་ལེགས་གྲས་དག་ལ་བསྟེན་པའི་རྩིས་ཐང་དང་གོ་སྐབས་གནང་། ཟ་རྐྱང་འདུག་རྐྱང་སློབ་རྐྱང་བྱེད་པའི་སློབ་གླིང་འདི་ནས་ང་ཚོར་རང་ལ་དབང་བའི་སློབ་སྦྱོང་གི་མཁའ་དབུགས་སྟུག་པོ་ཞིག་གྲུབ་པར་མཐུན་རྐྱེན་དཔེ་མེད་སྦྱར། ད་ལྟ་རང་གིས་བརྗོད་འདོད་པ་རྣམས་ཕ་སྐད་མ་ཡིག་གི་ལམ་ནས་ཡིག་ངོར་ཕབ་ཐུབ་པ་འདི་ཡང་དམ་པ་ཁོང་གི་སྐུ་དྲིན་ལས་མ་འདས།

  འཚོ་བའི་ཐད་ནས་ཟས་རིན་དང་སློབ་རིན་ལས་གཞན་དངུལ་ལྷག་ཡོད་ནོ་སློབ་མ་རེ་རེའི་མིང་ཐོ་ལྟར་ཡིག་ངོར་ཕབ་ཡོད། གཟའ་ཉི་མའི་ཉིན་སྐྲ་གཞར་བ་དང་། འཁྲུས་བྱེད་པ། སློབ་ཆས་ཉོ་བར་སྒོར་སིལ་མ་འགའ་རེ་བླངས་ཆོག དེ་ཡང་སྒོར་སྐར་གང་ལ་ཆད་ལྷག་མི་འབྱུང་སླད། ཚོན་མདོག་མི་འདྲ་བའི་སྨྱུ་གུས་བྲིས་པའི་ཅུང་རྙིང་ལ་མདོག་ཡལ་བའི་ཟིན་ཐོ་དེ་དག་ཕལ་ཆེར་པོ་ཏི་གཉིས་གསུམ་ཡོད་པ་གདོན་མི་ཟ།

  གལ་ཏེ་ང་ཚོའི་ཁྱིམ་ཚང་ལ་གོད་ཆགས་བྱུང་བའམ་རང་ཉིད་ལ་ཆམ་ནད་ཕོག་པ། ན་བ། རྒྱུ་ནོམ་པའི་དཀའ་ཁག་སོགས་གང་ལ་འཕྲད་ན་རྒན་དམ་པས་ཐུགས་བསམ་ལྷོད་མོས་ཞལ་བརྡ་གནང་བ་མ་ཟད། ཁམས་དང་མཐུན་པའི་ངང་ཕ་མ་ལྟ་བུའི་བྱམས་བརྩེ་སྦྱིན་པས་ན། ས་མཐར་གནས་པའི་སྐྱོ་ངལ་རྨང་ནས་ཞི།

  ཟ་མའི་ཐད་ནས་ཉིན་རེའི་ཐུན་གསུམ་པོ་ཐེངས་གཅིག་ཀྱང་ཆགས་མ་མྱོང་ལ། སྐབས་དེའི་ཞོག་ཁོག་སྒོག་ཆུ་དང་གོ་རེ་རླངས་བཙོས་ཞིམ་ཞིང་རོ་བཅུད་ལྡན་པས་ངེད་སློབ་གྲོགས་ཚོ་རྒྱགས་ཐག་ཆད་ཡོད། རྒན་གཞན་པས་ང་ཚོར་ཨ་ཁུའི་ཕག་མ་ཕག་ཕྲུག་ཅེས་པའི་མཚང་མིང་ཡང་བཏགས་མྱོང་། དེས་གཅིག་ན་ངེད་དགེ་སློབ་བར་གྱི་མས་བུར་གཅེས་པའི་བརྩེ་འདང་མཚོན་ལ། གཉིས་ན་ང་ཚོ་རྒན་དམ་པའི་ཐུ་འོག་ན་སྐྱིད་རྒྱགས་ཆད་པའི་འཚོ་བ་ཡང་མཚོན་ཐུབ་སྙམ།

  གཞན་ཡང་དམ་པ་ཁོང་ནས་ནམ་ཞར་ཁྱེད་ཅག་བུ་བུ་མོ་ཚོའི་འགན་ཁུར་གཙོ་བོ་སློབ་སྦྱོང་རེད། གལ་ཏེ་སློབ་སྦྱོང་ལ་འབད་པ་བྱས་ནས་སློབ་གྲྭ་ཆེན་མོ་གང་ལ་རྒྱུགས་འཕྲོད། རང་རིགས་ལ་ཕན་པའི་མི་འཇོན་པོ་ཞིག་ཏུ་གྱུར་སོང་ན། བཟའ་ཚང་དང་ཁྱིམ་ཐབ་ཀྱང་ལེགས་པོ་ཡོང་སྲིད། དེ་ན་ཡུལ་ཕ་མའི་བཀའ་དྲིན་དང་རྒན་དམ་པའི་རེ་བ་ཡང་སྟོང་ཟད་དུ་མ་སོང་བ་རེད། བྱ་བ་གང་ལ་ཡང་གཙོ་ཕལ་གྱི་དབྱེ་བ་ཡོད་པས་གོ་ལྡོག་མི་ཉན་ཞེས་ཡང་ཡང་གསུངས་མྱོང་།

  ང་ཚོའི་སློབ་གྲོགས་མང་ཆེ་བར་མཚོན་ན་རྒན་དམ་པའི་བཀའ་ནི་བླ་མའི་གསུང་ལ་མ་འདས་པས་ཕོ་མོའི་བརྩེ་དུང་ལ་མགོ་འཁོར་ནས་མདུན་ལམ་བརླག་པའི་སློབ་མ་གཅིག་ཀྱང་མེད།

  སུས་བཤད་གསལ་ཁ་མི་ཆོད་ཀྱང་ཕ་ཡུལ་དུ་ལོག་ཐེངས་ཤིག་ལ་རྒན་དམ་པའི་ཟླ་ཕོགས་ཡོད་ཚད་ངེད་འཛིན་གྲྭའི་འཚོ་བའི་ཐད་ལ་ཟགས་སོང་སྐད། དེ་ཡང་བདེན་པར་མི་མཆིས་ག་ལ་སྲིད། མཐོ་འབྲིང་མཐར་ཕྱིན་པའི་ལོ་དེར་ངེད་སློབ་མ་ཚོར་རྒྱུགས་འབྲས་ལེགས་པོ་ཐོབ་པས། རྒན་དམ་པ་ཐུགས་དགྱེས་ནས་བསྐྱི་དངུལ་དེབ་རྒན་མཐུག་པོ་ཞིག་ལྕགས་ཐབ་ནང་སྒོང་བ་ཡང་བདེན་པ་བདེན་དྲང་ཡིན་པ་ཁ་ཚོན་ཆོད་ཐུབ།

  ད་ལྟ་བསམ་ན་རྒན་དམ་པའི་མཚན་མོའི་གཉིད་ཐུན་དེ་མ་གཏོགས་དུས་ཚོད་ཚང་མ་ང་ཚོའི་སློབ་གསོའི་ཐད་བཀོལ་ཟིན་པ་སྟེ། འཚོ་བ་དང་སློབ་སྦྱོང་། བཟའ་བཅའ་དང་གནས་མལ། འགྲོ་འདུག་སྤྱོད་གསུམ་ཐད་ལ་སེམས་ཤུགས་ཡོད་ཚད་ཕུལ་བ་དང་། ལྷག་པར་མཐོ་འབྲིང་རིམ་ལོ་ངོ་དགུའི་རིང་ངེད་སློབ་བུ་ང་བཞིའི་ཟ་ཁང་བདག་གཉེར་དང་ནོར་སྲིད་ལ་དོ་དམ་བྱེད་པས་ཀྱང་ཁོ་རང་ནི་ཁེ་ལས་པ་དང་དཔལ་འབྱོར་བ་ཞིག་ཀྱང་རེད་འདོད།

  སློབ་ཆེན་སྐབས་སུ་ཡང་རྒན་དམ་པས་ལྷ་ས་དང་། པེ་ཅིན། ཐན་ཅིན། ཁྲིན་ཏུའུ། མཚོ་སྔོན། ལན་ཇུ། ཀན་ལྷོ་སོགས་ཡུལ་ཕྱོགས་སོ་སོར་གནས་པའི་སློབ་གྲོགས་ཚོའི་འཚོ་བ་དང་སློབ་སྦྱོང་གི་གནས་ཚུལ་ལ་རྒྱུས་ལོན་དང་ཐུགས་ཁུར་མི་དམན་པ་གནང་ཡོད།

  ང་རང་སློབ་ཆེན་མཐར་ཕྱིན་ལ་ཉེ་བའི་ལོ་དེར་མཚོ་སྔོན་གྱི་སློབ་གྲོགས་གཉིས་ལ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་། དེར་ངེད་དགེ་སློབ་ཡོངས་སེམས་སྡུག་གི་རྒྱ་མཚོར་ལྷུང་ཞིང་སློབ་བུ་རྒན་དར་གཞོན་གསུམ་གྱིས་དྲང་བདེན་རྩོད་སླད་རང་འཐད་ངང་སློབ་མཚམས་འཇོག་པའམ་གོང་རིམ་ལ་གཏུག་བཤེར་བྱེད་པའི་འཆར་གཞི་སྣ་ཚོགས་འཐེན། ཡིན་ཡང་རྒན་དམ་པས་སློབ་གྲོགས་བསམ་ཤེས་འགའ་ལ་ཞལ་བརྡ་དང་བཀའ་སློབ་མང་བོ་གནང་བ་མ་ཟད། ཁ་པར་ཡང་ཐེངས་ལན་མང་འབྱོར་བས་སློབ་གྲོགས་ཡོངས་རང་རང་སར་མི་ལོག་ཐབས་མེད་བྱུང་། འདི་ནི་ངེད་དགེ་སློབ་རྣམས་ཀྱི་མི་ཚེ་འདིའི་གྱོང་གུད་ཆེས་ཆེ་ཤོས་ཡིན་ལ། ནང་སེམས་ལ་ཐེབས་པའི་དྲག་སྐྱེད་མེད་པའི་རྨ་ཁ་དང་པོའང་ཡིན།

  མིག་སྔར་སློབ་མཐར་ཕྱིན་ནས་ལོ་ངོ་བཅུ་དྲུག་འགོར་ཟིན། ངེད་སློབ་གྲོགས་ལྔ་ཅུ་ལྷག་ནད་དང་ན་ཚས་མ་གོས། རྒྱུ་དང་ནོམ་པས་མ་དབུལ། བུ་དང་བུས་ཕྲུག་མ་དཀའ། ལས་དང་བྱ་བ་ལེགས་འགྲུབ་བྱུང་ཡོད་པ་རྩ་བའི་བླ་མ་ཁོང་གི་ཐུགས་རྗེའི་ལྕགས་ཀྱུས་མ་དོར་བར་རྗེས་སུ་བཟུང་ཡོད་པའི་དན་རྟགས་སུ་བཞག་པ་ཡིན་ལགས།

                                                                                  ༢༠༢༡ལོའི་ཟླ༩པའི་ཚེས༡༠ཉིན་དགེ་རྒན་དུས་ཆེན་ལ་སྤེལ་བ་དགེའོ།།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ངས་འདི་ལྟར་དྲན།

2022-04-19 བཞོ་ཟེའུ།(བླ་བྲང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།