ཟླ་བའི་ལྷ་མོ།

ཟླ་ཚང་ཨོ་རྒྱན་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-04-21

  ན་ནིང་གི་ད་ཚོད་ཅིག་ལ།ང་རང་དགེ་སློབ་བཅུ་ཁ་ཞིག་དང་འགྲོགས་ནས་ཡུལ་དངོས་རྟོག་ཞིབ་ཏུ་བསྐྱོད། ངེད་ཅག་གིས་ཡུལ་དངོས་རྟོག་ཞིབ་བྱེད་སར་གུར་བརྒྱབ་ནས་བདུན་ཕྲག་གཉིས་ལྷག་བསྡད་པའི་རིང་།གལ་སྲིད་ཆར་བབས་ན་མ་གཏོགས་དགོང་མོ་རེ་རེར་མེ་སྒོང་ཆེན་པོ་རེ་བརྒྱབ་ཅིང་། དགེ་སློབ་མང་ཆེ་བ་མེ་སྒོང་གི་མཐའ་ལ་འཛོམས་ནས་ཁ་བརྡར་གློད་ཀྱིན་སྦི་རག་བཏུང་ཞིང་།སྒྲ་སྙན་བརྡུང་ནས་གླུ་གཞས་བཏང་བ་སོགས་རྩེད་མོ་ཅི་རིགས་ལ་རོལ་རྒྱུ་བྱུང་།དེ་ལྟར་དགོང་མོ་ཞིག་ལ་ང་ཚོས་སྐྱིད་སྐྱིད་ཡིད་ཚིམ་པ་བྱས་ནས་མཚན་གུང་དུ་སླེབས་མོད།ང་རང་ཐེ་བའི་སློབ་གྲོགས་ཁ་ཤས་རང་མལ་དུ་མ་ལོག་པར་མེ་སྒོང་གི་མཐའ་འཁོར་ནས་སྦི་རག་འཐུང་གིན་ལབ་གླེང་བྱས་སྡོད་དུས།མཚམས་ཤིག་ལྟ་ཕྱོགས་ཤིག་གིས་གཡས་གཡོན་གྱི་ཕོ་མོ་དེ་དག་ཆ་ཆ་བྱས་ནས་ཕན་ཚུན་ལ་འཁྱུད་ཅིང་སྙིང་གཏམ་གླེང་བའི་བཟོ་ལྟ་ཞིག་ཤར་སོང་།སྐབས་ཐོག་དེར།ང་ནི་བརྩེ་དུང་གི་ཁོར་ཡུག་ཆུང་ངུ་དེའི་ཁྲོད་ཀྱི་ཁེར་རྐྱང་བུ་ལོ་དེ་ཆགས་ཤིང་། དེ་དག་གི་གམ་ནས་ཅུང་དོགས་མི་བདེ་བ་བྱུང་སྟེ།རང་མལ་དུ་ལོག་འདོད་ཀྱིས་ཁོ་ཚོར་ཅི་ཞིག་ལབ་རྒྱུར་བསམ་བློ་གཏོང་གིན་ཤིང་གི་རྐུབ་སྟེགས་རིང་མོ་དེ་ལས་ཡར་ལང་སྐབས།ཐང་ཆད་པའམ་ཉོབ་སྣང་བྱུང་བ་གང་ཡིན་མི་ཤེས་པར་ཀླལ་སྒྱིང་རིང་མོ་ཞིག་བྱ་དགོས་སོང་།ཏག་ཏག་མགོ་བོ་ཡར་ལ་དགྱེ་ནས་ཀླལ་སྒྱིང་ཞིག་བྱེད་སྐབས།སྨག་རུམ་སྟུག་པོས་མ་བསྒྲིབས་པའི་མཚན་མོ་དེའི་ནམ་མཁའི་དབྱིངས་སུ་སྐར་ཚོགས་ཀྱི་འདུ་འགོད་ལང་ལོང་འཁྲིགས་པ་ནི་ངའི་ཀླལ་སྒྱིང་ལས་བྱུང་བའི་མིག་འབྲས་ཀྱི་མཆི་མའི་རྡོག་པོ་དེ་དག་གི་ནང་ཤར་ནས་སྐད་ཅིག་དེ་ཉིད་ལ་ང་ཡི་མིག་ཟུང་རབ་རིབ་ཅིག་བཟོས་སོང་།ངས་རང་གི་ལག་པས་མིག་ནང་གི་མཆི་རྡོག་དེ་དག་འཕྱིས་རྗེས།ཡང་བསྐྱར་སྐར་ཚོགས་ཀྱི་མིག་འབྲས་ལམ་ལམ་འཚེར་བའི་འཇིག་རྟེན་ལ་ཅེར་དུས།གནམ་མཐའི་ཤར་ལྷོ་མཚམས་ཀྱི་སྐར་མའི་གསེབ་ཏུ་ཉ་གང་རྒྱུར་ཧ་ལམ་མཚན་འགའ་ལས་མི་འདུག་སྙམ་པའི་ཟླ་བ་དེ་ནི་ཇི་འདྲའི་སྣང་བར་འགྲོ་བ་ལ།ཉ་མ་གང་བའི་ཟླ་བ་དེ་ང་ཡི་ཁྲ་ཆུང་མིག་གི་དཀྱིལ་འཁོར་དུ་ཤར་ཡོང་དུས།མཚན་མོ་དེར་ཆ་ཆ་བྱས་ནས་ཡོད་པ་དག་གི་གམ་ནས་རང་ཉིད་ལ་ངོ་སོ་མེད་སོང་བའི་འདུ་ཤེས་གང་དེས་རྐྱེན་བྱས་ཤིང་།སྐར་ཚོགས་གྲངས་མེད་ཀྱི་གསེབ་ན་འོད་དཀར་འཛུམ་བརྒྱ་གྲོལ་བའི་ཟླ་བའི་ལྷ་མོ་གང་དེས་ཅི་ཞིག་ཧ་གོ་སོང་བ་དང་འདྲ་བར་ངའི་མཚན་མོ་དེའི་ཁེར་རྐྱང་གི་སེམས་ཁམས་ལ་བསམ་ཤེས་བྱེད་ཀྱིན་ཡོད་པ་དང་མཚུངས། ཁོ་མོའི་དཀར་གསལ་དུང་གི་ཞལ་རས་ལ་ཧ་ཅང་ཞི་བའི་ཉམས་ཤིག་སྣང་བཞིན་དྲན་པའི་བག་ཆགས་ཁྲོད་ཀྱི་བརྡ་རྟགས་ཤིག་ང་ལ་འཁྱེར་ཡོང་གིན་པ་འདྲ།དེ་འཕྲལ་དུ་ངའི་སེམས་ཀྱི་རྟ་ཕོར་གཤོག་པ་ཐོགས་ནས་གནམ་གྱི་ཤར་ལྷོའི་མཚམས་སུ་གནས་པའི་ཟླ་བ་དེ་གཟས་ནས་འཕུར་སོང་བའི་སྣང་བ་ཞིག་ཤར་ཏེ། སྣང་བ་ཡན་གར་བ་དེའི་ཀློང་ནས་གནམ་གྱི་ཟླ་གཞོན་དེ་ཉིད་ངའི་སེམས་ཀྱི་རྟ་ཕོ་གཤོག་ཐོགས་དེས་ཡོངས་སུ་ཟིན་སོང་བའམ།ང་རང་ཟླ་བའི་དཀར་གསལ་གྱི་ཆ་ལ་འདྲེས་ཏེ་ཁུ་སིམ་མེར་འགྲེང་སྡོད་དུས། ཟླ་བ་གནམ་གྱི་ཤར་ལྷོའི་མཚམས་སུ་གནས་པ་ནི་ཏག་ཏག་ངའི་ཕ་ཡུལ་གྱི་རླུང་ཕྱོགས་རེད་ལ།ཟླ་གཞོན་དེས་ནི་ས་མཐའ་ཡོ་རོབ་ཤར་མར་ལུས་པའི་ཚེ་སྲོག་གཉོམ་པོ་ཞིག་གི་སྙིང་ཆུང་ཨ་ལོང་འདྲ་བོ་ལེ་དབར་སྟོང་ཕྲག་དུ་མས་ཆོད་པའི་ཕ་རོལ་ཏེ།རྒྱང་རིང་ཤར་ལྷོའི་མཚམས་ཀྱི་ཕ་ཡུལ་དང་གཟུགས་མེད་ཀྱི་ཐག་པ་ཞིག་གིས་དམ་དུ་སྦྲེལ་ནས་ཕ་ཡུལ་གྱི་མཚན་ལྗོངས་དང་དེ་ལ་འཁྱིལ་བའི་བྱིས་པ་ཞིག་གི་འདས་དོན་དྲན་དུ་བཅུག །དེ་དང་ཆབས་ཅིག་རང་སེམས་ནས་ཟླ་བར་བསྙོན་པའི་མཛེས་མ་ཞིག་གི་ཞལ་རས་ཡིད་ལ་འཁོར་ཡོང་། བགྲང་བྱ་དུ་མའི་ཡར་སྔོན་གྱི་ཉིན་མོ་ཞིག་ལ། ཕ་ཡུལ་གྱི་ས་གཞིའི་པང་དུ་བུ་མོ་སྣང་འགྲོ་ཞིག་ལ་འབྲེལ་བ་བཙུགས་ཤིང་། མོ་རང་ལ་ཟླ་བའི་སྲས་མོ་ཞེས་པའི་མིང་ཞིག་བཏགས་པ་མ་ཟད།ལོ་འགའི་སྔོན་ཟླ་བའི་སྲས་མོ་ལ་ཕུལ་བ་ཞེས་པའི་འཕྲིན་ཡིག་ཅིག་གི་ཁ་བྱང་བྲིས་མོད།ང་རང་སྒྱིད་ལུག་གིས་ཁྱེར་ནས་འཕྲིན་དེ་མུ་མཐུད་སེམས་པའི་ནང་ལོགས་ནས་བསྐྱུར་རྒྱུ་ལས།སེམས་སྒོ་ནས་ཕྱིར་བཏོན་ཏེ་ཡི་གེའི་གཟུགས་རིས་སུ་ཕབ་མ་ཐུབ་པར་མི་ལོ་དུ་མ་འདས་སོང་བ་ཡིད་ལ་འཁོར།

  ངས་མོ་ལ་ཟླ་བའི་སྲས་མོ་ཞེས་པའི་མིང་འདི་འདྲ་ཞིག་འདོགས་འདོད་བྱུང་། དེ་ནི་མ་གཞི་ནས་མོའི་གདོང་གི་ཤ་རྩ་དཀར་བ་དེ་གཅིག་བྱས། གདོང་པ་དཀར་པོ་དེ་ལ་འཛུམ་གྱི་རི་མོ་གསལ་བ་དེ་གཉིས་བྱས། ངའི་ཆུང་དུས་ཀྱི་དྲན་པའི་བག་ཆགས་ཀྱི་ཁྲོད་དུ། ང་ནི་འཆར་ཡན་ལ་ཤིན་ཏུ་དགའ་བའི་བྱིས་པ་ཞིག་ཡིན་ཏེ།ཕ་སའི་པང་ཁུག་ནས་ནོར་ལུག་གི་རྫི་བོ་བྱས་པའི་ལོ་ཟླ་རིང་མོ་དེའི་ནང་དུ་འཆར་ཡན་གྱི་འཇིག་རྟེན་དུ་གནམ་གྱི་ཉི་ཟླ་སྐར་གསུམ་མཛུབ་མགོར་བླངས་ནས་རྩེད་འཇོ་རོལ་མྱོང་ལ།སྤྲིན་གྱི་བང་རིམ་སྣ་ཚོགས་ཐོད་ཀྱིས་བརྒལ་ནས་རྫུ་འཕྲུལ་འདྲ་མིན་བསྟན་མྱོང་།ཁྱད་པར་དུ་དགོང་མོ་རེ་རེར་གནམ་ནས་ཟླ་བ་ཤར་མིན་རེ་སྒུག་བྱས་པའི་བརྒྱུད་རིམ་དེའི་ནང་དུ།ཟླ་བ་ནི་ངའི་སྣང་ངོར་འཇིག་རྟེན་གྱི་འགུགས་ཤུགས་ཆེ་བའི་དངོས་པོ་ཁྱད་པར་བ་ཞིག་སྟེ།ཟླ་བའི་ནང་གི་རི་བོང་གིས་མཚོན་པའི་དམངས་ཁྲོད་ཀྱི་གནའ་གཏམ་དག་གིས་ཀྱང་ངའི་ཡིད་ལ་ཤེས་མེད་ཚོར་མེད་ངང་དང་བ་ངེས་ཅན་ཞིག་བསྐྱེད་མྱོང་ལ།ལོ་ཟླ་ཆུ་རྒྱུན་རིང་མོའི་བཞུར་སྒྲ་དང་བསྡེབས་པའི་ནར་སོན་གྱི་གོ་རིམ་རེ་རེར་མཐའ་འཁོར་གྱི་བྱ་དངོས་ཅི་རིགས་ཁ་རྒྱན་ཚིག་ལ་མགོ་རྒྱན་གྱིས་བྲིས་པ་ནི་འཚོ་བའི་ཁྲོད་ཀྱི་གོམས་གཤིས་ཤིག་ཏུ་གྲུབ་ཅིང་། མངོན་བརྗོད་བསླབས་པའི་བག་ཆགས་ཤིག་ཀྱང་ཡོད་གཤིས།ང་ཡི་སེམས་ངོར་བུ་མོ་དེ་ནི་ཆུང་དུས་མིག་ལ་ཐོགས་པའི་དཀར་གསལ་ཟླ་བ་དེ་ནང་བཞིན་མགོ་སྦྲ་སྨུག་པོའི་ཁ་ཚུབ་བར་གྱི་རེ་བ་དེ་སྟེ། མཚན་མོར་གཉིད་མི་ཁུགས་དུས་དེ་ལ་ཅེར་ནས་སྟོང་འདང་བརྒྱབ་པ་ལྟར། སྐབས་ཐོག་དེར། ངས་མི་ཚོགས་ཀྱི་་གསེང་ནས་རང་གི་སེམས་པའི་འཇིག་རྟེན་དུ་སླེབས་པའི་ཡིད་འཕྲོག་མ་དེ་ཡང་ཡང་བསྒོམས་ནས་འཆར་སྒོ་བསྐྱེད།

  མཚན་མོ་དེར།ཡིད་འོང་ལྷ་ཟླ་དཀར་པོ་དེ་ལྟར་བག་ཆགས་ཀྱི་ཀློང་ནས་གནམ་གྱི་ཤར་ལྷོའི་མཚམས་སུ་འོད་དུ་འཚེར་བྱུང་བས།ཟླ་བའི་འཛུམ་ཞལ་དང་འདྲ་བའི་རྒྱང་རིང་ཕ་ཡུལ་ཕྱོགས་ཀྱི་སྙིང་སྡུག་བུ་མོ་དེ་ཉིད་སེམས་པའི་འཇིག་རྟེན་དུ་སླེབས་བྱུང་།ལར་བགྲང་བྱ་དུ་མའི་ཡར་སྔོན་ཞིག་ནས་ངས་མོ་རང་གཏིང་བརྗེད་དུ་འགྲོ་རྒྱུར་འབད་བརྩོན་ཡང་ཡང་བསྟེན་ནས་གྲུབ་འབྲས་གང་འཚམ་ཐོན་ཡོད་མོད།ཏག་ཏག་མཚན་མོ་དེར།མོ་རང་དེ་ལྟར་ཟླ་བའི་འཛུམ་ཞལ་གྱི་ཟོལ་དུ་ང་ཡི་མིག་ནང་ལ་ཤར་ཏེ་སེམས་ནང་དུ་འཛུལ་སོང་།

  ངེད་གཉིས་འཛིན་རིམ་བརྒྱད་པ་ཡིན་དུས་ཕན་ཚུན་ངོ་ཤེས་པ་ཡིན།དེ་ནི་ང་རང་ངལ་དུབ་དང་སུན་སྣང་གིས་ཁེངས་པའི་ཕྱི་དྲོ་ཞིག་རེད། ཉིན་དེར་ང་རང་འཛིན་གྲྭའི་ཁོར་ཡུག་གི་གད་རེས་པར་འཁེལ་ནས་སློབ་ཁྲིད་ཐོག་ཁང་གི་ཐེམ་སྐས་གཙང་བཟོ་བྱེད་སྐབས།རེ་ཞིག་ཐང་ཆད་དེ་གྱང་ལ་བསྙེས་ནས་ངལ་གསོ་བཞིན་སྡོད་དུས། སློབ་ཁང་ཞིག་གི་སྒོ་འགྲམ་ན་སློབ་མ་མང་པོས་བློར་འཛིན་བྱེད་ཀྱིན་པའི་ཁྲོད་དུ་བུ་མོ་སྣང་འགྲོ་ཞིག་ངའི་ཁྲ་ཆུང་མིག་གི་ཨ་ལོང་ནང་ཚུད་སོང་།རྒྱུས་མངའ་ཅི་ཡང་མེད་པའི་བུ་མོ་དེའི་ཕྱོགས་སུ་ངའི་ཡིད་ནས་རང་དབང་མེད་པར་བརྩེ་དུང་གི་རྦ་རླབས་ཤིག་འཕྱུར་སོང་།དེ་དུས་ང་ཡི་སེམས་སུ་བུ་མོ་དེ་ནི་ལས་དབང་གིས་ཆེད་དུ་ངའི་འཇིག་རྟེན་ལ་བཀོད་སྒྲིག་བྱས་པའི་སྙིང་ཉེ་ཞིག་རེད་སྙམ་སྟེ།ཏོག་ཙམ་རིང་སྟོང་འདང་གི་དབང་དུ་ཤོར་ནས་མོའི་ཕྱོགས་སུ་ནན་ཏན་གྱིས་མིག་ཞགས་ཐེངས་འགར་འཕངས་པ་ན།འཛིན་གྲྭ་དེའི་བུ་མོ་རྣམས་ཀྱིས་ངའི་རྣམ་པ་དེ་མཐོང་ནས་གད་མོ་དགོད་ཀྱིན་སྙིང་ཁྲེལ་གྱི་རྣམ་འགྱུར་གང་བྱུང་དུ་བསྟན་སོང་།དེ་འཕྲད་དུ་མོ་རང་དོགས་མི་བདེ་བ་བྱུང་ནས་མགྱོགས་པོར་སློབ་ཁང་དུ་འཛུལ་སོང་།ང་ལ་གར་ཡོང་མི་ཤེས་པའི་འཇིགས་སྣང་ཞིག་སྐྱེས། དུས་དེར།ངས་ནི་དངོས་ནས་ཞབས་འདྲེན་ཆེན་པོ་ཞུས་སོང་།དེ་ལྟ་ནའང་།མཐོང་བ་ཙམ་གྱིས་སེམས་པ་ཤོར་འགྲོ་བའི་བུ་མོ་དེའི་ལུས་ཀྱི་ཆ་ཤས་སྐོར་ཞིག་ངས་རང་གི་ཡིད་ལ་ངེས་ཅི་ཐུབ་བྱས་པ་ཡིན།ང་དང་བསྡུར་ན་གཟུགས་པོ་ཅུང་ཟད་ཐུང་ཞིང་ཤ་མདོག་དཀར་ལ།ཁ་རས་ཀྱི་ཕག་ཏུ་མ་ཤོར་བའི་རྣ་རྩ་དཀར་པོ་དང་།ཡ་ཐོད་ཀྱི་དཔྲལ་འདབས་བར་དུ་མཉམ་པོར་བཅད་ནས་ཡོད་པའི་སྐྲ་ལོ་ནག་ཀྲིག་གེར།དཀར་ནག་གི་དབྱེ་མཚམས་ཤིན་ཏུ་གསལ་བའི་མིག་འབྲས་ཀྱི་གོང་ན་དཀྲི་ག་ཅུང་ཙམ་འབུར་ནས་ཡོད་ཅིང་།ཚོན་གྱིས་མ་བསླད་པའི་རང་བྱུང་གི་རྫི་མ་རྫོང་མཐུག་པོ་ཡོད་པ་དེ་མོ་་རེད།ངས་ཅི་ཡང་ནོར་མི་སྲིད།

  ཉི་མ་དེ་ནས་བཟུང་།སྣང་བ་ཞིག་ལ་མོ་ནི་མངོན་མེད་ཀྱི་ལྷ་མཐུ་བོ་ཆེ་སུ་ཞིག་གིས་ཆེད་དུ་ངའི་འཇིག་རྟེན་ལ་བཀོད་སྒྲིག་བྱས་པ་དང་འདྲ།མོའི་བྱད་བཞིན་གྱི་ཆ་ཤས་རེ་རེ་ངའི་སེམས་སུ་འཕྲོ་རིམ་འཕྲོར་ཤར་ནས་ཡལ་ཐབས་ཤིག་མེད་པས།དེ་དུས་ཀྱི་ང་ལ་མཚོན་ན།ཆེས་གལ་འགངས་ཆེ་བའི་ལས་འགན་ནི་ཐབས་ཤེས་གང་དྲག་གི་སྒོ་ནས་མོ་ལ་འབྲེལ་ལམ་ཡག་པོ་ཞིག་གཟུག་རྒྱུ་དེ་རེད།མོའི་འཛིན་གྲྭའི་ནང་དུ་ང་དང་ཕ་ཡུལ་གཅིག་པའི་སློབ་གྲོགས་ཤིག་ཡོད་པ་དེར་སྐད་ཆ་དྲིས་པར།སློབ་གྲོགས་ཁོས་བུ་མོ་དེ་ནི་འཛིན་གྲྭའི་ནང་གི་སློབ་སྦྱོང་ལ་བཟང་གྲས་ཤིག་དང་། རྒྱ་ཡིག་ལ་རྩེ་གྲས་ཤིག་ཡིན་ཚུལ་ལབ་སོང་། ད་རུང་མོ་ལ་འཕྲིན་ཡིག་འབྲི་མཁན་མང་ཙམ་ཡོད་པ་སོགས་རྒྱུ་མཚན་ལུང་པ་གང་བཤད་པའི་འཕྲོ་ནས།ང་ལ་ནི་རེ་བ་ཆུང་ཆུང་ཡིན་ཚུལ་ལབ་སོང་།ད་ནི་ག་རེ་བྱེད་དགོས་པ་རེད་དམ།རེ་བ་མི་འདུག་སྙམ་སྟེ་རང་སེམས་ཤི་རུ་འཇུག་དགོས་སམ།ཚོད་ལྟ་ཞིག་བགྱིད་ནས་དང་ལེན་མི་བྱེད་པའི་ཕམ་ཁ་ཁུར་དགོས།གདམ་གསེས་སྔ་མ་ལྟར་སོང་སྟེ་རང་སེམས་ཤོར་བའི་མི་ཞིག་བསྐྱུར་ག་ལ་ཕོད།དེ་ནི་ངས་རང་ཉིད་ལ་མནར་གཅོད་གཏོང་སྟངས་ཤིག་རེད།གདམ་གསེས་ཕྱི་མ་དེ་ལག་བསྟར་བྱས་པ་ཡིན་ན།གལ་སྲིད་མོས་དངོས་ནས་དང་ལེན་མ་བྱས་ཚེ།གནམ་རྒན་མ།ངའི་ངོ་ཚ་དེ་གང་ལ་ཁྱེར།གཏམ་མྱི་ཁ་བརྒྱུད་ན་ཇེ་ཆེ། མཐོ་ཚད་ཅིག་བསྙེགས་ནས་རིམ་པ་ཞིག་ཟིན་ཡོད་སྙམ་པའི་དེ་དུས་ཀྱི་ང་རྒྱལ་དེའི་མགོ་བོ་མནན་སོང་བ་ཡིན་ན་ནི།དོན་གྱིས་ངའི་ལ་རྒྱ་ཤོར་སོང་བ་དང་ཁྱད་པར་ཅི་ཞིག་ཡོད།ཏན་ཏན་ངའི་མཚན་སྙན་ས་ལ་བསྲེ་འགྲོ་ངེས་ཡིན། གདམ་གསེས་འདི་གཉིས་ལས་གང་ཞིག་བསྒྲུབ་རྒྱུ་ལས་སླ་པོར་ཐག་གཅོད་མ་ཐུབ་པར་ཉིན་ཞག་འགའ་འགྱངས་དགོས་སོང་།

  དཔའ་བོ་བཅའ་རྒྱུ་ཞིག།སྲོག་ལ་འཛེམ་རྒྱུ་ཞིག།དེ་ལྟར་འདང་བརྒྱབ་ན་གྲུབ་འབྲས་སྨིན་རྒྱུའི་རེ་བ་ཞིག་ཡོད་སྲིད་དམ།ངས་རང་གི་འདོད་པ་དེའི་ཆེད་དུ་མཇུག་འབྲས་ཕྱི་མ་དེ་དབྱུང་མིན་ཐད་མང་པོ་ཞིག་བློས་མི་གཏོང་ཐབས་མེད་བྱུང་སོང་།ངས་རང་གི་ནང་སེམས་ཀྱི་སྡོད་བཟོད་མེད་པའི་ངར་ཤུགས་དེས་མོ་ལ་འཕྲིན་ཡིག་ཅིག་འབྲི་རྩིས་བྱས། འཕྲིན་ཡིག་དེ་ཡང་ནང་སེམས་ཀྱི་དངངས་སྐྲག་དང་འདོད་པ་གཉིས་རྐྱ་འཐབ་ནས་བྲིས།གཞན་ཡང་དེ་དུས་ཀྱི་ང་ལ་མཚོན་ན།སྦལ་བ་ན་རྐོང་དུ་ཡོད་ཀྱང་བསམ་པ་གླིང་དཀར་སྟོད། རང་གི་ན་ཚོད་དང་འགལ་བའི་རྩོམ་རེ་བྲིས།གཞན་གྱི་གདེང་འཇོག་རེ་ཐོབ་ནས་ཡིན་མདོག་བསྟན།ཅི་ཞིག་བྲིས་ཀྱང་མི་ཕྲིས་པ་མེད་པའི་ཁེངས་དྲེགས་ཀྱི་སྣང་བ་ནམ་མཁར་ཡོད་པའི་དུས་སྐབས་ཤིག་རེད།སློབ་གྲོགས་ཁ་ཅིག་གི་རེ་བ་ལྟར་བུ་མོ་རྣམས་ལ་འཕྲིན་ཡིག་འབྲི་རོགས་བྱེད་དུས། ངས་ནི་ལས་སླ་པོ་དང་འགྲོས་མགྱོགས་པོར་བྲིས་ཚར་འགྲོ། བལྟས་ཚོད་ལ་འཕྲིན་འབྲི་བར་བྱང་ཆ་ངེས་ཅན་ཡོད་སྣང་ཤར། ཡིན་ནའང་། ངས་མོ་རང་ལ་འཕྲིན་འབྲི་དུས་སེམས་འཚབ། ཐ་སྙད་ཀྱིས་མ་འདང་། མཇུག་འབྲས་ལ་སྐྲག་པ་སོགས་རྐྱེན་དུ་མའི་དབང་གིས་དང་པོ་སྐད་ཆ་ཇི་ལྟར་འགོ་རྩོམ་རྒྱུའི་ཐད་དཀའ་ལས་ཅུང་ཙམ་ཁག་སོང་མོད། མཐར་ཚིག་རྒྱན་འདྲ་མིན་བསྲེས་པའི་སྙན་ངག་གི་རྣམ་པ་ལྟ་བུ་ཞིག་བྱས་ནས་མོ་རང་ལ་བསྟོད་པ་རྣམ་གསུམ་འཐེན་ཞོར། མོ་ནི་ད་ལྟའི་བར་དུ་སློབ་གྲྭའི་ནང་ནས་མཐོང་བ་དག་ལས་ང་རང་ཆེས་དགའ་ཤོས་ཡིན་ཚུལ་སོགས་ཁ་ཡག་ཚིག་གི་འཁོར་ལོ་ཆེན་པོ་ཞིག་བསྐོར་བ་ཡིན། དོན་དངོས་ཀྱང་དེ་བཞིན་ལས་མ་འདས།དེ་ལྟར་ཚིགས་བཅད་ཀྱི་ལམ་ནས་འཕྲིན་ཡིག་ཤོག་ལྷེ་གཉིས་ལྷག་བྲིས་ནས་བསྐུར་བཞག།མཇུག་འབྲས་ཅི་ཞིག་དབྱུང་སྲིད་དམ།མོས་ང་ལ་མིག་རྒྱང་གང་གི་བསུ་མ་དང་ལྕགས་དབྱུག་གང་གི་སྒོ་འགྱོགས་བྱ་སྲིད་དམ།མགོ་ནག་སྐྱིད་སྡུག་གནམ་གྱི་ལག།

  ཕྱི་ཉིན་གྱི་དགོང་ཚོགས་གྲོལ་བ་ན།ངེད་འཛིན་གྲྭའི་སློབ་གྲོགས་མ་ཞིག་གིས་སློབ་ཁང་གི་སྒོ་ཁ་ནས་ཕྱིར་ལྟ་བྱེད་ཀྱིན། ཨོ་རྒྱན། ཨོ་རྒྱན། བུ་མོ་ཞིག་གིས་ཁྱོད་འཚོལ་གྱིན་འདུག་ཟེར།ངའི་སེམས་སུ་བུ་མོ་དེ་མོ་རང་ཡིན་སྙམ་ནས་ཅི་ཡིན་འདི་ཡིན་མེད་པར་འཚིག་པ་ཟོས། སྙིང་སྟོབས་ཀྱིས་མ་འདང་། གང་ལྟར་མོ་རང་གི་སྔུན་ལ་འགྲོ་རྒྱུར་དོགས་མི་བདེ་བ་ཞིག་ཆགས་སོང་མོད།ཡིན་པ་ནི་ངས་དང་ཐོག་མོ་རང་མཐོང་དུས་མོ་དང་མཉམ་དུ་ཡོད་པའི་བུ་མོ་དེ་རེད་འདུག།བུ་མོ་དེས་འཕྲིན་ལན་བསྐྱལ་ནས་སླེབས་སོང་།

  འཕྲིན་ཡིག་ཤོག་བུ་དེ་ངའི་ལག་ལ་བཞག་མ་ཐག །ང་གཏིང་ཞིག་ནས་སེམས་འཚབ་ཆེ་བ་བྱུང་། ཤོག་བུ་དེའི་ལྟེབས་བཤིག་ན་མཇུག་འབྲས་ཇི་ལྟར་ཡོད་སྲིད་དམ། སྙིང་རྗེ་བའི་མི་ཞིག་ཡོད་ན། ཤ་ཚ་ན་བར་སྐབས་འདི་རེད།

  སེམས་ལ་སྐྲག་སྣང་ཞིག་སྐྱེས་ནས་འཕྲིག་ཡིག་གི་ལྟེབས་བཤིག་པ་ན། རྒྱ་ཡིག་གི་ལམ་ནས་ང་རང་ངོ་ཤེས་པར་དགའ་བོ་ཡོད་ཚུལ་དང་། ཁོ་ཚོའི་སྐད་ཡིག་དགེ་རྒན་གྱིས་ངའི་རྩོམ་ཞིག་འཛིན་གྲྭའི་ནང་ནས་བཏོན་པ། རྗེས་མར་རྩོམ་འབྲིའི་ཕྱོགས་ནས་མཛུབ་སྟོན་བྱེད་དགོས་ཚུལ་སོགས་བྲིས་པའི་འཕྲོར། དུས་ཚོད་ཡོད་དུས་ངོ་ཐུག་ནས་ཁ་བརྡར་གློད་དེ་བསམ་བློ་བརྗེ་རེས་བྱེད་འདོད་ཡོད་ཅེས་བྲིས་འདུག།

  ད་ཡིན་ན་འདོད་ཐོགས་ལ་རྟ་བརྒྱུགས་སོང་བ་མ་ཡིན་ནམ། རེ་འབྲས་སྨིན་པའི་སྣང་བ་དེ་ནི་འཇིག་རྟེན་གྱི་བདེ་བ་མཐར་ཐུག་ཅིག་སྟེ། བརྗོད་པའི་ཚེ་ན་ཚིག་གིས་སྟོང་བར་འགྱུར་བའི་སྣང་བ་དེ་སྐབས་ཐོག་དེར་ང་གཅིག་པུས་མ་གཏོགས་སུ་ཞིག་གིས་མྱོང་ཐུབ་བམ། ཉིན་གྱི་སློབ་མའི་འདུ་ལོང་གི་ཁྲོད་ནས་མཐོང་འདོད་ཆེ་ཞིང་མཚན་གྱི་རེ་བའི་རྨི་ལམ་གྱི་ཀློང་དུ་བསླེབ་པར་རེ་བའི་མཛེས་མ་དེ་ཨང་། ལྷུན་ཆགས་ཀྱི་སྣང་བ་ཐོལ་ཐོལ་དུ་སྟེར་བའི་མོ་རང་གིས་ངའི་སེམས་ནང་གི་སློབ་རའི་མེ་ཏོག་མའི་བརྟུལ་ཞུགས་བཟུང་།

  ཉིན་འགའི་རྗེས་ནས་རང་སེམས་ཀྱི་སློབ་རའི་མེ་ཏོག་མ་དེ་སྤོ་ལོའི་འགྲན་བསྡུར་ཞིག་ཏུ་མཐོང་། ལོ་རེའི་སྟོན་ཁར་སློབ་གྲྭའི་ནང་དུ་འཛིན་གྲྭ་རེ་རེ་གཏུགས་ནས་ལག་རྩལ་སྤོ་ལོའི་འགྲན་བསྡུར་གྱི་བྱ་འགུལ་སྤེལ་སྲོལ་ཡོད་ཅིང་། ངས་ཉིན་མོ་དེར་ཁོ་ཚོའི་འཛིན་གྲྭ་དང་འཛིན་གྲྭ་གཞན་ཞིག་གཏུག་གི་ཡིན་པ་གོ་བས་ཆེད་དུ་མོ་རང་ལ་བལྟ་བར་སོང་། འགྲན་བསྡུར་སྐབས་འཛིན་གྲྭ་གཉིས་ཕྱོགས་གཉིས་བྱས་ཏེ་འགྲན་མི་དག་ལ་ཤུགས་སྣོན་རྒྱུའི་སྐད་འབོད་ཀྱི་ཁྲོད་དུ་མོ་རང་མཐོང་སོང་། སླར་ཡང་དཔྲལ་འདབས་བར་མཉམ་པོར་བཅད་ནས་ཡོད་པའི་སྐྲ་ལོ་ནག་ཀྲིག་གེར་མངོན་ཅིང་། སྔོན་དང་མི་འདྲ་ས་ཞིག་ནི་མོས་ཉིན་དེར་ཁ་རས་བརྒྱབ་མི་འདུག །དོན་གྱིས་ཁ་རས་མ་བརྒྱབ་པ་དེ་བཟང་ངེས། ཁ་རས་བརྒྱབ་ནས་སྐད་འབོད་བྱས་ན་མོ་རང་གི་དབུགས་གཏོང་ལེན་ལ་གནོད་ངེས། སྟོད་ལྭ་གློ་དམར་ཞིག་གི་འོག་ཏུ་གླང་རྫིའི་དོར་མ་ཞིག་གྱོན་འདུག །གསལ་བོར་ལྟ་དུས་སྣང་བ་ཞིག་ལ་མོའི་མིག་ནང་དུ་སྟོབས་ཤུགས་ཤིག་འཁྱིལ་འདུག །དེ་ཡང་ཅི་ལ་མིན་ཏེ། རྒྱལ་ཁ་རྩོད་པའི་ཉིན་མོར་འཛིན་གྲྭའི་དོན་དུ་ཁོག་དཔུང་ཡོད་དང་ཡོད། མི་ཚོགས་ཀྱི་ཟུར་ཞིག་ནས་ག་ལེར་ལྟ་དུས། མོའི་གདོང་པ་དང་ལུས་ཀྱི་གཡས་ཟུར་རེ་ཞིག་མཐོང་ནས་རེ་ཞིག་མི་ཚོགས་ཀྱི་ཕག་ཏུ་ཡལ་འགྲོ །མཐོང་མི་འདོད་པའི་མོའི་གམ་གྱི་འཛིན་གྲོགས་དེ་དག་གིས་ང་ལ་བར་ཆད་བྱེད། མོས་གྲོགས་མོ་དང་མཉམ་དུ་མུ་མཐུད་སྐད་རྒྱག་གིན་འདུག །འགྲན་བསྡུར་དེ་དེ་འདྲའི་ཛ་དྲག་ཆེ་ཡང་། ངའི་སེམས་གཏོད་ས་འགྲན་བསྡུར་དེ་མ་རེད། མི་ཚོགས་ཀྱི་གསེང་དུ་མོས་ང་མཐོང་མི་ཐུབ་བསམ་པའི་གནས་ཤིག་ཏུ་ངས་མོ་ལ་ལྐོག་ལྟ་བྱེད་རྒྱུ་དེ་རེད། ཡང་སྟབས་མ་འགྲིག་ན་མོས་ལྟ་ཕྱོགས་ཀྱི་དབང་གིས་ང་མཐོང་མི་ཡོང་ངམ་སྙམ་པའི་ཞེད་སྣང་ཞིག་ཀྱང་དུས་དུས་སུ་སྐྱེས་འོངས།

  ཏག་ཏག་ཕྱི་དྲོ་དེར། སློབ་གྲྭའི་གསོལ་ཁང་ལ་ཁ་ལག་བཟའ་རུ་སོང་བའི་ལམ་བར་ནས་མོ་དང་འཕྲད་སོང་། མོ་གྲོགས་མོ་འཕྲིན་སྐྱེལ་མ་དེ་དང་ལྷན་དུ་འགྲོ་བཞིན་འདུག །གྲོགས་མོ་དེས་ང་མཐོང་མ་ཁད་འབུ་ཞིག་གིས་སོ་བཏབ་པ་ལྟར་གོམ་པའི་འདེགས་འཇོག་དང་གདོང་གི་རྣམ་འགྱུར་ལ་འགྱུར་བ་ཞིག་བཏང་སྟེ། མོའི་ལག་པའི་གྲུ་ཁུགས་ལ་སེན་བཏོག་ལྟ་བུ་ཞིག་བྱས་སོང་། སྣང་བ་ཞིག་ལ་གྲོགས་མོ་དེས། ཨ་རོགས། ཝེ། ཞི་མོ(ཨམ་སྐད་ནང་བུ་མོའི་དོན)གཟས་ཡ། སྡེ་ཞི་ལུ(ཨམ་སྐད་ནང་བུ་ཡི་དོན)ཐོན་ཐལ་ཟེར་བ་དང་འདྲ། དུས་དེར། ང་རང་དབང་ལ་མི་ཡོང་བའི་དོགས་མི་བདེ་བ་ཞིག་བྱུང་ལ། སེམས་འཚབ་ཞོར་འཚམས་འདྲི་ཞིག་བྱེད་དུས། ཡིད་ལ་མ་དྲན་པ་ཞིག་ལ་མོ་ནི་བུ་མོ་སྤོབས་པ་ཅན་ཞིག་སྣང་། ཕ་ཡུལ་གྱི་བུ་མོ་དེ་དག་དང་འདྲ་བར་མངོན་ཆུང་གི་ལམ་ནས་ལྟ་སྤྱོད་ཕུད་པའི་ཚོད་ཅིག་ཁྱོན་ནས་རེད་མི་འདུག །སྤྱིར་བཏང་དུ་ང་ནི་དེ་དུས་ཀྱི་ན་ཚོད་དེར་སྐྲ་སྲེག་སྤྱད་བཀོལ་ནས་སྐྲ་ལོ་མིག་མཚམས་བར་དུ་དྲང་ཤལ་སེར་འཐེན་ནས་ཡོད་མཁན་ཞིག་དང་། གླང་རྫིའི་དོར་མའི་འོག་ལ་ཇོར་ལྡན་རྟགས་ཅན་གྱི་ལྷམ་ཞིག་གོན། ཉིན་ཁ་ཤས་འདས་ན་ཤ་ཉེ་ཕུ་བོ་དག་གི་སར་གོན་པ་ཡག་པོ་རེ་གཡར་དུ་སོང་། ཉི་མ་རེ་འགའི་ནང་ལྭ་བ་རེ་མ་བརྗེ་ན་སེམས་ཁམས་མི་སྐྱིད་པའི་སྣང་བ་ཅན་ཞིག་དང་། འཛིན་གྲོགས་རེ་འགའ་གཡས་གཡོན་ལ་ཁྲིད་ནས་འགྲོ་བ་དེ་ཡང་ཁྱད་ཆོས་ཤིག་ཏུ་བརློམས་ཤིང་། སློབ་ལྭ་མ་གོན་པར་འགྲོ་བ་དེ་ཡང་གཟི་བརྗིད་ཅིག་ལ་བསྒོམས་པ་སོགས་གྲབ་རྒྱགས་ཆེ་བ་ནི་ངའི་དེ་དུས་ཀྱི་རང་གཤིས་ཤིག་ཏུ་གྲུབ་མོད། མོའི་སྔུན་ནས་ང་རང་ཉིད་ཕ་ཡུལ་གྱི་བུ་མོ་མངོན་ཆུང་དེའི་རིགས་སུ་སོང་། སྐད་ཆ་ཅི་བཤད་ན་འོས་འཚམ་ཡིན་པའང་མི་ཤེས་པས། དེ་རིང་འགྲན་བསྡུར་ག་འདྲ་བྱུང་སོང་ཞེས་དྲིས་པར། མོས། ཁྱོས་དེའི་ལོ་རབས་མ་བྱེད་ཟེར།

  ངས་ཕལ་ཆེར་སློབ་ཐུན་གྲོལ་ཐེངས་རེ་རེར་མོས་བསྐུར་བའི་འཕྲིན་ཡིག་དེར་བལྟས། སློབ་ཐུན་ལ་ལར་ཡང་དེར་བལྟས། ང་ནི་བོད་ཡིག་ལ་སློབ་རིམ་ཡོངས་ནས་ནམ་རྒྱུན་སྐར་འབྲས་ཆེས་མཐོ་ཤོས་ལེན་མཁན་ཞིག་ཡིན་པས། མོས་ཀྱང་ངའི་མིང་གོ་མྱོང་ཡོད་འདུག །ད་ནི་འགྲིག་འདུག་གོ །ང་ལ་མཚོན་ན་འདི་ལས་ལྷག་པའི་གོ་སྐབས་ཅི་ཞིག་མཁོའམ། གོ་ཐོས་སུ་མོ་རང་ལ་རྒྱ་ཡིག་གི་ཚིག་རྩལ་ཤིན་ཏུ་ལེགས་པོ་ཡོད་ཟེར། ཡིན་ནའང་། འཕྲིན་ཡིག་དེ་ཐུང་དྲགས་པས་ངས་མོ་ལ་གཞན་གྱིས་བཤད་པའི་རྒྱ་ཡིག་གི་ཚིག་རྩལ་དེ་འདྲ་ཞིག་ཡོད་པ་ཤེས་མི་ཐུབ། བསམ་བློ་ཡང་ཡང་བཏང་མཐར། ངེས་པར་དུ་མོ་རང་དགའ་བར་བྱེད་པའི་ཐབས་ཤིག་འཐེན་དགོས་སྙམ། མ་མཐའ་ཡང་རང་ཉིད་ལ་གདེང་འཇོག་འོས་མོ་འཐོབ་ངེས་པ་ཞིག །དེ་དུས་རྒྱ་ཡིག་གི་ལམ་ནས་འཕྲིན་ཡིག་ཐེངས་གཅིག་བྲིས་མྱོང་མེད་ཀྱང་། སྐབས་དེར་བསྲན་བཙུགས་ནས་འཕྲིན་ཡིག་ཤོག་ལྷེ་གཅིག་བྲིས་ནས་བསྐུར། ངའི་རྒྱ་ཡིག་གི་རྩོམ་འབྲིའི་ཆུ་ཚད་ལེགས་པོ་མེད་ཚུལ་དང་། རྗེས་མར་ངས་མོ་རང་ལ་བོད་ཡིག་གི་ཕྱོགས་ནས་རོགས་རམ་དང་། མོས་ང་རང་རྒྱ་ཡིག་གི་ཐད་ནས་ཡར་རྒྱས་གཏོང་དགོས་པའི་རེ་བ་སོགས་བྲིས་ནས་བསྐུར།

  ཏག་ཏག་ཉིན་དེའི་ཕྱི་དྲོར་མོ་དང་མོའི་གྲོགས་མོ་གཉིས་ངེད་འཛིན་གྲྭའི་སྒོ་ཁར་སླེབས་སོང་།

  ཨོ་རྒྱན། ཨོ་རྒྱན།

  འཛིན་གྲྭའི་ནང་ནས་ང་ལ་དོགས་མི་བདེ་བ་ཞིག་བྱུང་ལ། དེ་དང་མཉམ་དུ་ངོ་སོ་ཆེ་བ་ཞིག་ཀྱང་བྱུང་།

  འདི་ནི་ངས་མོ་རང་མཐོང་ཐེངས་གསུམ་པ་རེད། མཐོང་ཐེངས་གསུམ་པ་དེར་ཡང་ངའི་སྤོབས་པ་བག་ལ་ཞ་སོང་། སློབ་ཁང་གི་ཁ་གཏད་ཀྱི་ཆུ་ཁང་དེའི་སྒེའུ་ཁུང་འགྲམ་ནས་མོ་ལ་ཁ་བརྡ་རེ་བཤད་དུས། ང་ནི་ཨ་ན་མ་ན་སྐྱོན་ཆར་ཐོགས་པའི་སློབ་མ་ཞིག་གིས་དགེ་རྒན་གྱི་མདུན་ནས་མཚམས་རེར་མགོ་བོ་སྒུར་ཙམ་སྒུར་ཙམ་བྱེད་ཅིང་། ལན་རེར་ལག་པས་མགོ་ལ་ཕུར་ཙམ་ཕུར་ཙམ་བྱེད་པའི་རྣམ་པ་ཞིག་དབང་མེད་ངང་ཤར་སོང་། མོའི་གདོང་ལ་འཛུམ་ལངས་ནས་ཡོད་པ་དེས་རེ་ཞིག་ང་ཡང་ཅུང་ཙམ་ལྷོད་ལ་འབབ་ཏུ་བཅུག །ཁྱོད་རང་རྒྱ་ཡིག་ལའང་ཡག་པོ་འདུག་པས། ངས་ཁྱོད་ལ་རོགས་ཆེན་པོ་བྱ་དགོས་ཀྱི་མ་རེད། རྗེས་མར་ངེད་གཉིས་ཀྱིས་མཉམ་དུ་འབད་པ་བྱེད་ཟེར། འཕྲིན་ཡིག་གཉིས་པ་དེ་ལག་ཏུ་རག་དུས་སྔོན་མ་ནང་བཞིན་སེམས་ཁྲལ་ཆེན་པོ་མ་བྱུང་བའི་ཁར། མོའི་བསྟོད་ཚིག་དེ་ངའི་རྣ་ལམ་དུ་དགེ་རྒན་གྱི་བསྟོད་བསྔགས་ལས་ཀྱང་སྙན་པ་ཞིག་བྱུང་། ཕྱིར་སློབ་ཁང་དུ་འཛུལ་ནས་འཕྲིན་ཡིག་དེའི་ཁ་ཕྱེ་པ་ན། ངའི་ཡིག་ནོར་ཞིག་དང་ཚིག་སྐྱོན་རེ་གཉིས་ཀྱི་སྟེང་ལ་དམར་རྟགས་བརྒྱབ་ཅིང་། ཐིག་ཕྲེང་གི་འོག་ནས་བཅོས་འདུག་པས། སློབ་གྲོགས་ཤིག་གད་མོ་དྲག་ཏུ་བགད་སྟབས། ངའི་གདོང་པ་ལམ་སང་དམར་པོ་ཆགས་སོང་། དངོས་ནས་ཞབས་འདྲེན་རེད། ཡིན་ནའང་། ཤོག་བུ་དེའི་རྒྱབ་ཏུ་སྔོན་མ་དང་འདྲ་བར་འཕྲིན་ལན་ཐུང་ཐུང་ཞིག་བྲིས་འདུག་པ་དེའི་ནང་དུ་སེམས་དྲོ་བ་ཁོ་ན་ཉིད་མཐོང་བས། ངོ་ཚ་དེ་སྐད་ཅིག་དེ་ཉིད་ལ་གར་སོང་འདིར་སོང་མེད་པར་གྱུར། ད་ཡིན་ན་མོས་དངོས་ནས་ངའི་ནང་སེམས་ལ་དབང་བསྒྱུར་ཡོད་ཚོད་རེད།

  སྔ་དྲོའི་སློབ་ཐུན་དང་པོ་མ་ཚོགས་སྔོན་དུ་སློབ་ཁྲིད་ཐོག་ཁང་གི་རྒྱབ་ནས་སློབ་ཚན་བློར་འཛིན་དུས། མཚམས་རེར་མོས་ཐོག་ཁང་གི་རིམ་པ་མཐོ་སའི་སྒེའུ་ཁུང་ནས་ང་ལ་ལྟ། ང་ཡང་ཉིན་རྒྱུན་ཐོག་ཁང་གི་རྒྱབ་ཏུ་ངག་སྐྱོར་གཏང་དུ་འགྲོ་རྒྱུར་དགའ་བ་ཞིག་ཏུ་གྱུར། མོས་ནམ་རྒྱུན་སྒྱིད་ལུག་གིས་ཁེངས་པའི་སློབ་མ་དེར་ཉི་མ་ནུབ་ཕྱོགས་ནས་ཤར་དུ་བཅུག །མོའི་ཆེད་དུ་ང་ཞོགས་པ་རེ་རེར་དེ་གར་ངག་སྐྱོར་གཏོང་དུ་ཕྱིན། ཁ་ནས་ངག་སྐྱོར་བཏང་། མིག་གིས་མོ་རང་བཙལ།

  མོ་རང་གིས་རྒྱ་ཡིག་གི་དེབ་མང་པོ་བཀླགས་ཡོད་པ་ཤེས་ཐུབ། ཐེངས་ཤིག་ང་ལ། ཁྱོད་རྒྱ་ཡིག་གི་རྩོམ་གང་གི་རིགས་ལ་བལྟ་རྒྱུར་དགའ་ཟེར། ངས་ནི་རྫིག་ཉམས་ཤིག་སྟོན་དགོས་བསམས་ནས། ང་ནུབ་ཕྱོགས་ཀྱི་བརྩམས་སྒྲུང་ལ་དགའ་བོ་ཡོད་ཅེས་བཤད་པར། མོས། དེ་ཡག་པོ་འདུག །ཁྱོད་ཀྱིས་ནུབ་ཕྱོགས་ཀྱི་སྒྲུང་གཏམ་གང་དག་ལ་བལྟས་ཡོད་ཅེས་དྲིས་སོང་། དེ་དུས་བོད་ཡིག་ལ་འགྱུར་ཡོད་པའི«ཇ་ཤིང་མེ་ཏོག་མ»དང་། «གཡུ་གཅལ་ལྷ་ལམ» «ནད་ཁང་ཨང་དྲུག་པ»བཅས་ཀྱི་མིང་བཤད་རྗེས། རྟིང་གནོན་གྱི་ཚུལ་དུ་དེབ་འདི་དག་གི་རྒྱ་ཡིག་གི་མིང་བཤད་མ་ཐག །མོ་རང་ཧང་སངས་སོང་། མོས་དེབ་དེ་དག་ལ་བལྟས་ཡོད་པ་ཕར་ཞོག །ཐ་ན་མིང་ཙམ་ཡང་གོ་མྱོང་མེད་ཟེར། དེ་ནས་མོ་རང་གིས། ངས་ད་ལྟ«ལྷིང་འཇགས་ཀྱི་རྡོན་གཙང་པོའི»རྒྱ་འགྱུར་མ་བཀླགས་ཚར། ཁྱོད་ལ་ཀློག་འདོད་ཡོད་ན་དེབ་དེ་སྤྲད་ཀྱི་ཡིན། དེབ་དེ་ཞེ་དྲག་ཡག་པོ་འདུག་ཟེར། ཕྱི་ཉིན་སྔ་མོར། ངའི་མིག་ལམ་དུ《静静的顿河》རྒྱ་ཡིག་གི་ཡིག་འབྲུ་རེ་རེ་ཤར་ཞིང་། ལག་ཏུ་ཐོབ་ནས་ག་ལེར་དེབ་ཀྱི་ཁ་ཕྱེ་པ་ན། མོས་ཧ་མི་གོ་བའི་ཐ་སྙད་འགའ་རེར་འགྲེལ་བཤད་བྲིས་འདུག་ལ། ཚིག་ཡག་པོ་དུ་མར་སྔོ་རྟགས་བརྒྱབ་འདུག །དེབ་ཀྱང་ཅུང་ཟད་རྙིང་ཡོད་པར་དཔག་ན། མོས་དེབ་དེ་ཧ་ཅང་གཟབ་ནན་ངང་བཀླགས་ཡོད་པ་ཤེས་ཐུབ་ཅིང་། ཞར་ལ་མོ་རང་གི་རྒྱ་ཡིག་གི་ཆུ་ཚད་སྤྱིར་བཏང་བ་ཞིག་མིན་པའང་བློ་ངོ་ནས་ར་འཕྲོད་སོང་།

  ག་ལེར་སློབ་གྲྭ་བརྒྱུད་ནས་ནུབ་ཕྱོགས་སུ་བཞུར་བའི་མང་ཆུ་སྔོན་མོ་ཡང་ངེད་གཉིས་ཀྱི་དུས་ཆད་བྱེད་ས་ཞིག་ཏུ་གྱུར། མཚམས་རེར་ངས་མང་ཆུའི་ཁ་ནས་ཚངས་མགུར་དང་འཇུ་སྐལ་བཟང་གི་དུང་བརྗོད་སྙན་ངག་རེ་འགའ་ངག་སྐྱོར་བཏང་། མོས་སྙན་ངག་དེ་དག་ལ་ཉན་ཞོར་ང་ལ་བསྟོད་པ་འཐེན། རྡོ་ཡི་ཐེམ་པ་དེའི་སྟེང་དུ་སྐར་མ་ཉི་ཤུ་ཡས་མས་ལ་ཙོག་བསྡད་པའི་དུས་ཚོད་ནང་དུ། མོས་ང་ལ་ཡིད་འཛིན་དེ་འདྲ་ཞིག་ཇི་ལྟར་ཡོད་པ་ཡིན་ཞེས་འདྲི་ལ། ངས། དེ་ནི་སོ་སོ་དགའ་སོང་བ་ཞིག་ཡིན་ཕྱིན། ཆེད་དུ་བློར་འཛིན་དགོས་ཀྱི་མི་འདུག །ཐེངས་རེ་འགར་ངག་སྐྱོར་བཏང་བ་ཙམ་གྱིས་ཡིད་ལ་ངེས་ཐུབ་པ་ཞིག་འདུག །ཡིད་ལ་ངེས་ཚར་དུས་བརྗེད་འགྲོ་བ་ཞིག་ཧ་ཅང་དཀོན་ཞེས་ལབ་པར། མོས། ཁྱོད་དགེ་འདུན་ཆོས་འཕེལ་གྱི་རྣམ་ཤེས་ཡིན་ནམ་ཟེར། མོའི་ནང་ཚགས་ངེད་གཉིས་གད་མོ་བགད། བསྟོད་པ་དེ་མོའི་སེམས་ནང་གི་སླད་མ་འདྲེས་པའི་སྐད་ཆ་ཡིན་ཡང་ཆོག་ལ། ངས་རྫིག་པོ་འཁྲབ་ཀྱིན་འདུག་བསམས་ནས་ཆེད་དུ་དེ་ལྟར་བཤད་པ་ཡིན་ཡང་འཐུས། གང་ལྟར་ངས་རྡོ་ཡི་ཐེམ་པ་ཆེན་པོ་དེའི་སྟེང་ནས་རྐུབ་ཡར་འགྱོགས་དུས། གཞི་ནས་རང་ཉིད་གྲང་གིན་ཡོད་པ་ཚོར།

  ངས་བསམ་བློ་བརྗེ་རེས་ཀྱི་འབྲེལ་བ་འདི་ཅི་ཐུབ་གང་ཐུབ་ཀྱིས་བརྩེ་དུང་གི་ངོ་བོར་སྒྱུར་འདོད་ཆེ། སློབ་གྲྭས་ཟླ་གནང་བཏང་བའི་ནངས་མོ་དེར་མོའི་ཁིའུ་ཁིའུ་ཨང་གྲངས་ཁྱེར་ནས་ཡུལ་ལ་སོང་། དེ་དུས་ངའི་ལག་ན་ཀྲུང་གོའི་གློག་འཕྲིན་ཟེར་བའི་ཁ་པར་ཆུང་ཆུང་བྱེད་ནུས་ཤིན་ཏུ་ཉུང་བ་ཞིག་ཡོད་མོད། དགའ་འོས་པ་ཞིག་ལ་ཁ་པར་དེའི་ནང་དུ་ཁིའུ་ཁིའུ་རྩེ་ཐུབ། སྐབས་དེར། ཁིའུ་ཁིའུ་ནང་ལ་བརྡ་འཕྲིན་རེ་སླེབས་དུས། ཏེ་ཏེ་ཏེ་གྲགས་ཡོང་། ཡུལ་ནས་ཟ་མ་ཟ་སྐབས་ཀྱང་ཏེ་ཏེ་ཏེ་གྲགས་མ་ཐག །ངས་མོ་རང་གི་ལན་སླེབས་སོང་སྙམ་གྱིན་དཀར་ཡོལ་ཕར་བཞག་ནས་འཕྲད་མར་ཁ་པར་ལ་ཅེར། ཐེངས་ཤིག་ངས། འུ་གཉིས་ཀྱི་འབྲེལ་བ་འདི་ཧ་ཅང་ཟབ་མོ་ཞིག་ཏུ་གཏོང་འདོད་ཅེས་བཤད་པར། མོས་ཧ་གོ་ཡི་མེད་པའི་ཁུལ་གྱིས། འུ་གཉིས་ཀྱི་འབྲེལ་བ་ཡག་པོ་ཡོད། ད་འབྲེལ་བ་གང་ཞིག་ཏུ་བསྒྱུར་དགོས་པ་རེད་ཅེས་འཁྱམ་འདྲི་བྱེད། ངས། ཕོ་མོའི་བར་གྱི་འབྲེལ་བ་ཅེས་ལབ་མ་ཐག །ཁྱོད་ཕོ་རེད། ང་མོ་རེད། ངེད་གཉིས་ཀྱི་འབྲེལ་བ་ཕོ་མོའི་འབྲེལ་བ་མ་རེད་དམ་ཟེར། མོའི་གཟབ་ནན་ཡིན་པ་ཤེས་དཀའ་ཞིང་འདོད་པ་མེད་པའང་ཚོར་དཀའ་བའི་སྐད་ཆ་དེར་ངས་ལན་ཇི་ལྟར་གདབ་དགོས་པ་མི་ཤེས་པར་གྱུར།

  མོས་བོད་ཡིག་གི་ལམ་ནས་བསླབ་ཕྱིའི་དེབ་གཅིག་ལའང་བལྟས་མེད་ཚོད། ངས་དེབ་འགའ་བཀླགས་ཡོད་པ་དེར་མོས་ཧང་སངས་མདོག་སྟོན་པ་དང་། ངས་མོ་ལ་བོད་ཡིག་གི་སྒྲུང་དེབ་ཅིག་བྱིན་ཡོད་པ་དེ་མོས་ཆ་ཚང་བཀླགས་མི་འདུག །མོ་ལ་ག་ལེར་བོད་ཡིག་གི་ལམ་ནས་དེབ་ཀློག་པ་ལ་སྤྲོ་བ་ཆེར་མེད་པའི་སྣང་བ་ཞིག་ཀྱང་བྱུང་སོང་བས། ངས་ཨུ་ཚུགས་རྒྱག་མ་ཕོད།

  ཨུ་ཚུགས་ཐེངས་གཅིག་བྱས་པ་ནི་སྔར་བཞིན་སློབ་གྲྭའི་གསོལ་ཁང་གི་འགྲམ་ནས་ཐུག་དུས་དེ་རེད། སློབ་མ་དག་གྲལ་བསྒྲིགས་ནས་ཡོད་སྐབས། ང་ཆེད་དུ་ངོ་ཤེས་འགའི་སྔུན་ལ་བུད་དེ་མོའི་རྗེས་ནས་བསྡད་ཅིང་། ག་ལེར་ལག་པ་གཉིས་མོའི་གཞོགས་གཉིས་སུ་བཏང་ནས་འགྲམ་པ་གཡས་པ་མོའི་ཕྱི་ལྟག་དང་སྐེ་ཚིགས་གཉིས་ཀྱི་བར་ཞིག་ཏུ་བཞག་དུས། རྟ་རྒན་གཡུང་མོ་ཞིག་དལ་ཅག་གེར་ཅུང་ཙམ་ཡང་མ་འགུལ་བར་ཁ་ཉལ་བྱས་ནས་ཞོན་དུ་འཇུག་པ་དང་འདྲ་བར། མོ་རང་ལ་གྲག་འགུལ་ཏོག་ཙམ་ཡང་མི་འདུག་ལ། དེ་ནས་སྐད་དམའ་མོའི་ངང་། ཝེ། ཝེ། སེམས་ཅན་གྱིས་རིག་ཐལ་ཟེར། ཕྱི་དྲོ་ང་ལ་ཡི་གེ་ཞིག་འབྱོར་བ་དེའི་ནང་དུ། ད་ནས་བཟུང་ཁྱོད་ཀྱིས་མི་མང་ས་ནས་ང་ལ་དེ་ལྟར་བྱས་མི་ཆོག་ཅེས་བཤད་འདུག །དགའ་བ་ལ། སྐྱིད་པ་ལ། དགའ་སྐྱིད་འཛོམས་པའི་གླུ་ཞིག་ལེན། ད་ཡིན་ན་འབྲེལ་བ་དེ་ངས་འདོད་པའི་ཕོ་མོའི་བར་གྱི་གཟབ་ནན་གྱི་འབྲེལ་བར་འགྱུར་བའི་རེ་བ་ཡོད་དང་ཡོད།

  སྣང་བའི་མགོ་འཕང་མཐོ་ཞིང་རེ་འབྲས་སྨིན་ལ་ཉེ་བའི་ཡིད་ཆེས་ཀྱི་ངོ་མདོག་ཅིག་བྱུང་ནས་ཡོད་པའི་མུ་དེར། ཉིན་ཞིག་སྡེ་ཁག་གི་འགོ་གཙོའི་གཞུང་ལས་ཁང་གི་སྒོ་ཐོག་ཏུ། འཛིན་གྲྭ་བཅུ་གསུམ། མལ་ཁང༢༠༣ ཨོ་རྒྱན་ཚེ་རིང་སོགས་ཀྱིས་དགོང་མོའི་ཆུ་ཚོད༡༡:༣༠སྟེང་ལ་གཞས་ལེན་གྱིན་པ། སྐར་མ༢འཐེན་པ་ཡིན། གནས་ཚུལ་འདི་མོས་ཤེས་འགྲོ་ངེས་བསམས་ཏེ་ཞེད་སྣང་བྱུང་ལ། ཞེད་སྣང་དེའི་ཁྲོད་དུ་མོས་ཤེས་པར་གྱུར། དེ་དང་འབྲེལ་ནས་ངས་ཨང་རྩིས་སློབ་ཐུན་སྐབས་དེབ་གཞན་ལ་ལྟ་བཞིན་ཡོད་པའང་ཁ་ངན་ཞིག་གི་ཁ་སྒོ་ནས་མོ་རང་ལ་བཤད་ཚར་འདུག།

  གཞན་ཡང་། ང་ནི་གཉིད་ལྕི་མོ་ཡོད་མཁན་ཞིག་སྟེ། ཞོགས་པ་སྔ་མོར་ལངས་ནས་སློབ་ཁང་དུ་སླེབས་རྗེས། ནང་ཚོགས་སྐབས་ལ་ལར་མགོ་སྒྲོག་ཙེ་ཐོག་ལ་བཞག་ནས་གཉིད་འགྲོ་བའི་གོམས་གཤིས་ཤིག་ཡོད། བསྲན་བཙུགས་ནའང་མགོ་མི་ཐེག་པ་ཞིག་ཡིན། དེ་ལྟ་བུའི་ནངས་མོ་ཞིག་ལ་ང་ནངས་ཇ་འཐུང་དུ་མ་སོང་བར་སློབ་ཁང་དུ་སྒྲོག་ཙེ་ཐོག་ལ་མགོ་བཞག་ནས་གཉིད་སྡོད་དུས། མོ་སླེབས་སོང་། ཨ་ཁ་ཁ། ཏག་ཏག་སྐབས་ཐོག་དེ་ཡིན་དོན་ཅི། དེ་འདྲའི་སྟབས་མི་ལེགས་པ་ཞིག།

  ངས་མོ་རང་ཡིད་ཚིམ་པ་ཞིག་བྱས་མེད་པས། ད་ནི་ཐུག་ཏུ་འགྲོ་རྒྱུར་ངོ་ཚ་བ་ཞིག་འདུག།

  ངས་དོན་དག་དེ་དག་ཤེས་ཡོད། བུ་རྣམས་མང་ཆེ་བ་དེ་འདྲ་རེད། ཨང་རྩིས་སྦྱང་རྒྱུར་དགའ་བོ་མི་འདུག །ཁྱོད་ལའང་ཁག་མི་འདུག །འོན་ཀྱང་། ཁྱོད་འདི་འདྲའི་མི་རིག་བཟང་ཞིག་གིས་ཨང་རྩིས་ལ་འབད་པ་མི་བྱེད་དོན་ཅི་ཡིན། ང་ཁྱོད་ལ་ཡིད་ཆེས་ཡོད། ཁྱོད་ཀྱིས་ཨང་རྩིས་སྦྱོངས་དང་། གྲུབ་འབྲས་ལེགས་པོ་དབྱུང་བ་ང་ཁྱོད་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་བྲིས་ཡོད་པའི་ཤོག་ལྷེ་ཞིག་ངའི་ལག་ཏུ་བཞག །སྐབས་འདིར་ང་ལ་འཕྲིན་ཡིག་སྔོན་མ་དག་ལེན་སྐབས་ཀྱི་སྤྲོ་སྣང་དེ་འདྲ་ཞིག་གང་ན་ཡོད། འཕྲིན་ཡིག་དེ་ང་ལ་མཚོན་ན་གནོན་ཤུགས་ལས་མི་འདུག།

  ཁྱོད་ནི་བུ་མོ་སེམས་བཟང་ཞིག་རེད། ངས་ཉིན་མཚན་གཉིས་ལ་ཁྱོད་ཀྱི་འཛུམ་མདངས་དང་ལྷག་བསམ་སྒོམ་ནས་ཡོད། བཤད་འདོད་པ་ཞིག་ལ། ངས་ང་རང་ཉིད་ཀྱི་སྟེང་ནས་ཕྱོགས་ཡོངས་འཕེལ་རྒྱས་ཟེར་བ་དེ་ཡོང་ཐབས་མེད་པ་ཞིག་ཡིན་པ་ཚོར་ཡོད། དེ་བས། ངས་མུ་མཐུད་དུ་བོད་ཡིག་དང་རྒྱ་ཡིག་གི་ཕྱོགས་ལ་འབད་བརྩོན་དང་། དེབ་མང་དུ་ཀློག་འཆར་ཡིན། མི་ཚེའི་ཕུགས་འདུན་ཟེར་ནའང་ཆེན་པོ་ཞིག་མེད། མ་འོངས་པར་ཁྱོད་ལྟ་བུ་ཞིག་ཆུང་མར་བླང་ནས་འཚོ་བ་སྤྱིར་བཏང་བ་ཞིག་རོལ་གྱིན་དཔེ་ཀློག་དང་རྩོམ་འབྲི་ལ་འཇུག་འདོད་ཅེས་བྲིས་ཏེ་བསྐུར་བར། མོ་དགོང་ཚོགས་གྲོལ་རྗེས་སླེབས་སོང་། ངེད་གཉིས་མང་ཆུའི་ཟམ་ཁ་དེར་སོང་སྟེ་སྐད་ཆ་འདྲ་མིན་བཤད། མོས། ང་ཁྱོད་ཀྱིས་འདོད་པའི་བུ་མོ་དེ་འདྲ་ཞིག་མིན། ངས་ཁྱོད་ལ་སེམས་གཏིང་ནས་ཡི་རང་བྱེད་ཀྱིན་ཡོད། ཁྱོད་རང་སྨིན་འདུག་པས། ངས་ཁྱོད་ལ་སློབ་སྦྱོང་བྱེད་ས་འདུག་ཟེར་སྐབས། བསླབ་བྱར་ཕྱོགས་རིས་བཏོད་པའི་མི་ཞིག་ལ་བསྟོད་པ་དེ་འདྲ་ཞིག་རུང་ངམ། དར་ཅིག་རིང་ངའི་ཁོག་གི་གཏིང་ཞིག་ནས་ངར་ལངས་ཏེ་གདོང་པ་དམར་པོ་ཆགས་སོང་བ་འདྲ། ངས་སྐད་ཆའི་ཉམས་སྐྱོ་ལྷང་ལྷང་བ་ཞིག་གིས་མོ་ལ་སྡུག་ཡུས་འཐེན་པར་བརྩམས་ནས་ཨེན་ཙམ་འདས་པ་ན། མོས་ངའི་ལག་པ་ནས་བཟུང་སྟེ་ང་ལ་ཁ་ཏ་བྱེད། ངེད་གཉིས་ཀྱིས་དེ་ལྟར་ལག་པའི་ནང་ལ་ལག་པ་འཇོག་དུས། སྣང་བ་ཞིག་ལ་མོའི་ལག་པས་ང་ལ་ཚོར་བ་ག་གེ་མོ་ཞིག་སྦྱིན་ཅིང་། ངའི་ཁོག་ནས་ཆུ་ཁོལ་གདུ་བ་ལྟ་བུའི་སྡུག་ཡུས་ཀྱི་ཚོར་འདུ་དྲག་པོ་ཞིག་ལང་གིན་པ་དེའི་མགོ་ག་ལེར་བསྙལ་ནས་མཚམས་ཤིག་ཡལ་བར་གྱུར།

  རིམ་བཞིན་སློབ་གྲྭ་ཐོན་ལ་ཉེ་བའི་སྐབས་དེར། མོ་ཡང་སློབ་སྦྱོང་གི་བྲེལ་བས་བརྟས་ཡོད་པ་འདྲ། ངེད་གཉིས་ཀྱི་བར་ལ་འགྲོ་འོང་ག་ལེར་ཉུང་དུ་ཕྱིན། ཡིན་ནའང་། ངས་མཚམས་ལན་རེར་མོས་སྡེ་ཁག་གི་སློབ་མ་ཚོའི་རྒྱུགས་འབྲས་སྦྱར་ཡོད་སའི་ངོས་དེར་ལྟ་བཞིན་ཡོད་པ་མཐོང་སོང་། མོས་ངའི་རྒྱུགས་འབྲས་ལ་བལྟས་ཡོད་པ་ཁོ་ཐག་ཡིན་ངེས། མོའི་མིག་ལམ་དུ་ངའི་སྐར་འབྲས་ཤར་ཡོང་དུས། ཨང་རྩིས་ཀྱིས་མོ་རང་ཞེ་སྐྱོ་བ་ཞིག་བྱས་ཡོད་ངེས།

  སློབ་གྲྭ་ཐོན་ལ་ཉེ་བའི་སྐབས་དེར། མོས་ང་ལ་མཐར་ཕྱིན་གྱི་སེམས་གཏམ་བརྗོད་སའི་ཤོག་བུ་ཅུང་ཆེན་པོ་ཞིག་བསྐུར་སོང་། ཤོག་བུ་དེའི་ངོར། སྙིང་ནས་བརྩེ་བའི་བུ་མོ་ལགས། ཁྱོད་ཀྱིས་སློབ་གྲྭ་འདེམས་དུས་ང་ལ་གྲོས་ཙམ་ཡང་མ་བྱས་པར་ཁོང་ཁྲོ་ལངས་མྱོང་མོད། ཁྱོད་ནི་ངའི་སེམས་ཀྱི་ཆེས་དགའ་ས་དང་ཆེས་མཐོ་ས་དེ་ཡིན་པས། ངས་ནམ་ཡང་ཁྱོད་ཀྱི་གདམ་ག་ལ་རྒྱབ་སྐྱོར་བྱེད་ངེས། ངེད་གཉིས་མང་ཆུའི་འགྲམ་ནས་ལམ་ལ་ཆས་ཏེ། རྗེས་མར་ཡང་མང་ཆུའི་ཁའམ། མང་ཆུ་དང་ཐག་ཉེ་ས་ཞིག་ནས་འཛོམ་ཐུབ་པར་སྨོན། ངས་ནམ་ཡིན་ན་ཁྱོད་ཀྱི་སྦྱངས་འབྲས་སྔར་ལས་ཀྱང་ལེགས་པོ་དབྱུང་བའི་སྨོན་ལམ་འདེབས་ངེས། ཡོད་ཚད་བཀྲ་ཤིས་པར་གྱུར་ཅིག །ཚིག་འདི་ཇི་བཞིན་མིན་ཡང་ནང་དོན་འདི་འདྲ་ཞིག་བྲིས། དེ་དང་མཉམ་དུ་མོ་རང་ལ་སེམས་གཏམ་བརྗོད་སའི་ཤོག་བུ་དེ་འདྲ་ཞིག་དང་བཅས་བསྐུར་བར། ང་ལ། ཁྱོད་རང་མ་འོངས་པར་རྩོམ་མཁན་ཆེན་པོ་ཞིག་ཏུ་འགྱུར་བའི་ཡིད་ཆེས་ཡོད་པ་དང་། ལས་ཤིག་ཡོད་ན་ངེད་གཉིས་ཐུག་ངེས་རེད་ཅེས་སྐད་ཆ་མང་པོ་ཞིག་བྲིས་འདུག།

  ཏག་ཏག་ང་ཚོ་སློབ་གྲྭ་ནས་གྱེས་ཁ་མ་དེར། ང་མོ་ལ་སྐྱེལ་མ་བྱེད་དུ་སོང་། མོས་ཉིན་དེར་གདོང་ལ་སྐག་བྱུགས། མཆུ་སྒྲོས་ལ་རྫས་ཏོག་ཙམ་དང་། རྫི་མ་མཛེས་བཟོ་ཅུང་ཙམ་བྱས་འདུག་པས། །ངའི་མིག་མདུན་ནས་སྔོན་གྱི་སྙིང་ཉེ་བའི་བུ་མོ་དེ་གློ་བུར་བའི་ངང་ཆ་མེད་ཅིག་ཏུ་གྱུར། མཚམས་ཤིག་ངའི་ཡིད་ལ་སྔོན་ཆད་ཀྱི་བུ་མོ་དེ་དྲན། མཚམམས་ཤིག་མིག་མདུན་གྱི་བུ་མོ་དེ་ཤར། འགྱུར་ལྡོག་དེའི་སྔུན་ནས་ང་ནི་རེ་ཞིག་བསམ་གཞིག་གི་གཏིང་ལ་ལྷུང་།

  དེ་ལྟར། ངེད་གཉིས་ཀྱི་བར་ལ་སྤྱིར་བཏང་མིན་ལ་དེ་འདྲའི་གཟབ་ནན་ཡང་མིན་པའི་འབྲེལ་བ་ཞིག་ཆགས། ཕྱིར་དྲན་གྱི་ཡོལ་བའི་ངོས་སུ་འཁྲབ་པའི་ཟློས་གར་རེ་རེར་ལྟ་དུས། ང་ལ་མཚོན་ན་སློབ་འབྲིང་སྐབས་ཀྱི་བརྩེ་དུང་ནི་བཤད་སྟངས་ཤིག་ལས་དོན་དངོས་སུ་ཡོད་མེད་ཀྱི་ཁ་མཚམས་གཅོད་དཀའ་བ་ཞིག་རེད་ཨང་། ཡིན་ནའང་། གང་དུ་འཚོ་བ་ཡོད་ན་དེ་གར་བརྩེ་དུང་ཡོད་ཟེར་བ་ནང་བཞིན་ཕན་ཚུན་བར་ནང་སེམས་ཀྱི་འབྲེལ་བ་བཤད་མི་ཤེས་པ་ཞིག་ཆགས་ཀྱིན་ཡོད་ལ། སློབ་གྲྭ་ཐོན་ཚར་དུས་འབྲེལ་བ་དེ་རང་ཤུགས་ངང་ཡལ་འགྲོ་བ་ཞིག་ཀྱང་རེད་སྙམ། མོ་རང་སྙིང་སྡུག་སུ་ཞིག་ལ་འཕྲད་སོང་བ་གང་ཡིན་མི་ཤེས་མོད། སློབ་གྲྭ་ཐོན་པ་ནས་བཟུང་ངེད་གཉིས་ཀྱི་བར་ལ་སྐད་ཆ་ཉུང་དུ་ཕྱིན། སྐབས་ཤིག་ངས་རང་འགུལ་ངང་མོ་ལ་འབྲེལ་བ་རེ་མ་བྱས་ན། མོས་ང་བཙལ་ཡོང་བ་ཞིག་ཤིན་ཏུ་དཀོན། དེ་ལྟར་ངས་ཀྱང་རྒྱུན་རིང་པོ་ཞིག་ཏུ་མོ་ལ་འབྲེལ་བ་མ་བྱས་པས། ཉིན་ཞིག་མོས་ང་ལ་འབྲེལ་བ་བྱས་ཏེ་ངེད་གཉིས་ཀྱིས་ལབ་གླེང་འདྲ་མིན་ཅི་རིགས་བྱས་པའི་མཐར། ཁ་རྩོད་ཀྱི་དབང་དུ་སོང་། ཁ་རྩོད་མཇུག་བསྒྲིལ་བ་དང་མཉམ་དུ་ངེད་གཉིས་ཀྱི་འབྲེལ་བར་ཡང་རྫོགས་ཚིག་བཀོད།

  དགའ་བ་ནས་མཐུན་པར་གྱུར་ཅིང་། མཐུན་པ་ནས་འགལ་བར་གྱུར་བའི་བུ་མོ་དེར་ནང་སེམས་ཀྱི་ཟབ་ས་ནས་གོ་ས་ཆེ་ཞིག་སྤྲད་དེ་ལྷ་མོ་རུ་བསྒོམས་ཤིང་། དུས་ཚོད་ཀྱི་འགྱུར་བག་ཁྲོད་བརྩེ་བར་གས་ཆག་ཤོར་བའི་བུ་མོ་དེར་གདམ་ག་དང་དུས་ཚོད་ཀྱི་དབང་གིས་བརྩེ་དུང་གི་ཤོག་བྱ་སྐུད་སྣེ་ནས་ཆད་པར་འགྱུར་བ་ཞིག་བློ་ཡིད་ལ་ཡེ་ནས་མ་ཤར། དྲན་པས་མི་ཟིན་པའི་དུས་ཚོད་ཀྱི་ཐག་སྒྲས་ངེད་ཅག་སུ་ལའང་དམིགས་བསལ་མ་བྱིན་པར། ད་ནི་ཁ་བྲལ་ནས་ལོ་ཡི་འཁོར་མོ་དྲུག་ལྷག་འདས་ལ་ཉེ། མོས་གནས་ག་ཤེད་ཅིག་ཏུ་ཕོ་གསར་སྣང་འགྲོ་ཞིག་དང་ལག་པ་དམ་པོར་འཆང་ནས་ཡོད་ཀྱང་སྲིད། ང་རེ་ཞིག་ཡིད་དུ་འོང་བའི་འདས་དོན་གྱི་ཀློང་ལ་སིམ་པར་གྱུར། ངས་ངེད་གཉིས་འཕྲད་སའི་སློབ་གྲྭ་དེ་དང་བར་ཐག་ལེ་དབར་སྟོང་ཕྲག་དུ་མས་ཆོད་པའི་ས་མཐའི་སློབ་གྲྭ་ཞིག་གི་མལ་ཁང་དུ་འདས་དོན་རིང་མོའི་བྱུང་བ་བྲིས་ཏེ་མཚམས་འདིར་སླེབས་དུས། ནམ་སྐྱ་རེངས་གསལ་ཆ་དག་ལ་ཉེ། མདང་ནུབ་ཀྱི་གྲོང་ཁྱེར་འདིའི་མཚན་ལྗོངས་ན་ནིང་ད་ཚོད་ང་རང་ནགས་མཐའ་ཞིག་ཏུ་སོང་སྟེ། མོའི་འཛུམ་ཞལ་མཐོང་སྐབས་ཀྱི་མཚན་མོ་དེ་ནང་བཞིན་སྐར་ཚོགས་བཀྲ་ཞིང་ཟླ་འོད་འཚེར་བ་ཞིག་བྱུང་མ་སོང་། སྒེའུ་ཁུང་གི་ཕྱི་རོལ་མུན་ནག་གིས་བཟུང་བའི་མཚན་མོ་འདིེར་ང་རང་མལ་ཁྲིའི་སྒང་དུ་ལོག་ནས་ཁ་པར་ནང་ལ་རྩོམ་འདི་གཏག་དུས། བག་ཆགས་ཁྲོད་ཀྱི་སྲས་མོ་དེའི་སྤྱི་ནས་བྱེ་བྲག་གི་ཆ་ཤས་དུ་མ་ཞིག་ཡིད་ལ་འཁོར་ཡོང་། ད་ལྟ་མོ་རང་གི་གཟུགས་བྱད་ལ་འགྱུར་ལྡོག་བྱུང་ཡོད་དམ་ཞེས་བསམ་བློ་འདི་འདྲ་ཞིག་ཀྱང་འཁོར། འབྱུང་འགྱུར་གྱི་ལམ་ཁ་ནས་ཕན་ཚུན་གྱི་ངོ་གདོང་ཐེངས་གཅིག་ལའང་མཐོང་མི་ཐུབ་པའི་དབང་དུ་འགྲོ་ཡང་སྲིད། གང་ལྟར། འཇིག་རྟེན་འདིའི་གྲུ་ག་གང་རུང་ཞིག་ཏུ་འཁོར་བའི་ཞོགས་པ་བསུ་དུས། སོ་སོ་སྐྱིད་སྐྱིད་ཅིག་ཡོང་རོགས།

                                        ཕྱི་ལོ༢༠༢༠ལོའི་ཟླ༧པའི་ཚེས༥-༦བྲིས།
                                                          ཕྱི་ལོ༢༠༢༡ལོའི་ཟླ༡༡པའི་ཚེས༢༠ཉིན་བཅོས།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཟླ་བའི་ལྷ་མོ།

2022-04-21 ཟླ་ཚང་ཨོ་རྒྱན་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།