གློག་བརྙན་གྱི་འཁྲབ་གཞུང་། སྒྲ་དབྱངས་ལྷ་མོའི་སྤྱན་ཆབ།

རྔ་བ་ཚེ་རིང་སྐྱིད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-04-28

                           སྔོན་འགྲོ།

S/01ཕྱིའི་བརྙན། ཡངས་པའི་རྩྭ་ཐང་། ཉིན་གུང་ཡོལ་རྗེས།

       གནམ་ངོར་སྤྲིན་ནག་འཁྲིགས་ཅིང་འབྲུག་སྒྲ་ལྡིར། གློག་དམར་འཁྱུག ཆར་བ་ཤག་ཤག་ཏུ་འབབ་པས་བརྙན་མིག་འོག་གི་སྡོང་བོ་དང་རྩྭ་དང་རྩི་ཏོག་རྣམས་ཀྱི་མགོ་བོ་མར་རྒུད་དེ་བརླན་ཙ་ར་ར་བྱས་འདུག བྱིས་དུས་ཀྱི་ཚེ་ཐར་དང་ཚེ་ལོ་གཉིས་ཀྱིས་རྐང་འགྲོས་ལག་གཤིབ་ངང་ནོར་ནག་གི་མཐའ་ནས་གདོང་གནམ་ལ་གཏད་ནས་ཆར་བའི་ནང་དུ་རྒྱུགས་བཞིན་འདུག་པ་དང་མཉམ་དུ་བརྙན་ཡོལ་ཕྱེས།

 S/02ནང་གི་བརྙན། གྲྭ་ཁང་། ཉིན་མོ།

      གྲྭ་བ་ཚེ་རིང་།:བློ་བཟང་སྙན་གྲགས།༼   བློ་བཟང་སྙན་གྲགས་ནི་ཚེ་ལོའི་གྲྭ་མིང་ཡིན། ༽ ཁྱོད་ཀྱིས་གླུ་དབྱངས་འདི་ལེན་མཁན་སུ་ཡིན་ཤེས་སམ། ༼   སྒྲ་དབྱངས་ལྷ་མོའི་སྤྱན་ཆབ་ཟེར་བའི་ཆེད་བསྒྲིགས་འོད་སྡེར་དེ་ཚེ་ལོའི་མདུན་དུ་བསྲིངས།༽

       བློ་བཟང་སྙན་གྲགས།:ངས་དཔེ་ཀློག་བྱེད་པ་ལས་གླུ་དབྱངས་ལ་ཉན་མི་སྲིད། ལྷག་པར་དུ་འོད་སྡེར་ལ་ལྟ་མི་སྲིད། འོད་སྡེར་ལ་ལྟ་བ་ནི་དུས་ཚོད་ཆུད་ཟོས་བཏང་བ་དང་ཁྱད་པར་མེད།

     གྲྭ་བ་ཚེ་རིང་།:འདི་སྒྲ་དབྱངས་ལྷ་མོའི་ཆེད་བསྒྲིགས་བརྙན་འཁོར་ཐོག་མ་རེད། མོས་ཁྱོད་དང་ཚེ་ཐར་གཉིས་ལ་ཆེད་དུ་བླངས་པ་འདྲ། མི་བདེན་ན......།

      བློ་བཟང་སྙན་གྲགས།:དགོངས་དག ངས་གླུ་བ་གླུ་མ་གཅིག་ལའང་དོ་སྣང་བྱེད་མི་སྲིད།༼   སྒྲ་དབྱངས་ལྷ་མོའི་སྤྱན་ཆབ་ཅེས་པའི་ཆེད་བསྒྲིགས་འོད་སྡེར་དེ་ཕྱིར་གྲྭ་བ

ཚེ་རིང་གི་ལག་ཏུ་བཞག ༽ གལ་ཏེ་དོན་དག་གཞན་མེད་ཚེ་ད་ཁྱོད་སྒོ་སོང་བས་ཆོག

      གྲྭ་བ་ཚེ་རིང་།:ང་ཁྱོད་ལ་ཤ་ཚ། སྙིང་བས་ཐད་ནས་བཤད་ན། འོད་སྡེར་འདི་ལ་ཁྱོད་ཀྱིས་ཅིས་ཀྱང་ལྟ་དགོས་པ་འདྲ......།

      བློ་བཟང་སྙན་གྲགས།:ངས་གླུ་མ་འདི་ངོ་མི་ཤེས། ༼   གདོང་གི་ཤེར་མིག་ཡར་གྱོན་ཡག་ཅིག་བྱས།

      གྲྭ་བ་ཚེ་རིང་།:ཡ་ཡ།༼   སྒྲ་དབྱངས་ལྷ་མོའི་སྤྱན་ཆབ་ཅེས་པའི་ཆེད་བསྒྲིགས་བརྙན་འཁོར་དེ་ཁྱེར་ནས་སྒོར་བུད། ༽

ཡིག་བརྙན།

          <<སྒྲ་དབྱངས་ལྷ་མོའི་སྤྱན་ཆབ>>ཅེས་པའི་གློག་བརྙན་གྱི་ཁ་བྱང་དང་མཉམ་འབྲེལ་ཕབ་སྐྲུན། ཕབ་སྐྲུན་པ། ལྟ་སྐུལ་བ་སོགས་རེ་རེ་བཞིན་འཆར་འོངས།

                             མི་སྣ།

འཁྲབ་སྟོན་པ་གཙོ་བོ།

བྱིས་དུས་ཀྱི་ཚེ་ཐར། བྱིས་དུས་ཀྱི་ཚེ་ལོ།

གཞོན་དུས་ཀྱི་ཚེ་ཐར། གཞོན་དུས་ཀྱི་ཚེ་ལོ།  བློ་བཟང་སྙན་གྲགས། སྒྲ་དབྱངས་ལྷ་མོ།

འཁྲབ་སྟོན་པ་ཕལ་བ། གྲྭ་བ་ཚེ་རིང་། འཛོམས་སྐྱིད། རྟ་མགྲིན་སྐྱབས། བཀྲ་ཤིས། ཡོན་ཏན། བསམ་ཏན། རྒྱལ་མཚན།

                              འཁྲབ་གཞུང་དངོས།

S/03ནང་གི་བརྙན། འཁོར་ཁང་ནང་། ཉིན་མོ།

        རྒྱང་སྐོར་དུ་བསྐྱོད་པའི་མི་ཧ་ཅང་མང་། མང་ཆེ་བ་རྒན་རྒོན་བྱིས་པ་ཁྲིད་མཁན་ཏག་ཏག་རེད། ཚེ་ཐར་ཡང་རྒྱང་སྐོར་དུ་བསྐྱོད། ཁོས་འཁོར་ལོ་རེ་རེ་བཞིན་གཅིག་ཀྱང་མ་ལུས་པར་བསྐོར། འཁོར་རྒན་བཞེངས་ཡོད་པའི་འཁོར་ཁང་ནང་ནས་ཚེ་ཐར་དང་ཚེ་ལོའི་ཕ་རྒྱལ་མཚན་གཉིས་ངོ་འཕྲད་བྱུང་།        

      རྒྱལ་མཚན།:ཚེ་ཐར་རེད་ལ། ལོ་ངོ་མང་པོ་ཞིག་ཏུ་མ་མཐོང་བས། ཁྱོད་འགྱུར་འདུག་ཡོད་གི ངས་ཁྱོད་ཡིན་མིན་ལ་དོགས་པ་སྐྱེས་སོང་།༼   ཚེ་ཐར་གྱི་གདོང་ལ་ཡང་ཡང་བལྟས། ༽

      ཚེ་ཐར།:ཨ་ཁུ་རྒྱལ་མཚན། ཁྱོད་ད་རུང་རྒས་མི་འདུག

      རྒྱལ་མཚན།:ང་ཚེ་ལོའི་དོན་དུ་སེམས་སྡུག་གིས་རྒས་ཀྱིན་འདུག ཨོ་མ་རེད། བློ་བཟང་སྙན་གྲགས་ཀྱི་དོན་དུ་སེམས་སྡུག་མང་པོ་བྱས་མྱོང་། ཁྱོད་ནམ་ཚོད་ཞིག་ལ་འདི་རུ་ཡོང་བ་ཡིན།

       ཚེ་ཐར།:ང་འདིར་བསླེབས་ནས་ཟླ་བ་ཁ་ཤས་འགོར་ཡོད།

       རྒྱལ་མཚན།:ཁྱོད་སློབ་ཆུང་གི་དགེ་རྒན་ཞིག་བྱས་འདུག་ཟེར་བ་བདེན་ནམ།༼   དོགས་སྣང་དང་བཅས། ༽

       ཚེ་ཐར།:ཨ་ཁུ་རྒྱལ་མཚན། ཁྱོད་ཀྱིས་ངའི་དོན་དག་རྣམས་ཇི་ལྟར་ཤེས་པ་ཡིན།༼  ཡ་མཚན་སྐྱེས། ༽

      རྒྱལ་མཚན།:བློ་བཟང་སྙན་གྲགས་ཀྱི་མཆེད་གྲོགས་གི་གནས་ཚུལ་ཙམ་མི་ཤེས་གི་ཟེར་ན། སེམས་ཅན་ཐམས་ཅད་གད་མོ་ཤོར་ངེས།

      ཚེ་ཐར།:བློ་བཟང་སྙན་གྲགས? ༼   ཡ་མཚན་པའི་ངང་། ༽

       རྒྱལ་མཚན།:ཁྱོད་ཀྱིས་ཁྲ་ལེ་ཁྲུ་ལེ་མ་བྱེད། ངའི་བུ་བློ་བཟང་སྙན་གྲགས་ཀྱི་སྒྲ་འབེབས་འཕྲུལ་ཆས་འདི་ལ་ཉན་རོགས།༼   ཁོས་ཚེ་ལོའི་སྒྲ་འབེབས་འཕྲུལ་ཆས་དེ་ཁྲོགས་སྒྲ་དང་བཅས་ཏེ་ཚེ་ཐར་གྱི་མདུན་དུ་གཡུགས།༽

       ཚེ་ཐར།:ངས་ཁྲ་ལེ་ཁྲུ་ལེ་བྱས་པ་མིན། ༼   རྒྱལ་མཚན་གྱི་རྒྱབ་ཕྱོགས་སུ་མིག་སྐྱེལ་བྱེད་ཞོར་སྐད་གསང་མཐོན་པོས་དེ་ལྟར་ལབ། ༽

        རྒྱལ་མཚན།:ཚེ་ལོ། ཨོ་མ་རེད། བློ་བཟང་སྙན་གྲགས་ཀྱི་སྒྲ་འབེབས་འཕྲུལ་ཆས་ལ་ཉན་རོགས།༼   མ་ཎི་འདོན་ཞོར་དུ་ཚེ་ཐར་དང་བྲལ།༽

S/04ནང་གི་བརྙན། གླུ་དབྱངས་ལ་ཉན་པ་དང་བྱིས་དུས་ཀྱི་ཕྱིར་དྲན། བློ་བཟང་སྙན་གྲགས་ཀྱི་གྲྭ་ཁང་། མཚན།

    བློ་བཟང་སྙན་གྲགས་ཀྱིས་ཚེ་ཐར་གྱིས་བསྐུར་ཡོང་བའི་ཤོག་སྒམ་དེའི་ཁ་ཕྱེས། དེ་ནས་ཁོ་བརྙན་འཕྲིན་མདུན་དུ་སོང་། བརྙན་འཕྲིན་གྱི་གློག་སྒོ་ཕྱེས། རྒྱང་བསྒྱུར་ལག་ཏུ་བཟུང་སྟེ་སྒྲ་དབྱངས་ལྷ་མོའི་ཆེད་བསྒྲིགས་བརྙན་འཁོར་ལ་བལྟས། བརྙན་འཕྲིན་སྒང་དུ་སྒྲ་དབྱངས་ལྷ་མོས<<གྲོགས་པོ>>ཞེས་པའི་གླུ་དབྱངས་དེ་བླངས་བྱུང་།

                གྲོགས་པོ།

ལེན་མཁན།  སྒྲ་དབྱངས་ལྷ་མོ།
དབྱངས། སྒྲ་དབྱངས་ལྷ་མོ།

ལུས་དང་གྲུབ་མ་བཞིན་དུ་དབྱར་ཟླ་རྫོགས།
གོས་དང་གོས་བ་བཞིན་དུ་དགུན་ཟླ་འདས།
ཨ......ང་ཡི་སྙིང་ཉེ།
ཨ......ང་ཡི་གྲོགས་པོ།

ཨ་སྔོན་ནམ་མཁའི་སྤྲིན་གསེབ་ནས།
གཡུ་འབྲུག་བཞིན་དུ་ཐང་ལ་འཁྱིལ།
སྤང་ལྗོངས་སྔོན་མོའི་ཁུག་སོ་ན།
ཁྱོད་དང་ང་ཡི་རྨི་ལམ་ཚེས།
ཨ......ང་ཡི་སྙིང་ཉེ།
ཨ......ང་ཡི་གྲོགས་པོ།
གྲོགས་ཀྱི་མེ་ཏོག་སེར་ཆེན་དེ།
ཡིད་ཀྱི་ཆུ་མིག་དྲངས་ནས་ག་ཙམ་འདས།

མཐོང་སྨུག་སྦྲ་ཡི་ཧྲག་འདབས་ན།
ཕྱིར་མིག་ཀློང་གི་མེ་ལོང་དེས།
ཁྱོད་ལ་བདེ་བའི་ལྷ་ཁང་བསྐྲུན།
ཨ......ང་ཡི་སྙིང་ཉེ།
ཨ......ང་ཡི་གྲོགས་པོ།
བློ་ཡི་གཏད་ས་ཁྱོད་ཡིན།
སེམས་ཀྱི་དྲན་ཤིང་ཁྱོད་ཡིན།

གཏམ་གྱི་མི་ཁར་གཡོལ་ནས་དབྱར་ཟླ་རྫོགས།
དྲན་པའི་ངོ་གདོང་བརླན་ནས་དགུན་ཟླ་ཟད།
ཨ......ང་ཡི་སྙིང་ཉེ།
ཨ......ང་ཡི་གྲོགས་པོ།

ཆུང་འདྲིས་བྱམས་པའི་མགུལ་བ་ན།
དམར་ཆུང་སྙིང་གི་བྱུ་རུ་དེས།
ཁྱོད་ལ་ཡིད་སེམས་གཏིང་ནས་ཆད།
ཨ......ང་ཡི་སྙིང་ཉེ།
ཨ......ང་ཡི་གྲོགས་པོ།
བློ་ཡི་གཏད་ས་ཁྱོད་ཡིན།
སེམས་ཀྱི་དྲན་ཤིང་ཁྱོད་ཡིན།

ཨ......ང་ཡི་སྙིང་ཉེ།
ཨ......ང་ཡི་གྲོགས་པོ།
བློ་ཡི་གཏད་ས་ཁྱོད་ཡིན།
སེམས་ཀྱི་དྲན་ཤིང་ཁྱོད་ཡིན། ༼   གླུ་ཚིག་རེ་རེའི་བར་གསེང་དུ་ཚེ་ཐར་དང་ཚེ་ལོ་གཉིས་ཀྱི་བྱིས་དུས་ཀྱི་འཚོ་བར་ཕྱིར་དྲན་ཐོབ་སོང་། ༽

                       (ཡུལ་དངོས་བརྗེ་བ།)

S/05ནང་གི་བརྙན། བྱིས་དུས་ཀྱི་འཚོ་བ། རྒྱལ་མཚན་སང་གི་སྦྲ་ནང་། ཉིན་མོ།

      དེ་ནི་ཚེ་ཐར་དང་ཚེ་ལོ་གཉིས་ཀ་ལོ་བཅུ་གཅིག་གི་སྐབས་སུ་ཡིན། ཚེ་ཐར་དང་ཚེ་ལོ་གཉིས་ཚེ་ལོ་ཚང་གི་འབྲོག་ས་ན་ཡོད། ཁོང་གཉིས་ཀྱིས་སྦྲ་ནག་ནང་ནས་རྩེད་མོ་སྣ་ཚོགས་རྩེད་བཞིན་འདུག

     ཚེ་ལོ།:ཚེ་ཐར། ངེད་གཉིས་རྩལ་ལ་སུས་བཟང་ཨེ་འགྲན།

      ཚེ་ཐར།:འགྲན་ན་འགྲན། སུ་སུ་ལ་སྐྲག༼   མིག་གིས་རིག་རིག་བྱས། ༽

      ཚེ་ལོ།:འོ་ན། ངེད་ཚང་གི་ཨ་ཕ་དང་ཨ་མ་གཉིས་ཀྱིས་འུ་གཉིས་ལ་དཔྱད་འདེམ་བྱས་ན་འགྲིག་པས། ངས་ཨ་མ་ཁྱིམ་དུ་འབོད་ཡོང་།༼   སྦྲ་སྒོར་རྒྱུགས། ༽

      རྒྱལ་མཚན།:ཨ་ཞི་ལི། ཨ་མས་ད་དུང་ལྷས་ནང་གི་འབྲི་མོ་དག་བཞོས་ཚར་མེད་པས། ཁྱོད་ཀྱིས་ཨ་མར་བེའུ་སྤུད་མ་ཐུབ་རུང་བར་ཆད་མ་བྱེད།༼   ཚེ་ལོའི་རྗེས་སུ་དེ་ལྟར་བོས། ༽

      ཚེ་ཐར།:ཨ་ཁུ་རྒྱལ་མཚན། འོ་ན་ཁྱོད་གཅིག་པུས་ཚེ་ལོ་ངེད་གཉིས་ལ་དཔྱད་འདེམ་བྱས་ན་ཆོག་གམ།༼   ཞུ་བ་བྱས།༽

       རྒྱལ་མཚན།:ཨ་ཞི་ལི། ད་རྒད་པོ་ང་རྒས་སོང་བས་བྱིས་པ་དང་མཉམ་དུ་རྩེ་བའི་སེམས་ཁམས་མི་འདུག༼  ལག་པ་གཡོན་པར་ཕྲེང་བ་བཟུང་། ལག་པ་གཡས་མས་འཁོར་ལོ་སྐོར། ༽

        ཚེ་ལོ།:ཨ་མ་ད་རུང་མི་ཁོམ་ཟེར་གི  ཨ་ཕ་གཅིག་པུས་དཔྱད་འདེམ་བྱས་ན་ཅི་འདྲ་འདུག ༼   དབུགས་ཧལ་ཧལ་ངང་ཕྱིར་སྦྲ་ནང་དུ་རྒྱུགས་བྱུང་།༽

        རྒྱལ་མཚན།:ཆོག་གི ཆོག་གི ཁྱེད་གཉིས་ཀྱིས་རྩལ་ཅི་ཞིག་འགྲན་རྒྱུ་ཡིན།༼   འཁོར་ལོ་སྐོར་མཚམས་བཞག ༽

        ཚེ་ལོ།:ངེད་གཉིས་ཀྱིས་སྦྲའི་ཀ་བའི་ངོས་སུ་འགོས་ཏེ་ཁ་ཚུབ་བར་ནས་ཕྱི་རོལ་ཏུ་རྒྱང་ལྟ་བྱེད་དགོས། འགོས་པ་མགྱོགས་པ་དེ་རྒྱལ་བ་ཡིན།༼  མིག་གིས་རིག་རིག་བྱས། ༽

       ཚེ་ཐར།:ད་རུང་ཁ་ཚུབ་བར་ནས་འཛུལ་ཏེ་སྦྲ་ཐོག་ནས་ཞབས་བྲོ་འཁྲབ་དགོས།༼   རྣ་བས་གྲོག་གྲོག་བྱས། ༽

        ཚེ་ཐར་དང་ཚེ་ལོ་གཉིས་རྒྱལ་མཚན་ཚང་གི་སྦྲའི་ཀ་བའི་ངོས་སུ་འགོས་ཏེ་ཧ་ཧ་ཧོ་ཧོ་ཟེར་བཞིན་སུས་ངར་འགྲན། ཚེ་ཐར་ཀ་བའི་ངོས་སུ་འགོས་ཏེ་ཁ་ཚུབ་བར་ནས་འཛུལ་ཅིང་སྦྲའི་ཐོག་ལ་འགོས། 

       ཚེ་ཐར།:ང་རྒྱལ་སོང་ནི་རེད། ང་རྒྱལ་སོང་ནི་རེད།༼   ཁོས་སྦྲ་ཐོག་ནས་ཞབས་བྲོ་འཁྲབ་པའི་ཚུལ་བྱས། ༽

      ཚེ་ལོ།:སྦྲ་ཐོག་དུ་འགོས་ཉན་པ་མ་རེད། ཁ་ཚུབ་བར་ནས་ཀི་བཏབ་ན་ཆོག་པ་རེད། ད་ང་རྒྱལ་སོང་ནི་རེད། ཀི...ཨ་མ་འཛོམས་སྐྱིད། ཀི...ཨ་མ་འཛོམས་སྐྱིད། ཧ་ཧ.....།༼  སྦྲའི་ཀ་བའི་ངོས་སུ་འགོས། ཁ་ཚུབ་བར་ནས་མགོ་བསྲིངས།༽ 

      རྒྱལ་མཚན།:ཨ་ཞི་ལི་གཉིས་ཀ ད་རེམ་མ་མར་ལ་བོབས། ༼  ཡང་ཡང་བོས།༽  

      ཚེ་ཐར།:འོ་ཡ།༼   ཁ་ཚུབ་བར་ནས་འཛུལ་ཏེ་སྦྲའི་ཀ་བའི་ངོས་སུ་མར་ཞུད་བྱུང་། ༽

       ཚེ་ལོ།:འོ་ཡ།༼   ཁ་ཚུབ་བར་ནས་འཛུལ་ཏེ་སྦྲའི་ཀ་བའི་ངོས་སུ་མར་ཞུད་བྱུང་། ༽

      རྒྱལ་མཚན།:ད་ཐེངས་ཚེ་ཐར་རྒྱལ་བྱུང་། འདི་ཁྱོད་ཀྱི་དགའ་རྟགས་ཡིན།༼   མར་སྒྱེད་རྩ་ནས་ཞོ་དཀར་ཡོལ་གང་ཚེ་ཐར་ལ་བླུད། ༽

       ཚེ་ལོ།:ཨ་ཕ། ང་ལ་ཞོ་མི་བླུད་དམ།༼   མིག་གིས་རིག་རིག་བྱས། ༽

       ཚེ་ཐར།:ངས་ཚང་མ་འཐུང་མི་ཐུབ་པས། ངེད་གཉིས་མཉམ་དུ་འཐུང་།༼   ཅ་ནེ་ཚེ་ལོར་བསྲིངས། ༽

      ཚེ་ལོ།:ཁྱོད་ངོ་མ་མི་བཟང་ཞིག་རེད།༼   ཧ་ཧ་ཧོ་ཧོ་ཟེར་ཞོར་དུ་ཚེ་ཐར་དང་མཉམ་དུ་ཅ་ནེ་གཅིག་གི་ནང་ལ་ཞོ་འཐུང་། ༽

                           (ཡུལ་དངོས་བརྗེ་བ།)

S/06 ཕྱིའི་བརྙན། པྲ་ཆལ་བྱས་པ། ལྷས་ར་ནང་།  ཉིན་མོ།

       ཚེ་ཐར་དང་ཚེ་ལོ་གཉིས་ལྷས་ནང་དུ་རྒྱུགས་བྱུང་། འཛོམས་སྐྱིད་ཀྱིས་འབྲི་མོ་རེ་རེ་བཞིན་བཞོ་བཞིན་འདུག 

      ཚེ་ལོ།:ཁ་མ་གྲགས།༼   གོང་མཛུབ་ཡར་ལ་འགྲེང་ནས་མཆུ་ངོས་སུ་ཁེལ་ཙམ་ཁེལ་ཙམ་བྱས་ཏེ་བེའུ་གཅིག་གི་སྐེ་ལ་འཐམ།༽

        ཚེ་ཐར།:འོ་ཡ།༼  འཛུམ་མདངས་དང་བཅས་ཏེ་བེའུ་ལ་སྦྱར་རོགས་བྱས།༽

        ཚེ་ལོ།:ཨ་མས་མཐོང་ལ་ཡོད་གི༼   བེའུ་ཕར་ཕྱོགས་ཀྱི་འབྲི་མོའི་ཕག་ཏུ་ཁྲིད།༽

         ཚེ་ཐར།:སྔོན་ལ་ངས་ཁོར་གཅིན་ལྡུད།༼  བེའུ་གཟས་ཏེ་གཅིན་པ་ཤག་སེ་བཏང་བྱུང་།༽

        ཚེ་ལོ།:ཁྱོད་ལ་གཅིན་པ་ཉུང་ཉུང་ལས་མེད་གི བེའུའི་སྐོམ་གདུང་སེལ་མི་ཐུབ་གི༼   ཁོས་ཀྱང་གཅིན་པ་ཤག་སེ་བཏང་།༽

         འཛོམས་སྐྱིད།:ཁྱོད་གཉིས་ཀྱིས་སྒོ་ཕྱུགས་ལ་དེ་འདྲ་ཁྲེལ་མེད་བྱས། ངས་ཁྱེད་གཉིས་ལ་ལྟད་མོ་རྒྱང་ནས་ལྟོས།༼  ལག་ཏུ་འུར་ཆ་བཟུང་ནས་ལྷས་ནང་ནས་ཁོང་གཉིས་བདའ་སོང་།༽

        ཚེ་ཐར།: ཨ་ནེ་འཛོམས་སྐྱིད་བསླེབས་བྱུང་།༼  ཁ་ཕྱིར་འཁོར་མེད་པར་བྲོས།༽

        ཚེ་ལོ།:ཨ་མ་འཛོམས་སྐྱིད......༼   བཤད་མཚམས་ཆད་དེ་ཚེ་ཐར་གྱི་རྗེས་སུ་བྲོས།༽

        འཛོམས་སྐྱིད།:ཁྱེད་གཉིས་དེ་རིང་ཁྱིམ་ལ་ཡོང་ས་ཨེ་ཡོད་ལྟད་མོ་ལྟོས། ༼   ཚེ་ཐར་དང་ཚེ་ལོ་གཉིས་ཀྱི་རྗེས་ཡང་ཡང་བདའ།༽

        ཚེ་ཐར་དང་ཚེ་ལོ་གཉིས་ཧ་ཧ་ཧོ་ཧོ་ཟེར་བཞིན་དུ་བྱ་འཕུར་བ་ལྟར་དུ་ལྟག་རྒྱབ་ཀྱི་རི་ངོས་སུ་བྲོས།

                               (ཡུལ་དངོས་བརྗེ་བ།)

S/07ཕྱིའི་བརྙན། དུག་སྦྲུལ་དང་འཕྲད་པ། རི་མགོ། སྔ་དྲོ།

     གནམ་ངོར་སྤྲིན་ནག་འཁྲིགས་ཅིང་འབྲུག་སྒྲ་ལྡིར། གློག་དམར་འཁྱུག ཆར་བ་ཤག་ཤག་ཏུ་འབབ་པས་བརྙན་མིག་འོག་གི་སྡོང་བོ་དང་རྩྭ་དང་རྩི་ཏོག་རྣམས་ཀྱི་མགོ་བོ་མར་རྒུད་དེ་བརླན་ཙ་ར་ར་བྱས་འདུག ཚེ་ཐར་དང་ཚེ་ལོ་གཉིས་ཀྱིས་རྐང་འགྲོས་ལག་གཤིབ་ངང་ནོར་ནག་གི་མཐའ་རུ་གདོང་གནམ་ལ་གཏད་ནས་ཆར་བའི་ནང་དུ་རྒྱུགས་བཞིན་འདུག ཁོང་གཉིས་རྒྱུགས་ཀྱིན་རྒྱུགས་ཀྱིན་བྲག་གཟར་མོ་ཞིག་ལ་འཕྲད། ཁོང་གཉིས་ལག་པ་གཉིས་ཕར་བསྐྱངས་ཏེ་བྲག་ངོས་སུ་ཡར་འགོས།

       ཚེ་ཐར།:ཚེ་ལོ། བྲག་ངོས་སུ་དུག་སྤྲུལ་མང་བས་སེམས་ཆུང་བྱོས། རབ་ཡིན་ན་འུ་གཉིས་ཀྱིས་ལུ་གུ་འབའ་འབའ་བྱེད། འབའ.....༼  གྱོན་ཆས་ཚང་མ་རློན་ཙ་ར་ར་བྱས་འདུག ལུ་གུའི་འབའ་སྟངས་བྱས།༽

        ཚེ་ལོ།:ང་དུག་སྦྲུལ་ལ་མི་སྐྲག༼  བྲག་ངོས་སུ་འགོས་བ་ཇེ་མགྱོགས་བྱས།༽

       ཚེ་ཐར།:སེམས་ཆུང་བྱོས། སེམས་ཆུང་བྱོས།༼   ལུ་གུའི་འབའ་སྟངས་བྱས།༽

       ཚེ་ལོ།:ཨ་ཚ......༼  དུག་སྦྲུལ་ནག་པོ་ཞིག་ཚེ་ལོའི་རྐང་བར་ནས་ཡར་འཁྱུལ་འདུག༽

       ཚེ་ཐར།:ཅི་བྱུང་སོང་།༼   དུག་སྦྲུལ་ཚེ་ལོའི་སྔོན་ཏག་ཏག་ན་ང་རྒྱལ་ངང་དུག་ལྕེ་བསྣར་ཞོར་དུ་ཡར་ནུར་སོང་བ་མཐོང་།༽

       ཚེ་ལོ།:འུན།༼   རྐང་བ་སྐྱོར་འདུག རྐང་བའི་ངོས་སུ་ཁབ་ཀྱི་སྣེ་མོ་ཞིག་འཛེར་བ་ལྟ་བུའི་རྨ་ཤུལ་ཞིག་འདུག༽

       ཚེ་ཐར།:ཤོག ཁྱོད་ངའི་རྒྱབ་ལ་སྦྱོར།༼   ཚེ་ལོ་རྒྱབ་ཏུ་ཁུར།༽

       ཚེ་ཐར།:མགྱོགས་པོར་ཐོན་ལ་ཉེ། མགྱོགས་པོར་ཐོན་ལ་ཉེ།༼   རྔུལ་ཆུ་དང་ཆར་བ་གང་ཡིན་མི་ཤེས་པར་གདོང་བ་ཡོངས་སུ་ཆུས་བརླན།༽

       གནམ་ངོར་སྤྲིན་ནག་འཁྲིགས་ཅིང་འབྲུག་སྒྲ་སྡུར། གློག་དམར་འཁྱུག ཆར་བ་འབབ་པའི་མཚམས་ལ་ཆད་པ་མ་བྱུང་། ཚེ་ཐར་གྱིས་ཚེ་ལོ་ཁུར་ཏེ་རྒྱལ་མཚན་སང་གི་ཕྱོགས་སུ་རྒྱུགས། (ཡུལ་དངོས་བརྗེ་བ།)

S/08ནང་གི་བརྙན། གཞོན་དུས་ཀྱི་གཏམ་རྒྱུད། རྡེའུ་འབུམ་གྱི་ཉེ་འགྲམ། ཕྱི་དྲོ།

     ཚེ་ཐར་དང་ཚེ་ལོ་གཉིས་ཤེས་མེད་ཚོར་མེད་དུ་ལོ་ཉེར་གཅིག་ལོན་པའི་གསར་བུ་རེ་འགྱུར་འདུག ཚེ་ཐར་སློབ་གྲྭའི་གུང་གསེང་བཏང་བ་དང་མཉམ་དུ་རྒྱལ་མཚན་ཚང་ལ་ཡོང་ཡོད། ཚེ་ལོ་སྔར་བཞིན་ཕྱུག་རྫི་ཡིན། ཚེ་ལོ་དང་ཚེ་ཐར་གཉིས་ཀྱིས་ནོར་ཁྱུ་དེད་དེ་ཕྱུག་ཟོག་འཚོ་སྐྱོང་བྱས།

       ཚེ་ལོ།:དེ་རིང་ནས་ངས་ར་ཡི་གེ་སློབ་དགོས། ང་ལ་དཔེ་ཆ་ཁྲིད་ན་ཆོག་གམ།༼  ལག་པ་རྣ་རྒྱབ་ཏུ་བསྲིངས་ཏེ་མགོ་ལ་ཡང་ཡང་འཕྲུག༽

       ཚེ་ཐར།:ཅིའི་ཕྱིར། ཁྱོད་སྔོན་ཆད་སློབ་གྲྭ་མི་འགྲོ་ཟེར་བ་མིན་ནམ།༼  ལག་གི་དཔེ་ཆ་ས་རུ་གཡུགས་ཏེ་ཧང་སངས་སོང་།༽

       ཚེ་ལོ།:སྒྲ་དབྱངས་ལྷ་མོའི་དོན་དུ་ངས་ཅིས་ཀྱང་ཡི་གེ་སློབ་དགོས།༼  ཚིག་ཐག་ཆོད་པའི་ཉམས་ཀྱིས།༽

       ཚེ་ཐར།:དཔྱད་པ་སྔོན་ནས་བཏང་ན་མཁས་པ་ཡིན།། འགྱོད་པ་རྗེས་ནས་སྐྱེས་ན་གླེན་པ་ཡིན་ཟེར་བ་མི་ཤེས་སམ། ཁྱོད་འདི་ད......།

        ཚེ་ལོ།:འོ་ན་འགྲོ་འདོད་ན་རྟ་བོ་ཆས་ཀྱིས་གསོས། མཁས་འདོད་ན་རིག་པའི་གནས་ལྔ་སྦྱོངས་ཟེར་བ་ཞིག་ཤེས་སམ། ཧ་ཧ།

        ཚེ་ཐར།:ཁྱོད་ཅིའི་ཕྱིར་མཁས་འདོད་པ་ཡིན། འོ་ད་རུང་སྒྲ་དབྱངས་ལྷ་མོ་ཟེར་ན་སུ་རེད། ཅིའི་ཕྱིར་མོའི་དོན་དུ་ཡི་གེ་སྦྱོངས་དགོས་པ་ཡིན། ༼  གཅིག་འཕྲོར་གཅིག་མཐུད་དེ་དྲིས།༽

        ཚེ་ལོ།:སྒྲ་དབྱངས་ལྷ་མོ་ཟེར་ན......༼  བཤད་མཚམས་བཞག་ཏེ་ཧ་ཅང་སྤྲོ་བའི་རྣམ་པ་བསྟན།༽

       ཚེ་ཐར།:མོ་དོན་ངོ་མ་སུ་རེད། ང་ལ་དྲང་མོ་ཤོད།༼  ཚེ་ལོའི་སྐེ་དང་མཆན་སོགས་སུ་ལག་སྙོབ་བྱས་ཏེ་དགོད་སློང་རྩིས་བྱས།༽

       ཚེ་ལོ།:ཧ་ཧ། ཧོ་ཧོ། ངས་དྲང་མོ་བཤད། ངས་དྲང་མོ་བཤད།༼  ཞུ་བ་ཡང་ཡང་བྱས།༽

       ཚེ་ཐར།:དྲང་མོ་མ་བཤད་དུས་ཁྱོད་འཆོར་ས་མེད།

       ཚེ་ལོ།:དྲང་མོ་བཤད་ན། སྒྲ་དབྱངས་ལྷ་མོ་ངའི་སྙིང་གི་དམར་ཆུང་བྱུ་རུ་ཡིན།  ༼   ནན་ནན་ཏན་ཏན་ངང་།༽

        ཚེ་ཐར།:ཁྱོད་ཀྱི་སེམས་སུ་དམར་ཆུང་བྱུ་རུ་འཁྲུངས་བ་ནི་ངའི་སེམས་སུ་དམར་ཆུང་བྱུ་རུ་འཁྲུངས་བ་དང་ཁྱད་པར་མེད། གཞུག་ཕྱོགས་སེམས་ཆུང་བྱོས་ཨ། ཧ་ཧ།༼   ཀུ་རེ་རྩེས།༽

       ཚེ་ལོ།:ཧ་ཧ། ༼   ཁོ་དང་སྒྲ་དབྱངས་ལྷ་མོའི་གཏམ་རྒྱུད་བཤད་དེ་ཕྱིར་དྲན་གྱི་འཚོ་བའི་མེ་ཏོག་ནང་དུ་འཁྲུངས།༽

S/09ཕྱིའི་བརྙན། དམར་ཆུང་བྱུ་རུའི་གཏམ་རྒྱུད། རི་ངོས། ༼  འཆར་ཡན༽

      སྒྲ་དབྱངས་ལྷ་མོས་པི་ཝང་འབྲུག་མགོ་མ་ཞིག་བཟུང་སྟེ་ལུག་རྫིར་བསླེབས་བྱུང་། མོས་ལུག་མཐའ་ན་མི་མེད་པའི་སྐབས་དང་བསྟུན་ནས་པི་ཝང་རྡུང་སྟེ་གླུ་གཞས་སྙན་མོ་ཏག་ཏག་བླངས། ཚེ་ལོ་རྡེའུ་འབུམ་ཞིག་གི་ཕག་ཏུ་ཡུབ་ནས་སྒྲ་དབྱངས་ལྷ་མོའི་གླུ་གཞས་སྙན་མོ་རྣ་བའི་བདུད་རྩི་རུ་བཞེས་ཀྱིན་ཡོད།

       སྒྲ་དབྱངས་ལྷ་མོ།:ཁྱོད་ཉིན་རྒྱུན་འདི་ལྟར་ང་ལ་བསྐུངས་ནས་ཅི་བྱེད།༼པི་ཝང་རྡུང་མཚམས་བཞག༽

        ཚེ་ལོ།:༼གདོང་དམར་པོར་གྱུར༽ངས......ངས......ངས་ཁྱོད་ཀྱིས་བླངས་བའི་གླུ་གཞས་ལ་ཉན་ཏེ་སེམས་པ་བཟི་སོང་བ་རེད།༼འཚབ་འཚུབ་ངང་ཡར་ལངས་ཏེ་སྒྲ་དབྱངས་ལྷ་མོའི་འགྲམ་དུ་སོང་།༽

        སྒྲ་དབྱངས་ལྷ་མོ།:འོ་ན་ཁྱོད་རྒྱུན་དུ་འདི་ལྟར་བཟི་འདོད་པ་ཡིན་ནམ།༼གད་མོ་ཤོར།༽

        ཚེ་ལོ།:དྲང་མོ་བཤད་ན་ང་ཉིན་རྒྱུན་འདི་ལྟར་བཟི་ན་འདོད་གི ཁྱོད་ཀྱི་གླུ་གཞས་ནི......།

         སྒྲ་དབྱངས་ལྷ་མོ།:ངའི་གླུ་གཞས་ལ་ཉན་རྒྱུར་དགའ་བས་ང་རང་ངོ་མ་དགའ་ནས་ཡོད། ཁྱོད་ཀྱིས་ཉི་མ་རེ་རེ་བཞིན་ངའི་གླུ་གཞས་ལ་ལྐོག་ཉན་བྱེད་ཀྱིན་ཡོད་པ་ཤེས་རུང་ད་བར་དུ་མ་ཤེས་ཁུལ་བྱས་པ་ཡིན། དེ་ནི་ངའི་གླུ་གཞས་ལ་ཉན་མཁན་མཁོ་བས་ཡིན། ངོ་མ་བཀའ་དྲིན་ཆེ།

          ཚེ་ལོ།:བྱུ་རུ་འདི་ངའི་ཨ་མས་ང་ལ་སྟེར་བ་ཡིན། ཨ་མས་བཤད་རྒྱུར་བྱུ་རུ་འདི་ངའི་ཨ་ཕས་མོ་ལ་སྟེར་བ་ཡིན་ཟེར། དེ་ནི་ངའི་ཨ་ཕའི་བརྩེ་དུང་གི་བདག་མོ་ངའི་ཨ་མ་ཡིན་པས་བྱུ་རུ་འདི་མོར་སྟེར་བ་རེད། སྒྲ་དབྱངས་ལྷ་མོ། དེ་རིང་ནས་བཟུང་ངའི་བྱུ་རུ་འདིའི་བདག་མོ་ཁྱོད་རང་བྱེད་རོགས།༼མགུལ་ན་བཏགས་པའི་བྱུ་རུ་དམར་ཆུང་དེ་བླངས་ནས་སྒྲ་དབྱངས་ལྷ་མོའི་སྐེ་རུ་བཏགས།༽

S/10ཕྱིའི་བརྙན། མི་ཁ་རླུང་གིས་གཡུགས་པ། རི་ངོས། ཉིན་མོ།

        སྒྲ་དབྱངས་ལྷ་མོས་པི་ཝང་རྒྱབ་ཏུ་ཁུར་ཏེ་ལུག་རྣམས་རི་མགོར་དེད་ནས་འགྲོ་བཞིན་འདུག ཚེ་ལོས་ནོར་ཁྱུ་ཆུའི་ཚུར་རོལ་ཏུ་བསྐྱུར་ཏེ་འཕྲུལ་རྟ་བཞོན་རྗེས་སྒྲ་དབྱངས་ལྷ་མོའི་ལུག་ཁྱུ་ཡོད་སའི་རི་ངོས་སུ་འགོས།

       སྒྲ་དབྱངས་ལྷ་མོ།:ཁྱོད་ཀྱིས་ནོར་ཁྱུ་རྩྭ་ས་ཡོད་ས་ཞིག་ལ་བསྐྱལ་ན་མི་ཆོག་གམ།༼  པི་ཝང་བཀྲོལ་མཚམས་བཞག༽

       ཚེ་ལོ།:ངས་ནོར་ཁྱུ་རྩྭ་ཆུ་གཉིས་འཛོམས་ཡིན་ས་ཞིག་ལ་དེད་ན་ཁྱོད་མཐོང་མི་ཐུབ་གི༼  དེ་ལྟར་ཤོར།༽

       སྒྲ་དབྱངས་ལྷ་མོ།:ཁྱོད་འདི་ད། ཁ་ཡར་གྲགས་མར་གྲགས་ཡོད་ཚད་ང་ལན་ཡོད་པ་འདྲ།༼  ཀུ་རེ་དང་སེམས་གཏམ་འདྲེས་མར་ལབ།༽

        ཚེ་ལོ།:ངས་ནམ་རྒྱུན་ཁྱོད་མཐོང་ན་འདོད་གི ཁྱོད་ཀྱི་གཞས་ཆུང་ལ་ཉན་ན་འདོད་གི

        སྒྲ་དབྱངས་ལྷ་མོ།:ཚེ་ལོ། ངས་ཁྱོད་བཀའ་དྲིན་ཞུ། ཁྱོད་ཡོད་པས་ང་ལ་གླུ་གཞས་ལེན་པའི་སེམས་ཤུགས་ཇེ་ཆེར་ཕྱིན་སོང་།༼   ཡང་བསྐྱར་པི་ཝང་བཀྲོལ་འགོ་བརྩམས་བྱུང་།༽

        ཚེ་ལོ།:ཁྱོད་ངའི་སྙིང་གི་དམར་ཆུང་བྱུ་རུ་ཡིན། ཁྱོད་ངའི་སེམས་ཀྱི་དྲན་པ་ལྷ་མོ་ཡིན། དེ་བས་དེ་རིང་ང་ཁོ་ནར་དབང་བའི་གླུ་གཞས་ཤིག་ལེན་རོགས།༼  བརྩེ་དུང་གི་རྦ་རླབས་དྲག་ཏུ་འཕྱུར།༽

        སྒྲ་དབྱངས་ལྷ་མོ།:འོ་ན་ངས་ཁྱོད་ལ་གླུ་གཞས་སྙན་མོ་ཞིག་ལེན་པར་བྱ།༼   པི་ཝང་བཀྲོལ་ནས་མགོ་བོ་ཕར་ཚུར་དུ་འགུལ་ཙམ་འགུལ་ཙམ་བྱས་ཏེ་གླུ་དབྱངས་བླངས་བྱུང་།༽

                             དམར་ཆུང་བྱུ་རུ།

ལེན་མཁན། སྒྲ་དབྱངས་ལྷ་མོ།
དབྱངས། སྒྲ་དབྱངས་ལྷ་མོ།

པི་ཝང་བར་ནས་བཀྲོལ་བའི
བརྩེ་འདང་གི་གཞས་ཆུང
ཁྱོད་ཀྱི་མགུལ་ན་ཐོགས་པའི
དམར་ཆུང་གི་བྱུ་རུ
ན་ནིང་དབྱར་ཁ་ཞིག་ལ
ད་ལོ་དགུན་ཁ་ཞིག་ལ
བྱུ་རུའི་བདག་མོ་ང་རང་ཡིན
གཞས་ཀྱི་བདག་པོ་ཁྱོད་རང་ཡིན
དབྱར་ཁ་ཞིག་ལ......དགུན་ཁ་ཞིག་ལ......
འཇིག་རྟེན་འདིའི་སྤང་ཁུག་ཏུ
བརྩེ་དུང་གི་མེ་ཏོག་ཆ་གཅིག་བཞད་ཡོད།

གཙང་བོའི་ཕ་མཐར་བརྒལ་བའི
དམ་ཚིག་གི་བུ་ཆུང
ལུག་ཁྱུའི་མཐའ་རུ་བཞད་པའི
རེ་སྒུག་གི་མེ་ཏོག
ན་ནིང་དབྱར་ཁ་ཞིག་ལ
ད་ལོ་དགུན་ཁ་ཞིག་ལ
མག་མོག་གི་རྒྱབ་གཟུགས་མཐོང་།
སྙན་འཇེབས་ཀྱི་གཞས་ཆུང་ཐོས།
དབྱར་ཁ་ཞིག་ལ......དགུན་ཁ་ཞིག......
འཇིག་རྟེན་འདིའི་སྤང་ཁུག་ཏུ
དམར་ཆུང་གི་བྱུ་རུ་ཆ་གཅིག་འཁྲུངས།

     སྒྲ་དབྱངས་ལྷ་མོའི་གླུ་གཞས་ཀྱིས་ཚེ་ལོའི་ཡིད་སེམས་སླར་ཡང་བཟི་སོང་། སྒྲ་དབྱངས་ལྷ་མོའི་སྐྲ་ལོ་དང་སྨིན་མ། མིག་དང་རྣ་བ་སོགས་ཀྱིས་ཁོའི་ནང་སེམས་ཀྱིས་ཆང་གི་བདུད་རྩི་འཐུང་། གློ་བུར་དུ་སྐྱ་མི་འགའ་བསླེབས་བྱུང་། ཁོས་ཚོས་ཚེ་ལོ་དང་སྒྲ་དབྱངས་ལྷ་མོ་གཉིས་མཐོང་ནས་ཀི་བཏབ། 

     རྟ་མགྲིན་སྐྱབས།:ཨ་རོ། ཚེ་ལོ། ནོར་ཁྱུ་གཞུང་ནས་བསྐྱུར་ཏེ་རི་ཁལ་རོགས་ལ་ཐུག་དུ་སོང་ན་སྐྱིད་དམ། ཉིན་འགའ་འགོར་རྗེས་ང་མོར་ཐུག་ན་ཨེ་ཆོག༼   རྟ་ཁ་སྲབ་ཀྱིས་བཀག༽

      སྐྱ་མི་ཁ་བ།:ཚེ་ལོ་འདི་མི་ལས་བསོད་ཅན་ཞིག་རེད་གོ བུ་མོ་མེ་ཏོག་འདྲ་ཞིག་རྙེད་ཡོད་གི༼   རྟ་ཞོན་ནས་ཁོ་གཉིས་ལ་སྐོར་བ་ཡང་ཡང་བྱས།༽

      ཚེ་ལོ།:ཕར་བརྩིས་ན་ཚུར་བརྩི། མ་བརྩིས་ན་རིན་ཐང་ཅི་ཡང་མེད། ཁྱེད་ཚོས་རང་ཚོད་བཟུང་དང་ཧྲ། མོར་ཚིག་ངན་པ་གཅིག་ཀྱང་ཤོད་དང་ངས་འདི་ནས་ཁྱོད་ཚོ་རང་དགར་མི་བསྐྱུར་སེམས་ཐག་གོར་མོའི་རྡོ་ཡིན།༼  ཁྲོ་གཏམ་བཤད། ཁྲོ་ཉམས་བསྟན། ༽

      རྟ་མགྲིན་སྐྱབས།:ད་ཆོག་གི ཆོག་གི ཀུ་རེ་ཙམ་རྩེས་པར་དེ་འདྲའི་ཞེ་སྡང་ལངས་དགོས་པ་མ་རེད། ཡང་གཅིག་བཤད་ན་ཁྱོད་ཀྱི་དམར་ཆུང་བྱུ་རུ་ང་ཚོར་མཁོ་བ་མ་རེད། མོ་ལ་རྒྱུ་མེད། ཁྱིམ་མེད། ལྡོམ་པོ་ཞིག་དང་ཁྱད་པར་མེད་པས།  ༼   མི་དགའ་བའི་ཚིག་བཤད། རྣམ་འགྱུར་བསྟན།༽

      སྐྱ་མི་གཞན་དག: ཧ་ཧ་ཧོ་ཧོ།༼   མཉམ་གཅིག་ཏུ་བགད་དེ་ཁོང་གཉིས་དང་བྲལ།༽

      ཚེ་ལོ།:མི་གཞན་ལ་མཐོང་ཆུང་བྱེད་པ་ནི་ཁྱི་དང་འདྲ། ཁྱོད་ཚོར་ངོ་ཚ་རྒྱུ་མེད་གི ཁྱོད་ཚོ་ངོ་མ་མི་མ་རེད། ངས་ཁྱོད་ཚོ་རང་དགར་མི་བསྐྱུར།༼   འུར་ཆའི་ནང་དུ་རྡོ་བཞག་ཏེ་སྐྱ་མི་དག་གི་ཕྱོགས་སུ་ཟུར་སྒྲ་དང་བཅས་ཏེ་འཕང་།༽

      སྒྲ་དབྱངས་ལྷ་མོ།:ཁོང་ཚོར་ཁ་ཡ་བྱེད་དགོས་པ་མ་རེད། ང་ལ་སྐྱོན་མེད། ང་ལ་ངོ་མ་སྐྱོན་མེད། ཡོད་ཚད་འདས་ཟིན་པ་རེད། དེ་བས་དྭ་ཕྲུག་ཡིན་པ་ཡང་དང་ལེན་བྱེད་དགོས་པ་རེད།༼   ཚེ་ལོའི་ཕུ་ཐུང་འཐེན་ཙམ་འཐེན་ཙམ་བྱས།༽

     སྐྱ་མི་དེ་དག་གིས་ཀི་འདེབས་ཞོར་དུ་རིའི་ཕག་ཏུ་ཡལ་སོང་། 

S/11ཕྱིའི་བརྙན། གསོལ་འདེབས། ལམ་བར་དང་དབྱངས་ཅན་ལྷ་མོའི་གཟིམ་ཁང་ནང་། མཚན།

      ཚེ་ལོ།:སྒྲ་དབྱངས་ལྷ་མོ། ཁྱོད་ཀྱིས་ལུག་ཁྱུ་ལྷས་ལ་བསྡུ་ཚར་རྗེས། ཆུ་གཞུང་འགྲམ་ནས་ང་ལ་སྒུག་སྡོད་དང་ང་ཚོ་དགོན་ནང་དུ་འགྲོ།

      སྒྲ་དབྱངས་ལྷ་མོ།:ད་ས་རུབ་ལ་ཉེ། ང་ཚོ་དགོན་ནང་དུ་ཐོན་ཐུབ་བམ།༼  ཐེ་ཚོམ་སྐྱེས།༽

      ཚེ་ལོ།:དེར་སེམས་ཁུར་བྱེད་དགོས་པ་མ་རེད། ངའི་སྤུན་ཟླ་དགའ་བོ་རླངས་འཁོར་ཡོད།

     སྒྲ་དབྱངས་ལྷ་མོ།:ཆོག་གི ངས་ཁྱེད་གཉིས་སྒུག་འདུག

       ཚེ་ལོ།:འོ་ན་ཅུང་ཙམ་གྱི་རྗེས་ནས་ཐུག༼  སྒྲ་དབྱངས་ལྷ་མོ་དང་བྲལ།༽

      ཚེ་ལོ་སྒྲ་དབྱངས་ལྷ་མོ་དང་བྲལ་ཏེ་ཚེ་ཐར་བཙལ་དུ་སོང་། ལམ་བར་ནས་ཁོས་རྟ་མགྲིན་སྐྱབས་ཀྱི་སྐད་ཆ་ཞིག་དྲན་སོང་།

      རྟ་མགྲིན་སྐྱབས།:གལ་སྲིད་སྒྲ་དབྱངས་ལྷ་མོ་ཁྱེད་གཉིས་མུ་མཐུད་དུ་འགྲོགས་ན། ངས་སྒྲ་དབྱངས་ལྷ་མོ་རང་དགར་མི་བསྐྱུར་སེམས་ཐག་ཡིན།"སྒྲ་དབྱངས་ལྷ་མོ་རང་དགར་མི་བསྐྱུར་སེམས་ཐག་ཡིན......"༼  བརྙན་མེད་སྒྲ་ཐོན།༽ཚེ་ལོའི་སེམས་སུ་རྟ་མགྲིན་སྐྱབས་ཀྱི་ཞེ་སྡང་དང་འདྲེས་པའི་སྐད་ཆ་མང་པོ་ཞིག་རྣ་ལམ་དུ་གྲགས་ཏེ་ཡལ་ཐབས་མི་འདུག 

      ཚེ་ལོ།:མིན། ཁོས་རྫུན་ལབ་པ་རེད། ཁོས་རྫུན་ལབ་པ་རེད།༼   ཆིག་ལབ་བྱས།༽ཚེ་ལོས་ཆིག་ལབ་བྱེད་ཞོར་དུ་གཞི་ནས་ཚེ་ཐར་དང་འཕྲད་བྱུང་།

      ཚེ་ཐར།:ཁྱོད་རྐང་ཐང་དུ་རྒྱུགས་བྱུང་ངམ།༼  ཚེ་ལོའི་གདོང་བར་བཞུར་གྱིན་པའི་རྔུལ་ཆུ་དང་ཁོ་ཐང་ཆད་པའི་བཟོ་ལྟ་ལ་བལྟས།༽

      ཚེ་ལོ།:མིན། ངས་ཐོག་ལྭ་མཐུག་པས་རེད།

      ཚེ་ཐར།:ཨོ་རེད། སྒྲ་དབྱངས་ལྷ་མོ་འདི་རུ་ཁྲིད་མེད་དམ།༼   ཚེ་ལོའི་རྒྱབ་ཕྱོགས་སུ་ཡང་ཡང་བལྟས།༽

      ཚེ་ལོ།:མོས་ཆུ་འགྲམ་ནས་སྒུག་འདུག་ཟེར།༼   རླངས་འཁོར་ནང་དུ་བསྡད།༽

      ཚེ་ཐར།:ཁྱོད་འདི་ད། སྡེ་བའི་མཐོང་ས་ནས་ད་རུང་མོ་དང་མཉམ་དུ་མི་འགྲོ་འམ། ཁྱོད་དོན་ངོ་མ་སུ་ལ་སྐྲག་པ་རེད།  ༼   རླངས་འཁོར་བསྐོར་ནས་སོང་།༽

      ཚེ་ལོ།:སུ་ལའང་སྐྲག་པ་མ་རེད།

      ཚེ་ཐར་དང་ཚེ་ལོ་གཉིས་རླངས་འཁོར་དུ་བསྡད་དེ་སྒྲ་དབྱངས་ལྷ་མོའི་སར་བྱིན།

      ཚེ་ཐར།:ངེད་གཉིས་འགོར་སོང་ངམ།

      ཚེ་ལོ།:འདིར་བསླེབས་ནས་ཡུན་རིང་འགོར་སོང་ངམ།༼  རླངས་འཁོར་གྱི་སྒོ་ཕྱེས།༽

      སྒྲ་དབྱངས་ལྷ་མོ།:ང་ཡང་འདིར་བསླེབས་མ་ཐག་ཡིན།༼  རླངས་འཁོར་ནང་དུ་བསྡད།༽

      སྒྲ་དབྱངས་ལྷ་མོ་རླངས་འཁོར་དུ་བསྡད་རྗེས་ཁོང་ཚོས་གླེང་མོལ་བྱེད་ཞོར་དུ་དགོན་ནང་དུ་བསླེབས། རླངས་འཁོར་དགོན་པའི་འདུ་ཁང་གི་ལྟག་རྒྱབ་ཏུ་བཞག་ཏེ་དབྱངས་ཅན་ལྷ་མོའི་གཟིམ་ཁང་དུ་མཇལ་ཏུ་བྱིན། ཁོ་ཚོས་དབྱངས་ཅན་མ་ལ་གསོལ་འདེབས་བྱས། ཐལ་མོ་སྤྱི་བོ་དང་མགྲིན་པ། སྙིང་ཁར་གསུམ་ལ་རེས་མོས་སུ་སྦྱར། པུས་མོ་གཉིས་དང་ལག་མཐིལ་གཉིས། དཔྲལ་བ་སྟེ་ཡན་ལག་ལྔ་བོ་ས་ལ་ཐུག་པར་བྱས་ནས་མི་རེ་རེས་ཕྱག་གསུམ་རེ་གསུམ་རེ་འཚལ་སོང་།

 S/12ནང་གི་བརྙན། ལོ་རིམ་ལྔ་བའི་འཛིན་གྲྭ་གསུམ་པའི་སློབ་ཁང་ནང་། ཉིན་མོ།

              བརྙན་སྒོ་ག་ལེ་ག་ལེར་སློབ་ཁང་གི་རྩིག་ངོས་བརྒྱུད་ནས་ཕར་སོང་ཞིང་། སློབ་ཁང་ནང་གི་གྱང་ངོས་སུ་སྦྱར་བའི་འདྲ་པར་དང་སློབ་སྦྱོང་ལེགས་བཤད། སྒོ་སམ། དགེ་རྒན་དང་སློབ་མ་སོགས་རེ་རེ་བཞིན་མངོན་བྱུུང་།

        སློབ་མ་དར་རྒྱས།:རྒན་ལགས། ལེགས་བཤད་ལྗོན་དབང་བློར་ཟིན་བྱུང་།༼  ཁྲིད་སྟེགས་གམ་གྱི་ཚེ་ཐར་གྱི་ཕྱོགས་སུ་བཅར།༽

        ཚེ་ཐར།:འོ་ན་བློར་བཟུང་དང་། བློ་ལ་ལེགས་པོ་འཛིན་ཐུབ་ན་ངས་སྐར་མ་ལྷག་མ་སྟེར་ངེས།  ༼  གདོང་གི་ཤེལ་མིག་ཡར་ལ་འདེད་ཡག་ཅིག་བྱས།༽

        སློབ་མ་དར་རྒྱས།:ལེགས་བཤད་ལྗོན་དབང་གི་རྩ་བ། ན་མོ་གུ་རུ་མཉྫུགྷོཥཱ་ཡ།། བླ་མ་མཆོག་དང་དབྱེར་མེད་པའི།། འཇམ་པའི་དབྱངས་ལ་གུས་བཏུད་ནས།། ཐོན་མིའི་ལེགས་བཤད་སུམ་ཅུ་བའི།། སྙིང་བོ་མདོར་བསྡུས་བཤད་པར་བྱ།། དབྱངས་ཀྱི་བྱ་བ་གསལ་བོ་རུ།། བྱེད་པ་ཨི་ཨུ་ཨེ་ཨོ་བཞི།། གསལ་བྱེད་ཀ་སོགས་སུམ་ཅུ......༼   ཁ་ལྕེ་དག གཅོད་མཚམས་གསལ། བློ་ལ་ཆུ་བཞུར་བཞུར་བྱས།༽

       ཚེ་ཐར།:ཧ་ཅང་བཟང་གི ད་རུང་སློབ་མ་སུས་བློར་འཛིན་ཐུབ།༼སློབ་ཁང་ནང་གི་སློབ་མ་དག་གི་ཕྱོགས་སུ་མིག་ཉུལ་བྱས།༽

      སློབ་མ་མཚོ་མོ།:ངས་བློར་ཟིན།༼  ཡར་ལངས།༽

      ཚེ་ཐར།:འོ་ན་བློར་བཟུང་དང་། ངས་སྐར་མ་ལྷག་མ་སྟེར།

      སློབ་མ་མཚོ་མོ།:ལེགས་བཤད་ལྗོན་དབང་གི་རྩ་བ། ན་མོ་གུ་རུ་མཉྫུགྷོཥཱ་ཡ།། བླ་མ་མཆོག་དང་དབྱེར་མེད་པའི།། འཇམ་པའི་དབྱངས་ལ་གུས་བཏུད་ནས།། ཐོན་མིའི་ལེགས་བཤད་སུམ་ཅུ་བའི།། སྙིང་བོ་མདོར་བསྡུས་བཤད་པར་བྱ།། དབྱངས་ཀྱི་བྱ་བ་གསལ་བོ་རུ།། བྱེད་པ་ཨི་ཨུ་ཨེ་ཨོ་བཞི།། གསལ་བྱེད་ཀ་སོགས་སུམ་ཅུ་ཡིན།.......༼   སྒྲ་གདངས་ཧ་ཅང་གསལ།༽

     ཚེ་ཐར།:བཟང་གི ད་རུང་སློབ་མ་བློ་ལ་ཟིན་མཁན་ཡོད་དམ།༼  སློབ་མ་ཚོ་ལ་ཡང་ཡང་གཟིགས།༽ སློབ་ཁང་ནང་དུ་འཇམ་ཅེར་གེར་གྱུར།

    ཚེ་ཐར།: དེ་རིང་བློ་མ་འཛིན་རུང་ཆོག ཚང་མས་མཉམ་དུ་ཐེངས་གཅིག་ཀློག་འདོན་བྱོས།

      སློབ་མ་ཡོངས།:ལེགས་བཤད་ལྗོན་དབང་གི་རྩ་བ། ན་མོ་གུ་རུ་མཉྫུགྷོཥཱ་ཡ།། བླ་མ་མཆོག་དང་དབྱེར་མེད་པའི།། འཇམ་པའི་དབྱངས་ལ་གུས་བཏུད་ནས།། ཐོན་མིའི་ལེགས་བཤད་སུམ་ཅུ་བའི།། སྙིང་བོ་མདོར་བསྡུས་བཤད་པར་བྱ།། དབྱངས་ཀྱི་བྱ་བ་གསལ་བོ་རུ།། བྱེད་པ་ཨི་ཨུ་ཨེ་ཨོ་བཞི།། གསལ་བྱེད་ཀ་སོགས་སུམ་ཅུ་ཡིན།........

      ཚེ་ཐར།:འུན། འོ་ཡ། འོ་ཡ། འོད་སྡེར་དེ་ངས་ཁྱོད་ལ་འབྱོར་ཐབས་བྱེད།༼   ཚེ་ཐར་གྱི་ཁ་པར་སང་སང་དུ་གྲགས་བྱུང་།༽

S/13ཕྱིའི་བརྙན། ཛ་དྲག་གི་དབྱར་རྩྭ་དགུན་འབུ། རི་ངོས། ཉིན་མོ།

      ཚེ་ལོ་དང་སྡེ་བའི་ནང་གི་ན་གཞོན་ཕོ་མོ་མང་པོ་ཞིག་གིས་དབྱར་རྩྭ་རྐོ་བཞིན་ཡོད། ཚེ་ལོས་མིག་གིས་རིག་རིག་དང་རྣ་བས་གྲོག་གྲོག་བྱེད་བཞིན་དབྱར་རྩྭ་ཨེ་རྙེད་ལ་འབད་འབུངས་ཧུར་ཐག་བྱེད་བཞིན་ཡོད། ཚེ་ལོས་གཡས་ཕྱོགས་སུ་གོམ་པ་གང་རེ་སྤོས་ན་དབྱར་རྩྭ་རེ་རྙེད་བྱུང་། ཚེ་ལོས་གཡོན་ཕྱོགས་སུ་གོམ་པ་གང་རེ་སྤོས་ན་དབྱར་རྩྭ་རེ་རྙེད་བྱུང་། ཚེ་ལོ་དགའ་བ་འབུམ་གྱིས་བསུས། ཚེ་ལོས་མི་ཞིག་གི་ལག་བར་ནས་ཀྱང་དབྱར་རྩྭ་ཞིག་རྙེད་བྱུང་།

     ཚེ་ལོ།:ཨ་རོ། ཤ་ཉེ། དབྱར་རྩྭ་འདིས་ཁྱོད་ལ་རྡུང་ལ་ཡོད་གི༼   རྩེད་མཚར་འདྲེས་མའི་སྐད་ཆ་ཞིག་ལབ།༽

     རྟ་མགྲིན་སྐྱབས།:ཚོད་མེད་དུ་མི་གཞན་ལ་མཐོང་ཆུང་མ་བྱེད།     ༼  མི་དེ་མ་གཞི་རྟ་མགྲིན་སྐྱབས་ཡིན་འདུག༽

      ཚེ་ལོ།:ཨོ......ཁྱོད་ཡིན་ནས།༼   གཞི་ནས་རྟ་མགྲིན་སྐྱབས་ཡིན་པ་རྟོགས།༽

      རྟ་མགྲིན་སྐྱབས།:མི་ངན་ཁྱོད། ཁ་བཤད་དོན་དུ་མི་གནས་པའི་ཁྱི་ངན་ཁྱོད།༼   དབྱར་རྩྭ་རྐོ་བའི་མི་མང་གི་བར་ནས་ཚེ་ལོའི་ཐོག་ལ་མཆོང་།༽

      ཚེ་ལོ།:ང་ཁ་བཤད་དོན་ལ་མ་གནས་པ་རེད་དམ། འདི་སྒྲ་དབྱངས་ལྷ་མོ་མོ་རང་ཉིད་ཀྱིས་གདམ་གསེས་རེད།༼   རྟ་མགྲིན་སྐྱབས་ཀྱི་ཐོག་ལ་ཤོར།༽

      རྟ་མགྲིན་སྐྱབས།: ཨོ་ཧོ་ཧོ་ཡ། ད་ནས་བཟུང་སྒྲ་དབྱངས་ལྷ་མོ་ངའི་མི་ཡིན་ནི་རེད། ཁྱོད་ཀྱིས་མོའི་དོན་དུ་སེམས་སྡུག་བྱེད་དགོས་པ་མ་རེད།༼  ཧབ་ཆ་རྒྱབ།༽

      ཚེ་ལོ།:རྟ་མགྲིན་སྐྱབས། ཁྱོད་བུ་ངར་ན། ངེད་གཉིས་དཔའ་ཁེར་ཐུག་བྱེད། གལ་ཏེ་སུ་ཕམ་སོང་ན་དེ་ས་མཐར་འགྲོ་དགོས། ཁྱོད་འཐད་པ་ཡོད་དམ།༼   མི་མང་གིས་བར་ཁ་ཕྱེས་པས་ཁོ་ཕྱིར་འགྲོ་ཞོར་དུ་དེ་ལྟར་བཤད།༽

     རྟ་མགྲིན་སྐྱབས།:ཆོག་གི ཕོ་རབ་ཚིག་ཐོག་ཡིན། དེས་ན་བརྒྱད་པའི་ཚེས་པ་བཅོ་བརྒྱད་ཉིན། ངེད་གཉིས་དཔའ་ཁེར་ཐུག་བྱེད།

S/14ཕྱིའི་བརྙན། ཚེ་ཐར་གྱི་སནདོད་ཁང་དང་སྦྲག་སྲིད་ཁང་། ཉིན་མོ།

          ཚེ་ཐར་གྱིས་སློབ་མ་དག་གི་རྩོམ་ཡིག་ཁ་ཤས་བཅོས་ཚར་རྗེས། འཐེན་སྒམ་ནང་ནས་སྒྲ་དབྱངས་ལྷ་མོའི་ཆེད་བསྒྲིགས་བརྙན་འཁོར་དེ་བླངས་བྱུང་། ཁོས་ཆེད་བསྒྲིགས་བརྙན་འཁོར་དེ་ཤོག་སྒམ་ཞིག་ཏུ་བཅུག དེ་ནས་འབྲི་དེབ་ཅིག་གི་སྒང་དུ་ཡི་གེ་འདི་འདྲ་ཞིག་བྲིས། ངའི་སྙིང་གི་མཆེད་གྲོགས་ཚེ་ལོ་ལགས། འདི་ནི་ཁྱོད་ཀྱི་འདོད་པ་ལྟར་སྒྲ་དབྱངས་ལྷ་མོའི་ཆེད་བསྒྲིགས་འོད་འཁོར་དེ་ཡིན། ཡིན་ནའང་སྒྲ་དབྱངས་ལྷ་མོའི་གཟའ་མི་གང་བོ་བདེ་ཞིང་སྐྱིད་པའི་འཚོ་བ་ཞིག་རོལ་བཞིན་ཡོད་པས། ད་ནས་བཟུང་ཁྱོད་ཀྱིས་མི་ཚེ་བདེ་སྐྱིད་ཡོང་བར་སྨོན། ཕམ་ཁ་ནི་རྒྱལ་ཁའི་རྩ་བ་ཡིན་པ་སེམས་ལ་བཟུང་དང་། ནམ་ཞིག་ཁྱོད་རང་རང་ཡུལ་དུ་རྒྱལ་ཁའི་འཛུམས་མདངས་དང་མཉམ་དུ་ཕྱིར་ཕེབས་པར་ཡིད་ཆེས་ཡོད། འདི་ནི་གྲོགས་པོ་ངའི་ཆེས་ཆེ་བའི་རེ་བ་ཡིན་ལ། སྒྲ་དབྱངས་ལྷ་མོའི་རེ་བ་ཡང་རེད།༼  ཅེས་བྲིས་ཚར་རྗེས། གྲུ་བཞིར་ལྟེབས་ཤིང་ཤོག་སྒམ་ནང་དུ་སྒྲ་དབྱངས་ལྷ་མོའི་ཆེད་བསྒྲིགས་འོད་འཁོར་དང་མཉམ་དུ་བཞག་ཏེ་ཤོག་སྒམ་གྱི་ཁ་སྦྱར་ཤོག་གིས་སྦྱར།༽

        ཚེ་ཐར་གྱིས་ཁ་སྦྱར་ཚར་བའི་ཤོག་སྒམ་ལག་ཏུ་བཟུང་སྟེ་སྒོར་འབུད། ཁོ་གླ་བྱེད་རླངས་འཁོར་ཞིག་ཏུ་བསྡད་དེ་སྦྲག་སྲིད་ཁང་དུ་སོང་། ཚེ་ཐར་གླ་བྱེད་རླངས་འཁོར་ལས་མར་འབབ། ཁོས་ལག་ཏུ་ཤོག་སྒམ་བཟུང་ནས་སྦྲག་སྲིད་ཁང་དུ་སོང་།

        ཚེ་ཐར།:བླ་བྲང་དགོན་པར་དངོས་པོ་བསྐུར་ན་འབྱོར་ཐུབ་བམ།

      ལས་རེས་པའི་བུ་མོ།:འབྱོར་ལེ་ཐུབ། འོན་ཀྱང་བསྐུར་གླ་ཅུང་ཆེ་བ་རེད།

       ཚེ་ཐར།:འབྱོར་ཐུབ་ན། བསྐུར་གླ་ལ་སེམས་ཁུར་མེད།

      ལས་རེས་པའི་བུ་མོ།:འོ་ན་འདིའི་ཐོག་ལ་ཞོག་དང་ངས་ལྗིད་ཚད་ལ་ཅི་ཡོད་ལྟ།༼   རྒྱ་མ་བསྟན།༽

       ཚེ་ཐར།:འོ་ཡ།༼  ཚེ་ཐར་གྱིས་དངོས་པོར་བསྐུར་ཚར་རྗེས་སྦྲག་སྲིད་ཁང་གི་སྒོར་འབུད།༽

S/15ནང་གི་བརྙན། རྒྱལ་མཚན་སང་གི་ཁྱིམ། མཚན།

     རྒྱལ་མཚན།:ཚེ་ལོ། ད་ཡར་ལོངས། མི་ཉལ་ཁོག་པ་ནད་ཟེར་བ་མི་ཤེས་སམ།

     འཛོམས་སྐྱིད།:བདེན་གི མགྱོགས་པོར་ཡར་ལོངས། ཚེ་ཐར་བསླེབས་བྱུང་།   ༼   སྒེའུ་ཁུང་ཕྱི་རོལ་དུ་ཡང་ཡང་བལྟས།༽

     ཚེ་ཐར།:ཨ་ནེ་འཛོམས་སྐྱིད། ཚེ་ལོ་མེད་དམ། ཁོ་གང་ལ་སོང་བ་རེད།

     འཛོམས་སྐྱིད།:ཚེ་ལོ་ད་རུང་ཉལ་འདུག་ཡོད་ཁུ ཚེ་ལོ་འདི་ད་ལོ་ཆེར་སོན་ཀྱིན་སོན་ཀྱིན་སྒྱིད་ལུག་ཇེ་ཆེ་རེད། ༼   ལེ་འདེད་བྱས།༽

     རྒྱལ་མཚན།:འཛོམས་སྐྱིད། ཁྱོད་ད་སོང་ལ་ཚེ་ལོ་བོས་ཤོག

      ཚེ་ལོ།:ཨ་ཕ། ང་ཡར་ལངས་ཡོད་ཡ། ང་ད་ནངས་སྔ་མོ་ནས་རྟ་ལ་ཆུ་ལྡུད་དུ་སོང་བ་ཡིན།༼   ཅི་མི་སྙམ་པར།༽

      ཚེ་ཐར།:ཕ་བཟང་གི་བུ་ཟེར་ན་དེ་འདྲ་ཡིན་ནི་རེད། ཧ་ཧ།

      རྒྱལ་མཚན།:དེ་རིང་ཉི་མ་ནུབ་ཕྱོགས་ནས་ཤར་སོང་ངམ།༼   ཡ་མཚན་སྐྱེས།༽

      ཚེ་ཐར།: ཨ་ཁུ་རྒྱལ་མཚན། ང་ལ་དོན་དག་ཅིག་ཡོད་པས། ཚེ་ལོ་ཁྲིད་དུ་ཡོང་བ་ཡིན།༼   ཚེ་ལོར་མིག་བརྡ་བྱས།༽

      འཛོམས་སྐྱིད།:ཡ་ཡ། དེས་ན་ཕྱིར་མགྱོགས་པོར་ཤོག ༼   རྒྱལ་མཚན་གྱིས་མཆོད་པ་བཤམས་ཀྱིན་ཡོད་པས་ཁ་ཡ་མ་བྱས།༽

        ཚེ་ཐར།:གོ་སོང་། ༼   སྔོན་ལ་སྒོར་བུད།༽

        ཚེ་ལོ།:གོ་སོང་།༼   ཚེ་ཐར་གྱི་རྗེས་སུ་སྒོར་བུད།༽             

                            (ཡུལ་དངོས་བརྗེ་བ།)

S/16ཕྱིའི་བརྙན། སྒྲ་དབྱངས་ལྷ་མོའི་རྨི་ལམ། རྡེའུ་འབུམ་གྱི་ཉེ་འགྲམ། ཉིན་མོ།

       ཚེ་ཐར།:ཁྱོད་ཀྱིས་རེ་བ་ལྟར་ངས་བརྙན་ལེན་པ་བཀྲ་ཤིས་དང་འཁྲབ་ཁྲིད་པ་ཡོན་ཏན་གཉིས་འདིར་ཁྲིད་ཡོང་ཡོད། གཞན་བོད་ལྭ་དང་བོད་ལྷམ། ཕྱིང་ཞྭ་སོགས་ཆ་ཚང་གྲ་སྒྲིག་བྱས་ཡོད། རབ་ཡིན་ན་ཁྱེད་ཚང་གི་རྒྱུགས་རྟ་སྒྲ་དབྱངས་ལྷ་མོས་ཞོན་ན་ཡག་ས་རེད།༼   སྒོར་བུད་མ་ཐག་དེ་ལྟར་ལབ།༽

      ཚེ་ལོ།:ངའི་སྤུན་ཟླ་དགའ་བོ། ངས་ཁྱོད་ཀྱི་བཀའ་དྲིན་ནམ་ཡང་མི་བརྗེད། སྒྲ་དབྱངས་ལྷ་མོས་ཆེད་བསྒྲིགས་གླུ་དབྱངས་ཤིག་ལེན་པ་ནི་མོའི་ཆུང་དུས་ཀྱི་རེ་བ་འཛུམ་པའི་མེ་ཏོག་རྐང་གཅིག་ཡིན་པ་རེད། ངས་མོར་རོགས་བྱས་ཏེ་མོའི་རེ་བ་མངོན་འགྱུར་བྱེད་པར་ཁས་བླངས་མྱོང་། ད་ནི་ཉི་མ་འདི་གཞི་ནས་བསླེབས་བྱུང་། ང་སྒྲ་དབྱངས་ལྷ་མོའི་ཚབ་ཏུ་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། ༼   ཁོས་རྒྱུགས་རྟ་ལ་སྲབ་བཞག སྒ་བསྟད།༽

     ཚེ་ཐར།:ད་ངེད་གཉིས་ཁོང་ཚོ་ཡོད་སར་མགྱོགས་པོར་འགྲོ།༼   བྲེལ་བྲེལ་ཚུབ་ཚུབ་ངང་།༽

     ཚེ་ལོ།:འོ་ཡ། ༼   བྲེལ་བྲེལ་ཚུབ་ཚུབ་ངང་ཚེ་ཐར་གྱི་རྗེས་སུ་རྒྱུགས།༽

     ཚེ་ཐར་དང་ཚེ་ལོ་གཉིས་བྲེལ་བྲེལ་ཚུབ་ཚུབ་ངང་སྒྲ་དབྱངས་ལྷ་མོའི་ལུག་འཚོ་སར་སོང་། སྒྲ་དབྱངས་ལྷ་མོར་བུ་མོ་འགས་སྐྲ་སླེ་བཞིན་འདུག བརྙན་ལེན་པ་བཀྲ་ཤིས་དང་འཁྲབ་ཁྲིད་པ་ཡོན་ཏན་གཉིས་ཀྱང་གནས་དེ་རུ་བསླེབས་འདུག སྒྲ་དབྱངས་ལྷ་མོའི་སྐྲ་སླེས་ཚར་སོང་། ཚེ་ཐར་དང་ཚེ་ལོ་གཉིས་ཀྱིས་སྒྲ་དབྱངས་ལྷ་མོར་བོད་ལྭ་དང་བོད་ལྷམ། ཕྱིང་ཞྭ་སོགས་གྱོན་དུ་བཅུག

      ཚེ་ལོ།:བརྙན་ལེན་སྐབས་ཁྱོད་འཚབ་དགོས་པ་མ་རེད། ཁྱོད་ཀྱིས་རང་ཉིད་ཀྱིས་བླངས་བའི་དབྱངས་འགྲོས་ལ་འགྲོས་ཏེ་ལྷོད་ཡངས། བག་ཆགས་ངང་གླུ་དབྱངས་ལོངས་དང་། ང་ཚོས་ཚང་མས་ཁྱོད་ལ་རྒྱབ་སྐྱོར་བྱེད།

     ཚེ་ཐར།:འོ་ལེ། ཁྱོད་འཚབ་དགོས་པ་མ་རེད། འོན་ཀྱང་འཁྲབ་ཁྲིད་པ་དང་བརྙན་ལེན་པ་སོགས་ཀྱིས་ཅི་བཤད་ལ་ཉན་ཡག་བྱོས།

      སྒྲ་དབྱངས་ལྷ་མོ།:འོ་ཡ། ངས་ཤུ་རེམས་བྱེད།༼   མིག་ཟུང་ཆེ་རུ་སོང་ཡོད། ༽

      སྒྲ་དབྱངས་ལྷ་མོས་འཁྲབ་ཁྲིད་པ་ཡོན་ཏན་གྱི་བཀོད་འདོམ་འོག་ཚེ་ལོ་སང་གི་རྒྱུགས་རྟ་ཁྲིད། ལག་པ་ཐོད་པར་བཞག་ཏེ་རྒྱང་རིང་དུ་གཟིགས། མཚམས་རེར་ཆུ་ཁར་སོང་ནས་ཆུ་སྤར་མོ་གང་རེ་འཐུང་བ་དང་། ལག་པ་གཡས་མས་ཆུ་གནམ་ལ་མཆོད་མཆོད་བྱས། སྒྲ་དབྱངས་ལྷ་མོའི་རྗེས་སུ་བརྙན་ལེན་པ་བཀྲ་ཤིས་ཀྱིས་བརྙན་མིག་གཡས་སྐོར་གཡོན་སྐོར་བྱས་ཏེ་སྒྲ་དབྱངས་ལྷ་མོར་བརྙན་ལ་བླངས། ཡང་བར་སྐབས་ཤིག་ལ་སྒྲ་དབྱངས་ལྷ་མོས་ཚེ་ལོ་སང་གི་རྒྱུགས་རྟ་ཁྲིད་དེ་ལུག་འཚོས་ནས་བསྡད་པ་ན། ཆེད་དུ་གདན་འདྲེན་ཞུས་པའི་འཁྲབ་སྟོན་པ་བསམ་གཏན་གྱིས་རྟ་ལ་ཞོན་ནས་སྒྲ་དབྱངས་ལྷ་མོའི་གམ་དུ་འབབ། སྒྲ་དབྱངས་ལྷ་མོ་དང་བསམ་གཏན་གཉིས་ཀྱིས་དགའ་དགའ་སྤྲོ་སྤྲོའི་ངང་ལབ་གླེང་སྣ་ཚོགས་བྱེད་བཞིན་འདུག་པ་སོགས་བརྙན་ལེན་པ་བཀྲ་ཤིས་ཀྱིས་བརྙན་མིག་གིས་འཚོས།༼  སྒྲ་མེད་བརྙན་ཐོན།༽

     སྒྲ་དབྱངས་ལྷ་མོས་གླུ་དབྱངས་ལེན་མཚམས་བཞག་ཏེ་སོ་སོས་ངལ་ཅུང་ཙམ་གསོས། ཚེ་ལོས་རྒྱུགས་རྟ་ཁྲིད་དེ་རྟ་ལ་ཆུ་ལྡུད་དུ་སོང་། སྒྲ་དབྱངས་ལྷ་མོ་དང་ཚེ་ཐར་གཉིས་རྡེའུ་འབུམ་ཞིག་གི་འགྲམ་དུ་བསྡད།

     སྒྲ་དབྱངས་ལྷ་མོ།:བྱུ་རུ་འདི་ཚེ་ལོར་སྤྲད་རོགས་ཞུ།༼  མགུལ་ན་བཏགས་པའི་དམར་ཆུང་བྱུ་རུ་དེ་ཚེ་ཐར་གྱི་ལག་ཏུ་བཞག༽

       ཚེ་ཐར།:ཅིའི་ཕྱིར། 

       སྒྲ་དབྱངས་ལྷ་མོ།:ད་ནས་བཟུང་ང་རང་ཚེ་ལོའི་དམར་ཆུང་བྱུ་རུའི་བདག་མོ་བྱེད་འོས་པ་མ་རེད།༼  ཡིད་སྐྱོ་སྐྱོའི་ངང་།༽

       ཚེ་ཐར།:ཚེ་ལོས་ཁྱོད་ལ་འོས་མེད་བྱས་སོང་ངམ།

       སྒྲ་དབྱངས་ལྷ་མོ།:མ་རེད། ངས་ཚེ་ལོར་འོས་མེད་བྱས་པ་ཡིན། ང་ངོ་མ་མི་མ་རེད། ༼   མགོ་སྨད་དེ་ཤུམ་ཤུམ་དུ་ངུས།༽

         ཚེ་ཐར།:དོན་དག་ཅི་བྱུང་སོང་།༼   སོམ་ཉི་དང་བཅས་ཏེ་མོར་ཅེར།༽

       སྒྲ་དབྱངས་ལྷ་མོ།:གལ་སྲིད་ང་རྟ་མགྲིན་སྐྱབས་དང་མི་འགྲོགས་རྒྱུ་ན...... ༼   སྐད་ཆ་བཤད་མཚམས་ཆད་སོང་།༽

       ཚེ་ལོ།:༼   གློ་བུར་དུ།༽ངས་མཐོང་སོང་། ངས་གསལ་བོར་མཐོང་བྱུང་། ༼   དབུགས་ཧལ་ཧལ་ངང་ཚེ་ཐར་ལག་གི་བྱུ་རུ་ལ་ཡང་ཡང་ཅེར།༽

       སྒྲ་དབྱངས་ལྷ་མོ།:ངས་ཁྱོད་ལ་གསལ་བཤད་བྱེད།༼   འཚུབ་ཆ་ལངས།༽

       ཚེ་ལོ།:ཚེ་ཐར། ངའི་སྤུན་ཟླ་དགའ་བོ། ཁྱོད་ཀྱིས་ང་ལ་འདི་ལྟར་བྱེད་པ་ཡིད་ལ་མ་དྲན། སྒྲ་དབྱངས་ལྷ་མོ། ངའི་སྙིང་གི་དམར་ཆུང་བྱུ་རུ། ཁྱོད་ཀྱི་དོན་དུ་ངས་སང་ཉིན་རྟ་མགྲིན་སྐྱབས་ལ་རྒྱལ་ཕམ་གྱི་དབྱེ་བ་རྩོད་དགོས་པ་རེད། འོན་ཀྱང་ཁྱོད་ཀྱིས......༼   ཁོས་རྒྱུགས་རྟ་ཞོན་ཏེ་རྟའི་རྨུག་སྒྲ་ཐག་གེར་ཚེ་ཐར་དང་སྒྲ་དབྱངས་ལྷ་མོ་གཉིས་དང་བྲལ།༽

       ཚེ་ཐར་དང་སྒྲ་དབྱངས་ལྷ་མོ་གཉིས་ཀྱིས་ཚེ་ལོའི་རྒྱབ་ཕྱོགས་སུ་མིག་སྐྱེལ་བྱས་ཏེ་སྨྲ་བ་ཡོད་ཚད་ཆད་སོང་།

S/17ཕྱིའི་བརྙན། སྒྲ་དབྱངས་ལྷ་མོ་དང་འཕྲད་པ། སྲང་བར། ཕྱི་དྲོ།

       ཚེ་ཐར་སློབ་གྲྭ་དང་བྲལ་ཏེ་སྲིང་དུ་འགྲོ་བཞིན་ཡོད། ཁོས་གློ་བུར་དུ་སྒྲ་དབྱངས་ལྷ་མོ་མཐོང་བྱུང་། སྒྲ་དབྱངས་ལྷ་མོས་ད་རུང་བྱིས་པ་ཞིག་ཁུར་འདུག་པ་ཡང་མཐོང་བྱུང་། ཁོས་སྒྲ་དབྱངས་ལྷ་མོ་མཐོང་ཡང་མ་མཐོང་ཁུལ་བྱས་ཏེ་འགྲོ་གྲབས་བྱས། 

       སྒྲ་དབྱངས་ལྷ་མོ།:ཚེ་ཐར།༼   ཚེ་ཐར་གྱི་སྔོན་ལ་བུད།༽

        ཚེ་ཐར།:ཁྱོད་ཡིན་ནས། ངས་མ་ཤེས་ཐ།༼མོའི་རྒྱབ་ཀྱི་བྱིས་པ་ཡང་ཡང་བལྟས།༽

        སྒྲ་དབྱངས་ལྷ་མོ།:ངེད་གཉིས་ཁ་བརྡ་ཞིག་བྱས་ན་ཆོག་གམ།

        ཚེ་ཐར།:བྱིས་པ་འདི?༼   ཧ་ལས་པའི་ངང་བྱིས་པར་ཅེར་འདུག ཁོས་ཆུང་དུས་ཀྱི་ཚེ་ལོ་ཡང་ཡང་མིག་ལམ་དུ་ཤར།༽

        སྒྲ་དབྱངས་ལྷ་མོ།:རེད། ཁོའི་རེད། ཚེ་ལོ་ནི་བྱིས་པ་འདིའི་ཕ་ངོ་མ་ཡིན།༼  མིག་ཆུ་ཆུ་བོ་བཞིན་བྲུག༽

       ཚེ་ཐར།:འགྲོ། འུ་གཉིས་ཕར་ལ་སོང་ནས་ཁ་བརྡ་བྱེད།

       ཚེ་ཐར་དང་སྒྲ་དབྱངས་ལྷ་མོ་ཇ་ཁང་ཞིག་གི་ནང་དུ་འཛུལ།

S/18ནང་གི་བརྙན། ཚེ་ལོ་ས་མཐར་འཁྱམས་པ། ཚེ་ལོའི་ཉལ་ཁང་། མཚན།༼   འཆར་ཡན།༽

      ཚེ་ལོ་ཉལ་སའི་ནང་ནས་ཕར་འཁོར་ཚུར་འཁོར་བྱས་ཏེ་བསམ་གཞིག་བྱེད་ཀྱིན་འདུག ཁོས་བསམ་གཞིག་ཇི་ལྟར་བྱས་ཀྱང་མིག་ལམ་དུ་སྒྲ་དབྱངས་ལྷ་མོས་ཚེ་ཐར་ལ་མོའི་མགུལ་གྱི་དམར་ཆུང་བྱུ་རུ་སྤྲད་པ་ལས་ཅི་ཡང་འཆར་རྒྱུ་མི་འདུག

      ཚེ་ལོ།:ཚེ་ཐར་གྱིས་ཅིའི་ཕྱིར་ང་ལ་ཁྲེལ་མེད་བྱེད་དགོས་པ་རེད། ཁོ་ལ་དགའ་རོགས་ཡོད་པ་མིན་ནམ།༼  ཆིག་ལབ་བྱས།༽

      ཚེ་ལོ།:དཔེ་མི་སྲིད། ངས་སྒྲ་དབྱངས་ལྷ་མོ་དང་ཚེ་ཐར་གཉིས་ལ་དགྲ་སེམས་ག་ལ་བཅངས། བཅངས་མི་ཉན་ཁོ་ཐག་ཡིན།  ༼  འདང་རྒྱག་གི་ནང་དུ་ལྷུང་།༽   ཚེ་ལོས་ཡུན་རིང་དུ་བསམ་གཞིག་བྱས་ཏེ་མཐར་ཉལ་སའི་ནང་ནས་འགྲེལ་ལྡོག་ཅིག་རྒྱབ་ཏེ་ཡར་ལངས། ཁོས་འཐེན་སྒམ་ནང་ནས་སྒྲ་འབེབས་འཕྲུལ་ཆས་ཤིག་བླངས།

       ཚེ་ལོ།:ངའི་སྙིང་ཉེ་བའི་སྤུན་ཟླ་ཚེ་ཐར་ལགས། ཁྱོད་དང་སྒྲ་དབྱངས་ལྷ་མོ་གཉིས་ཀྱི་བར་ལ་བརྩེ་བ་ཆགས་འདུག དུང་བ་ཟབ་འདུག འདི་དག་ཚང་མ་ངས་མིག་མཐོང་ལག་ཟིན་དུ་གྱུར་བ་རེད། ངས་སྒྲ་དབྱངས་ལྷ་མོའི་དམར་ཆུང་བྱུ་རུ་དེ་ཁྱོའི་ལག་ཏུ་བཞག་པ་དེས་མོ་ང་ལ་མི་དབང་བ་གསལ་བོར་རྟོགས་སོང་། སྔོན་ཆད་ངས་སྒྲ་དབྱངས་ལྷ་མོའི་དོན་དུ་མིག་ཆུ་བཏོན། གླུ་ཆུང་བླངས། མོའི་རྨི་ལམ་གྱི་མེ་ཏོག་ཁྲོད་དུ་ངའི་སེམས་ཀྱི་ཆུ་མིག་གཏོང་བ་སོགས་ང་རང་ནོར་བ་མ་ཡིན་ལ། དེ་ནི་སྒྲ་དབྱངས་ལྷ་མོ་ལན་པ་ཡང་མ་རེད། ད་རུང་འདི་ང་ཚོ་སུ་ཡང་ལན་པ་མ་རེད། འདི་ནི་བརྒྱུད་རིམ་ཞིག་རེད། འདི་ནི་བརྩེ་དུང་དང་ལས་དབང་གི་བརྒྱུད་རིམ་ཞིག་རེད། དེ་ཡིན་པས་ང་ཁྱོད་དང་སྒྲ་དབྱངས་ལྷ་མོ་གཉིས་ཀྱིས་སྟེང་ལ་སྡང་སེམས་མེད། འོན་ཀྱང་དེ་དགོང་ངས་རང་ཉིད་ཀྱི་སྤུན་ཟླ་དང་ཆུང་འདྲེས་བྱམས་པ་གཉིས་ཀྱི་དོན་དུ་ང་སེམས་ཐག་གཙང་བཅད་ཀྱིས་ས་མཐར་འགྲོ་རྒྱུ་ཡིན། ང་རྟ་མགྲིན་སྐྱབས་ལ་རྒྱལ་ཕམ་གྱི་དབྱེ་བ་མ་འབྱེད་སྔོན་ལ་ས་མཐར་འགྲོ་རྒྱུ་ཡིན། སེམས་བདེ་མོ་བྱོས། ཁྱོད་གཉིས་མི་ཚེར་བདེ་སྐྱིད་ལྡན་པར་སྨོན། ངས་ནམ་ཡང་ཁྱེད་གཉིས་བདེ་སྐྱིད་ཡོང་བར་སྨོན་ལམ་འདེབས། ང་ལ་རེ་བ་ཞིག་ཡོད་པ་ངའི་ཕ་མ་གཉིས་ཁྱེད་གཉིས་ལ་བཅོལ། ལྷག་པར་ཚེ་ཐར་ཁྱོད་ལ་བཅོལ་བ་ཡིན། ད་བདེ་མོ།༼   སྒྲ་འབེབས་འཕྲུལ་ཆས་ནང་དུ་སྐད་ཆ་དེ་དག་སྒྲ་ལ་བླངས་རྗེས། ཕྱིར་འཐེན་སྒམ་ནང་དུ་བཞག༽

     ཚེ་ཐར་གྱིས་སྒྲ་འབེབས་འཕྲུལ་ཆས་འཐེན་སྒམ་ནང་དུ་བཞག་ཏེ་ཁོས་ཏ་ལེན་ཞིག་གི་ནང་དུ་དངོས་པོ་འགའ་བསྡུ་གསོག་བྱས་ནས་ཕྲག་ཏུ་ཁུར། དེ་ནས་རྒྱུགས་རྟར་སྲབ་བཞག སྒ་བསྟད་རྗེས། ཁོས་རྒྱུགས་རྟ་ཞོན་ཏེ་ཕ་ཡུལ་དང་བྲལ་སོང་།

S/19ནང་གི་བརྙན། ཇ་ཁང་ནང་། ཉིན་མོ།

ཚེ་ཐར།:ཁྱོད་ཀྱིས་ཇ་གང་བཏུང་།

སྒྲ་དབྱངས་ལྷ་མོ།:ཁྱད་པར་མེད། ཁྱོད་ཀྱིས་གང་འབོད་བསམ་ན་དེ་བོས་དང་ཆོག

ཚེ་ཐར།:ཞབས་ཞུ་བ། འདིར་དཀྲུགས་ཇ་ཇ་དེམ་གང་ཁྱེར་ཤོག

ཞབས་ཞུ་བ།: འོ་ཡ། 

ཚེ་ཐར།:བྱིས་པ་འདིའི་ཕ་དོན་ངོ་མ་སུ་རེད།  ༼   བྱིས་པ་ལ་ཡང་ཡང་ཅེར།༽

སྒྲ་དབྱངས་ལྷ་མོ།:ཚེ་ལོ་རེད། འོན་ཀྱང་དོན་དག་འདི་ཚེ་ལོས་ཤེས་ཡོད་པ་མ་རེད།

ཚེ་ཐར།:དེས་ན་རྒྱུ་མཚན་ཅིའི་ཕྱིར་སྔོན་ནས་མི་བཤད་པ་ཡིན། རྒྱུ་མཚན་ཅིའི་ཕྱིར་རྟ་མགྲིན་སྐྱབས་ཀྱི་ཤ་ལས་ཆད་པའི་བྱིས་པ་མངལ་དུ་འཁོར་ཡོད་ཟེར་བ་ཡིན། སྒྲ་དབྱངས་ལྷ་མོ། ཁྱོད་སྐབས་དེ་ལ་སྨྱོས་བཞག་པ་ཡིན་ནམ། ཁྱོད་ཀྱིས་ཚེ་ལོའི་ཚོར་བ་ལ་བསམ་བློ་གཏོང་ཨེ་མྱོང་། ཁྱོད་ཀྱིས.....༼   བཤད་ཀྱིན་བཤད་ཀྱིན་ཁོང་ཁྲོ་གཏིང་ནས་ལངས་བྱུང་།༽

སྒྲ་དབྱངས་ལྷ་མོ།:འདི་དག་ཚང་མ་ངས་ཚེ་ལོ་བསམ་པ་ཡིན། ངས་ཚེ་ལོ་དང་ཁྱོད་གཉིས་བསམ་པ་ཡིན། དྲང་མོ་བཤད་ན......༼   མོ་འཆར་ཡན་གྱི་ཀློང་དུ་འཐིམས།༽

S/20ཕྱིའི་བརྙན། རྟ་མགྲིན་སྐྱབས་ཀྱི་ངན་ཇུས། རི་ངོས། ཕྱི་དྲོ།

     སྒྲ་དབྱངས་ལྷ་མོས་པི་ཝང་རྒྱབ་ཏུ་ཁུར་ཏེ་ལུག་རྣམས་ཡུལ་དུ་འདེད་རྩིས་བྱས། མོས་གློ་བུར་དུ་མི་འགས་ཁ་བརྡ་བྱེད་བཞིན་ཡོད་པ་ཐོས། མོ་ག་ལེར་འཇབ་ནས་སོང་བ་མི་དེ་དག་ནི་རྟ་མགྲིན་སྐྱབས་སོགས་རེད།

     རྟ་མགྲིན་སྐྱབས།:སྤུན་ཟླ་རྣམ་པ། ཉིན་ལྔ་འགོར་རྗེས་བརྒྱད་པའི་ཚེས་པ་བཅོ་བརྒྱད་རེད། ཚེ་ལོ་ངེད་གཉིས་ཀྱིས་དཔའ་ཁེར་ཐུག་བྱེད་པའི་ཉིན་མོ་རེད། དེ་དུས་ང་རང་ཕམ་གཏན་ནས་མི་ཉན།

     རིན་ཆེན།:ཉིན་དེར་ངེད་སྤུན་ཟླ་རྣམས་དེའུ་འབུར་འདིའི་ཕག་ཏུ་ཡིབ་འདུག གལ་ཏེ་ཚེ་ལོ་ཁེར་བུ་ཡིན་ན་ཁོ་ལ་གྲི་ཡིས་འགའ་བཙུགས་ནས་བསྐྱུར་འཇོག གལ་ཏེ་ཁོས་གྲོགས་པོ་ཚེ་ཐར་ཁྲིད་ཡོད་ན་ང་ཚོས་ཁོ་གཉིས་ཀྱི་རྐང་བར་མདའ་ཡིས་རྒྱག དེ་ཐབས་བཀོད་འགྲིག་གམ།

      "འགྲིག་གི འགྲིག་གི"༼   ཚང་མས་མགྲིན་གཅིག་ཏུ་བཤད།༽

      སྒྲ་དབྱངས་ལྷ་མོ་བསམ་གཟས་ཏེ་ཁོ་ཚོའི་སྔོན་དུ་སོང་། རྟ་མགྲིན་སྐྱབས་ཀྱིས་སྒྲ་དབྱངས་ལྷ་མོ་མཐོང་བས་མོའི་གམ་དུ་རྒྱུགས། རྟ་མགྲིན་སྐྱབས་ཀྱིས་ཁོའི་མཛུབ་དཀྲིས་དེ་མོ་ལ་སྟེར་བ་ན། སྒྲ་དབྱངས་ལྷ་མོའི་གདོང་བ་འཛུམ་གྱིས་ཁེངས་བཞིན་མཛུབ་དཀྲིས་དེ་བླངས་ནས་མོའི་མཛུབ་མགོར་དཀྲིས། རྟ་མགྲིན་སྐྱབས་དགའ་སྤྲོ་ཚད་མེད་སྐྱེས།༼བཅོས་མའི་འཛུམ།༽

      སྒྲ་དབྱངས་ལྷ་མོ།:བྱིས་པ་འདིའི་ཕ་ངོ་མ་བོ་ཚེ་ལོ་ཡིན་པ་རྟ་མགྲིན་སྐྱབས་ཀྱིས་ཀྱང་ཤེས་པ་མ་རེད། ང་ལ་རེ་བ་ཞིག་ཡོད་པ་ནི་གསང་བ་འདི་སུའང་མི་བཤད་པར་མཁྱེན།༼མོ་གཞི་ནས་འཆར་ཡན་དང་ཕྱིར་དྲན་ལས་སད། མོའི་སེམས་ཀྱི་ཆུ་མིག་གདོང་བའི་ངོས་སུ་བཞུར་བྱུང་།༽

     ཚེ་ཐར།:འདི་ཁྱོད་ཀྱིས་ཅིག་ཉན་རོགས།༼ཚེ་ལོའི་སྒྲ་འབེབས་འཕྲུལ་ཆས་དེ་མོ་ལ་བསྲིངས།༽

S/21ཕྱིའི་བརྙན། སྒྲ་དབྱངས་ལྷ་མོས་སྤྱན་ཁྱབ། ཟམ་ཆེན་ཐོག ཉིན་མོ།

     སྒྲ་དབྱངས་ལྷ་མོས་ཚེ་ཐར་གྱི་ལག་གི་སྒྲ་འབེབས་འཕྲུལ་ཆས་བླངས་ཏེ་མོ་ཚེ་ཐར་དང་བྲལ། 

མོ་ཆུ་བོ་ལྷུང་ལྷུང་དུ་བཞུར་བའི་ཟམ་ཐོག་ཅིག་ཏུ་སོང་། མོས་ཟམ་པའི་འགྲམ་ལ་བསྙེས་ཏེ་ཚེ་ལོའི་སྒྲ་འབེབས་འཕྲུལ་ཆས་ནང་གི་ཁ་བརྡ་ལ་ཉན།

      ཚེ་ལོ།:ངའི་སྙིང་ཉེ་བའི་སྤུན་ཟླ་ཚེ་ཐར་ལགས། ཁྱོད་དང་སྒྲ་དབྱངས་ལྷ་མོ་གཉིས་ཀྱི་བར་ལ་བརྩེ་བ་ཆགས་འདུག དུང་བ་ཟབ་འདུག འདི་དག་ཚང་མ་ངས་མིག་མཐོང་ལག་ཟིན་དུ་གྱུར་བ་རེད། ངས་སྒྲ་དབྱངས་ལྷ་མོའི་དམར་ཆུང་བྱུ་རུ་དེ་ཁྱོའི་ལག་ཏུ་བཞག་པ་དེས་མོ་ང་ལ་མི་དབང་བ་གསལ་བོར་རྟོགས་སོང་། 

      སྔོན་ཆད་ངས་སྒྲ་དབྱངས་ལྷ་མོའི་དོན་དུ་མིག་ཆུ་བཏོན། གླུ་ཆུང་བླངས། མོའི་རྨི་ལམ་གྱི་མེ་ཏོག་ཁྲོད་དུ་ངའི་སེམས་ཀྱི་ཆུ་མིག་གཏོང་བ་སོགས་ང་རང་ནོར་བ་མ་ཡིན་ལ། དེ་ནི་སྒྲ་དབྱངས་ལྷ་མོ་ལན་པ་ཡང་མ་རེད། ད་རུང་འདི་ང་ཚོ་སུ་ཡང་ལན་པ་མ་རེད། འདི་ནི་བརྒྱུད་རིམ་ཞིག་རེད། འདི་ནི་བརྩེ་དུང་དང་ལས་དབང་གི་བརྒྱུད་རིམ་ཞིག་རེད། དེ་ཡིན་པས་ང་ཁྱོད་དང་སྒྲ་དབྱངས་ལྷ་མོ་གཉིས་ཀྱིས་སྟེང་ལ་སྡང་སེམས་མེད། འོན་ཀྱང་དེ་དགོང་ངས་རང་ཉིད་ཀྱི་སྤུན་ཟླ་དང་ཆུང་འདྲེས་བྱམས་པ་གཉིས་ཀྱི་དོན་དུ་ང་སེམས་ཐག་གཙང་བཅད་ཀྱིས་ས་མཐར་འགྲོ་རྒྱུ་ཡིན། ང་རྟ་མགྲིན་སྐྱབས་ལ་རྒྱལ་ཕམ་གྱི་དབྱེ་བ་མ་འབྱེད་སྔོན་ལ་ས་མཐར་འགྲོ་རྒྱུ་ཡིན། སེམས་བདེ་མོ་བྱོས། ཁྱོད་གཉིས་མི་ཚེར་བདེ་སྐྱིད་ལྡན་པར་སྨོན། ངས་ནམ་ཡང་ཁྱེད་གཉིས་བདེ་སྐྱིད་ཡོང་བར་སྨོན་ལམ་འདེབས། ང་ལ་རེ་བ་ཞིག་ཡོད་པ་ངའི་ཕ་མ་གཉིས་ཁྱེད་གཉིས་ལ་བཅོལ། ལྷག་པར་ཚེ་ཐར་ཁྱོད་ལ་བཅོལ་བ་ཡིན། ད་བདེ་མོ......༼   མོའི་མིག་མཐིའི་མཆི་མ་ཐིགས་པ་རེ་རེ་བཞིན་ཟམ་ཐོག་ཏུ་ལྷུང......༽

                              རྫོགས་སོ།།

                                                                               2017.2.26ཉིན།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གློག་བརྙན་གྱི་འཁྲབ་གཞུང་། སྒྲ་དབྱངས་ལྷ་མོའི་སྤྱན་ཆབ།

2017-04-28 རྔ་བ་ཚེ་རིང་སྐྱིད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།