དཀར་འཇམ་གྱི་རྩིག་པ།
ཨ་མ།
ངས་དཀར་འཇམ་གྱི་རྩིག་པ་མཐོང་བྱུང༌།
ཞོགས་པར།
ང་རང་ཁྲོམ་དུ་ལཱ་སྨྱུག་ཉོ་བར་ཕྱིན།
ལམ་ཁར་ལས་བཟོ་པ་ཞིག་གིས།
ནུས་ཤུགས་ཡོད་རྒུ་བཏོན་ནས།
ཧ་ཅང་རིང་བའི་རྩིག་ངོས་སུ་དཀར་རྩི་འབྱུག་བཞིན་གདའ།
ཁོ་ཕྱིར་འཁོར་ནས།
འཛུམ་དམུལ་ལེར་བདག་ལ།
"བྱིས་པ་ཆུང་ཆུང་ཚོར་ཤོད་ལ།
ད་ནས་བཟུང་རྩིག་ངོས་ལ་གང་བྱུང་མ་འབྲི"ཟེར
ཨ་མ།
ངས་དཀར་འཇམ་གྱི་རྩིག་པ་མཐོང་བྱུང༌།
འདིའི་སྟེང་དུ་དེ་སྔོན་འབག་བཙོག་དང༌།
དྲག་རྩུབ་ཀྱི་ཡིག་རིགས་འཁོད་ཨང༌།
ཨ་མ། ཁྱེད་རང་ངུས་མྱོང༌།
སྡུག་དམོད་ཀྱི་ལེ་ལན་དེ་དག་གི་ཕྱིར།
ཨ་ཕ་མེད་སོང༌།
གཏན་ནས་གཏན་དུ་བྲལ་སོང༌།
བདག་གི་བཏུང་བའི་འོ་མ་ལྟར་དཀར་ཅིང༌།
འོ་མ་ལས་དཀར་བའི་རྩིག་པ།
དུས་རྟག་པར་ངའི་རྨི་ལམ་ནང་འཚེར་ཅིང༌།
ས་གཞི་ཡི་སྒལ་ཚིགས་སྟེང་འགྲེང་ནས།
མིག་ཟུང་རུབ་པར་བྱེད་པའི་འོད་སྣང་འགྱེད།
ང་རང་དཀར་འཇམ་གྱི་རྩིག་པར་དགའ།
ངས་གཏན་དུ་རྩིག་ངོས་ལ་གང་བྱུང་འབྲི་བར་མི་བྱེད།
གཏན་ནས་མི་བྱེད།
ཨ་མ་ལྟར་དྲོ་ཞིང་གཡའ་དག་པའི་ནམ་མཁའ་ཡ།
ཁྱེད་ཀྱི་ཐོས་བྱུང་ངམ།
ཨ་མ།
ངས་དཀར་འཇམ་གྱི་རྩིག་པ་མཐོང་བྱུང༌།
(རོང་བོ་གངས་དཀར་གྱིས་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།