སྙན་ངག་པ་ཞི་ཁྲོན་དང་ཁོང་གི《གདུང་རབས་རྟོག་བཟོ་མ》
ཞི་ཁྲོན་ནི༡༩༦༣ལོའི་ཟླ༣པར་ཅང་སུའུ་ཞིང་ཆེན་ཞིའུ་ཀྲིག་གྲོང་ཁྱེར་དུ་འཁྲུངས་ཤིང༌། ༡༩༨༥ལོར་པེ་ཅིང་སློབ་ཆེན་གྱི་དབྱིན་ཡིག་སྡེ་ཁག་ནས་
སློབ་མཐར་ཕྱིན། སློབ་གྲྭ་ཆེན་མོ་ནས་བཟུང་སྙན་ངག་འབྲི་མགོ་བརྩམས་ཤིང༌། སྐབས་དེའི་རྒྱལ་ཡོངས་རང་བཞིན་གྱི་སྙན་ངག་ལས་འགུལ་ལ་ཞུགས།
ད་ལྟ་པེ་ཅིང་གྱི་སློབ་གྲྭ་ཆེན་མོ་ཞིག་གི་དགེ་རྒན་གྱི་ལས་ཀ་གཉེར་གྱིན་ཡོད། བརྩམས་ཆོས་ལ་སྙན་ངག་དེབ<<ཀྲུང་གོའི་རྒྱ་སེ་མེ་ཏོག>>(༡༩༩༡)དང༌།
<<མི་མངོན་པའི་འདུ་འཛོམས>>(༡༩༩༧)<<གདུང་རབས་རྟོག་བཟོ་མ>>(༡༩༩༧)<<ནང་དོན་ཕལ་ཆེར་གཅིག་འདྲ་རེད>>(༡༩༩༧)<<ཞི་ཁྲོན་
གྱི་སྙན་ངག་གཅེས་བཏུས>>(༡༩༩༧)དང༌། ལྷུག་རྩོམ་དེབ<<ཆུ་སྙིགས>>དང༌། <<འཁྱམ་ཉུལ་དང་ངེས་མེད་ཀྱི་ཁ་བརྡ་སྟེ། ཀྲུང་གོ་བ་ཞིག་གི་རྒྱ་གར་
གྱི་འགྲུལ་བཞུད>> འབོལ་རྩོམ་དེབ<<ངོ་གདོང་མི་མཐོང་བའི་མི་ལ་སྐད་ཆ་བཤད་དུ་ཆུགས>> དཔྱད་བརྗོད<<ཕྱི་གླིང་མིང་གྲགས་བརྩམས་ཆོས་དབུ་
འདོན་དེབ་ལས་སྙན་ངག་གི་བམ་པོ>>སོགས་ཡོད། གཞན་ཁོས་ཕང་ཏི་དང་པོར་ཧི་ཟི། པ་ཁི་ཟི་ཐི་སོགས་ཀྱི་བརྩམས་ཆོས་བསྒྱུར་གནང་མཛད་ཡོད་
ལ། <<ཧེ་ཙེའི་སྙན་ངག་དེབ>>དང༌། <<ཧེ་ཙེའི་སྙན་ངག་ཆ་ཚང་དེབ>>གཉིས་ཀྱང་བསྒྲིགས་ཡོད། ཁོ་ལ་སྔ་གཞུག་ཏུ<<ཟླ་བཅུ་བ>>དུས་དེབ་ཀྱི་
རྩོམ་རིག་བྱ་དགའ་དང༌། <<ཧྲང་ཧེ་རྩོམ་རིག>>དུས་དེབ་ཀྱི་བྱ་དགའ། <<མི་དམངས་རྩོམ་རིག>>དུས་དེབ་ཀྱི་བྱ་དགའ། དེང་རབས་རྒྱའི་སྙན་ངག་
གི་བྱ་དགའ་སོགས་ཐོབ་པ་དང༌། ༡༩༩༥ལོར་སྐབས་ཉེར་དྲུག་པའི་ཧི་ལན་ལུའུ་ཐི་ཏན་རྒྱལ་སྤྱིའི་སྙན་ངག་ཚོགས་འདུར་ཞུགས། བརྩམས་ཆོས་མང་པོ་
དབྱིན་ཇི་དང་ཕ་རན་སི། ཧི་ལན། སི་ཕེན། དབྱི་ཊ་ལི། འཇར་པན་སོགས་ཀྱི་སྐད་རིགས་སུ་བསྒྱུར་ཡོད།
༼གདུང་རབས་རྟོག་བཟོ་མ།༽
རྨི་ལམ་གྱི་ཚུལ་དུ། རྒྱལ་རབས་ཀྱི་ཚུལ་དུ།
དུས་ཚོད་བདག་གི་ལུས་པོ་བརྒལ་ནས་སོང༌།
དུས་ཚོད་ནི་འབར་ཞུན་སྒམ་གང་དང་འདྲ་བར།
མཚམས་རེར་གློ་བུར་ཏུ་ཚང་མ་མེ་རུ་འབར།
ངས་ནི་གཙང་བོ་ཞིག་ལ་མགོ་རྔ་མེད་པ་གསལ་བོར་མཐོང༌།
གློག་སྒྲོན་རེ་རེས། མུན་པའི་གཟུགས་རིས་ཡམ་ཡོམ་བྱེད་པའི
མཚོ་འགྲམ་གྱི་གྲོང་ཁྱེར་དག་གསལ་བར་བྱས།
ང་རང་མི་ཡུལ་དུ་སླེབས་པར་རྒྱུ་མཚན་འདྲ་ཡོད་ཁོ་ཐག་ཡིན།
བདག་གི་རྐང་ལག་ནི་སུ་ཡི་རྐང་ལག་ལ་བལྟས་ནས་བཟོས་པ་ཡིན་ནམ།
བྱེའུ་ཞིག་གིས་ང་རང་བྲག་རྡོ་ལ་རློམ་ནས། མགོ་ཐོག་ཏུ་བབས།
གལ་ཏེ་བདག་གིས་དེ་ཉིད་ཕར་བསྐྲད་ཚེ། སླར་ཡང་སུ་ཞིག་གི
མགོ་ཐོག་ཏུ་བབས་ཏེ། ཕྱིར་འཁོར་ནས་བདག་གི་འགྲོ་འདུག་ལ
ཞིབ་ལྟ་བྱེད་སྲིད་དམ།
གློག་སྒྲོན་རེ་རེས། མུན་པའི་གཟུགས་རིས་ཡམ་ཡོམ་བྱེད་པའི
མཚོ་འགྲམ་གྱི་གྲོང་ཁྱེར་དག་གསལ་བར་བྱས།
སྐད་ཆ་ལྡོམ་པོ་ཁ་ཤས་མཚན་མོའི་ལྷིང་འཇགས་ཀྱི་གསེབ་ལ་དུར་དུ་སྦས།
སྐྱེ་འཕེལ། སྐྱེ་འཕེལ། གདུང་རབས་མུ་རྒྱུན་མཐུད་དེ་བྲིས་ཤིང༌།
ཚེ་སྲོག་གི་ལྕགས་ཐག་གིས་ཤུ་སྒྲ་འབྱིན།
སུ་ཞིག་གིས་མཇུག་མཐའི་ལྷིང་འཇགས། དེ་ཡི་མཇུག་སྒྲིལ་བྱེད་དུ་བྱ།
བདག་གིས་གདོང་ཡོངས་གཉེར་མས་ཁེངས་པའི་ཕ་རྒན།
རིམ་བཞིན་རྒྱལ་ཁབ་འདི་དང་གཅིག་ཏུ་འདྲེས་བཞིན་པ་མཐོང༌།
ང་ཁོ་རང་མིན་པ་དངོས་གནས་བཤད་དཀའ། གཟབ་ནན་གྱི་གཤིས་ཀས།
ཁོའི་མི་ཚེ་གང་བོར་བར་ཆད་མེད་པ་བྱུང༌། ཁོ་ང་ཡི་ཚབ་ཏུ།
འཚོ་ཚིས་ལ་བྲེལ་ཞིང༌། ངོ་དགའ་ངོ་བསྟོད་ཀྱིས་སྡུག་པོ་མ་མཐོང་བའང
དངོས་གནས་བཤད་དཀའ།
ཁོས་བདག་གི་མེས་པོ་གླེང་བ་ཧ་ཅང་ཉུང༌། བདག་གི་རབ་རིབ་ཀྱི་དྲན་པར།
རྒན་པོ་ཞིག་དུ་བའི་ཁྲོད་དང་ཏིལ་མར་རྩ་ཆེན་གྱི་ནང་འདྲེན་ཁྲོད།
རྒྱང་རིང་གི་དབྱར་ཁའི་དུས་ཚིགས། རྒན་པོ་ཞིག་འདས་དོན་གྱིས་སུན་པོར་བཟོས།
ལོ་ངོ་སུམ་བརྒྱའི་ཡར་སྔོན་ལ་ནི་སྐྱེས་པ་འགས་ཆང་རག་ཚོད་མེད་ཅིག་འཐུང་ཤིང༌།
ལོ་ངོ་སུམ་སྟོང་གི་ཡར་སྔོན་ལ་ཁྱིམ་མི་འགའ་ཡིས་རྨོ་ལས་བྱེད།
རྒྱ་མཚོ་ཆེན་པོའི་ཆུ་ཐིགས་གཅིག་ནས་ཧྲན་ཏུང་གི་སྡེ་བ་ཆུང་ཆུང་ཞིག
ཅང་སུའུ་ཡི་རྒྱུ་འབྱོར་ཞན་ཙམ་ནས་དོ་ནུབ་ཀྱི་བདག་གི་སྟེགས་སྒྲོན།
མི་དེ་འདྲའི་མང་པོ་ཞིག་གསོན་ཡོད་དེ། ཡིག་རྨོངས་པ་དང་དཔེ་ཆ་བ།
ཇག་པ་དང་ཁེ་བདག་ཆུང་ཆུང༌། གཉེན་སྒྲིག་ཇི་ལྟ་བུ་ཞིག་གིས
ང་རང་སྤེལ་ཞིང༌། ང་རང་ཧན་རྒྱལ་རབས་ཀྱི་ཕོ་བྲང་ལ་འཁྱམས་མྱོང་ཡོད་དམ།
རལ་གྲིའི་མཚན་མོ་རེ་རེ་དང༌། འདྲེན་ཚོང་གི་མཚན་མོ་རེ་རེར།
འཆི་བས་ཀྱང་དབུགས་འཚང་བའི་སྐྱ་རེངས་འགོག་ཐབས་མ་བྱུང༌།
བདག་གིས་མེས་པོ་མང་པོའི་མིང་ལ་རྟོག་བཟོ་བྱས་ཏེ།
རེ་རེ་བྱས་ནས་བོས། ནམ་ཡང་སྒྲ་ཁ་ཤས་ཀྱིས
ཨ་ལན་སློག་གིན་པ་ཐོས་ཐུབ། འོན་ཀྱང་བདག་གིས
ཁོ་ཚོ་མཐོང་ཐབས་བྲལ་ལ། དེ་ནི་བདག་གིས་རང་ཉིད་ཀྱི་ངོ་གདོང
མཐོང་ཐབས་བྲལ་བ་དང་འདྲའོ།།
(ལྡོང་བུས་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།