ལྷ་གོང་མར་སྤྲིངས་པའི་འཕྲིན་ཡིག་ཅིག
ཀོང་སའི་རྒྱུད་ཀྱི་རི་སྒང་ཆུང་ཆུང་ཞིག་གི་སྟེང་དུ་ཁྱིམ་ཚང་ཞིག་བསྡད་ཡོད། རི་རྩེ་རུ་འགྲེང་ཚེ་རི་འདབས་ཀྱི་ཆུ་ཕྲན་
དང་ཕྱུགས་རའི་འགྲམ་གྱི་མ་རྨོས་ལོ་ཏོག་གི་ཞིང་ས་ཡང་གསལ་བོར་མཐོང་ཐུབ། མ་རྨོས་ལོ་ཏོག་གི་འབྲས་བུ་སྡུག་གུར་བཀྲ་ཞིང་
ཞིང་བར་དུ་བཏབ་པའི་སྲན་མའི་མེ་ཏོག་དག་ཀྱང་མཛེས་ཤིང་ཡིད་དུ་འོང་བས་ན། འདི་ནི་སོ་ནམ་པ་རྣམས་ཀྱིས་ཉིན་མཚན་
ཀུན་ཏུ་རེ་སྒུག་བྱེད་བཞིན་པའི་གཡུར་ཟའི་ལོ་ཏོག་ཆེན་པོ་ཞིག་གི་སྔ་ལྟས་རེད་ཨང༌།
སྐབས་དེར། ས་ཞིང་ལ་ཆེས་མཁོ་བ་ནི་ཆར་ཆུ་ལས་མ་འདས། ཆར་ཆེན་ཐེངས་ཤིག་འབབ་རྒྱུ་ནི་ཇི་འདྲའི་དགའ་འོས་པ་
ཞིག་རེད་ཨང༌། ཐ་ན་ཆར་བ་ཆུང་ཆུང་ཞིག་བབས་པས་ཀྱང་ལོ་ཏོག་གི་སྐོམ་གདུང་སེལ་ངེས། ཨ་ཁུ་ལེ་ཨིན་ཁི་ས་ཞིང་ལ་ཤ་ཚ་
མཁན་ཞིག་ཏུ་འདུག་པས། ཁོས་སྔ་དྲོའི་རིང་ལ་ལས་ཀ་ཚང་མ་ལས་མཚམས་བཞག་ནས་ནན་ཏན་སྒོས་ཤར་བྱང་མཚམས་ཀྱི་
མཁའ་མཐའི་སྤྲིན་གྱི་འགྱུར་ལྡོག་ལ་བློ་གཅིག་སེམས་གཅིག་གིས་ལྟ་ཞིབ་བྱེད་བཞིན་འདུག
“རྒན་མོ། ངས་བལྟས་ན་ད་ཐེངས་ཀྱི་ཆར་བ་འདི་འབབ་ཁོ་ཐག་རེད”
རྒན་མོས་ཟ་མ་གཡོ་སྐོལ་བྱེད་བཞིན་ཁོའི་ཚིག་སྣེར་མཐུད་དེ་“གལ་ཏེ་ཆར་བ་བབས་ཚེ། དེ་ནི་ལྷ་གོང་མས་དངོས་གྲུབ་
གནང་བ་རེད”ཟེར།
ན་ཅུང་ཆེ་བའི་བྱིས་པ་རྣམས་ཀྱིས་ཞིང་ནང་དུ་ངལ་རྩོལ་བྱེད་བཞིན་ཡོད་པ་དང༌། ལོ་ན་ཅུང་ཕྲ་བའི་བྱིས་པ་རྣམས་
ཁང་བའི་འགྲམ་ན་རྩེད་འཇོ་ལ་གཡེང་འདུག ཨ་ནེ་ལེ་ཨིན་ཁིས་མགྲིན་པ་གཟེངས་སུ་བཏེགས་ནས་བྱིས་པ་རྣམས་ལ་“ཟ་མ་
ཟ་རུ་ཤོག”ཅེས་སྐད་བརྒྱབ།
ཁུ་ལེ་ཨིན་ཁིས་ཚོད་དཔག་བྱས་པ་ནང་བཞིན་བཟའ་མི་གང་བོས་ཟ་མ་ཟ་བཞིན་པའི་སྒང་དེར། མཁའ་དབྱིངས་ཀྱི་
སྤྲིན་ནག་དེ་རི་བོ་ཆེན་པོ་ཞིག་ཐུར་དུ་འགྲིལ་བ་ལྟར་ཤར་བྱང་གི་མཚམས་ནས་ཐག་ཇེ་ཉེ་ནས་ཇེ་ཉེར་གྱུར་ཅིང༌། ཆར་རྡོག་རེ་
རེ་འབབ་མགོ་བརྩམས་པ་དང་མཉམ་དུ་མཁའ་དབུགས་ཀྱང་བརླན་གྱིས་བཟུང་སྟེ་བསིལ་ལྷང་ལྷང་དུ་གྱུར།
ཁུ་ལེ་ཨིན་ཁི་ཁང་བའི་ཕྱི་རོལ་དུ་བརྒྱུགས་ཤིང་ཕྱུགས་རའི་ནང་ལ་བསྐྱོད་དེ་ཅི་ཞིག་འཚོལ་བ་དང་འདྲ་མོད། དོན་དུ་
ཁོས་ཅི་ཡང་འཚོལ་བཞིན་མེད་པར་ཆར་བས་རང་ཉིད་ཡིད་ཚིམ་པ་ཞིག་བརླན་དུ་བཅུག་ནས་སྣང་བ་ཇེ་སྐྱིད་དུ་གཏོང་བ་
ལས་མ་འདས། ཁོ་ཕྱིར་ཁང་བའི་ནང་དུ་ལོག་རྗེས་སྐད་ཤུགས་ཆེན་པོས“གནམ་རྒན་མས་ང་ཚོར་ཕབ་པ་ནི་ཆར་བ་མ་ཡིན་
པར་སྒོར་རྡོག་གསར་བ་རྐྱང་རྐྱང་སྟེ། ཆེ་བ་ཟུར་གཅིག་ནས་ཆུང་བ་སྐར་ལྔ་ཅན་རེད་ཨང་……”ཟེར།
ཁུ་ལེ་ཨིན་ཁིའི་ཡིད་སེམས་སྤྲོ་བས་མྱོས་འདུག ཁོས་ཆར་ཆུས་བྲན་པའི་འབྲས་བུས་དུད་པའི་མ་རྨོས་ལོ་ཏོག་གི་གཞུང་
རྟ་སྦོམ་པོ་དེ་དང་ཁྲ་ལེམ་མེར་བཞད་ཡོད་པའི་སྲན་མའི་མེ་ཏོག་ལ་ཧྲིག་གེར་བལྟ་བཞིན་གདོང་ལ་ཡིད་ཚིམ་པའི་འཛུམ་ཞིག་
མངོན་འདུག……
གློ་བུར་དུ། དྲག་རླུང་འཚུབ་ནས་སེར་རྡོག་དང་ཆར་ཐིགས་འདྲེས་མ་བར་སྣང་ནས་དྲག་ཏུ་བབས་བྱུང༌། དཀར་ལམ་ལམ་
གྱི་སེར་རྡོག་རེ་རེ་གཅིག་རྗེས་གཉིས་མཐུད་དུ་འབབ་བཞིན་པ་ནི་དངོས་གནས་སྒོར་རྡོག་འབབ་པ་དང་ཀུན་ནས་མཚུངས།
བྱིས་པ་རྣམས་འཚང་ཁ་ཤིག་ཤིག་གིས་ཁང་བའི་ཕྱི་རོལ་དུ་བརྒྱུགས་འོངས་ཤིང༌། ཆར་བའི་ཀློང་ན་མུ་ཏིག་ལྟར་འོད་འཚེར་
བཞིན་པའི་སེར་རྡོག་དག་འཐུ་བཞིན་མཆིས།
ཁུ་ལེ་ཨིན་ཁིས་སེར་བ་ལ་ཅེར་བཞིན་རང་ཉིད་ལ་མི་ཞིག་གིས་འགྲམ་ལྕག་ཚ་ཐག་ཆོད་པ་གཞུས་པ་ལྟར་སྐད་ཤུགས་
ཆེན་པོས་“ཨ་ཧོ། མ་འགྲིག་ཐལ། སེར་བ་འདི་མུ་མཐུད་དུ་འབབ་མི་རུང་ཡ།”ཞེས་སྡུག་སྐད་ཤོར།
དེ་ལྟ་ནའང་། སེར་བ་མུ་མཐུད་དུ་བབས་ཏེ་ཆུ་ཚོད་གཅིག་ཙམ་གྱི་ཡུན་ལ་མཚམས་མ་བཞག་པས། ཁང་ཀླད་དང་ཚལ་
ཞིང༌། རི་ངོས་དང་ས་ཞིང་བཅས་ལྷག་ལུས་མེད་པར་གཡོགས་ཚར་ལ་ཀོང་ས་ཧྲིལ་བོ་ཚ་ཁུ་རིམ་པ་མཐུག་པོ་ཞིག་བཏིངས་པ་
ལྟར་དཀར་ཐིང་ཐིང་དུ་གྱུར། ཤིང་སྡོང་གི་ལོ་མ་རྣམས་སེར་བས་བརྡུངས་ནས་སྐྱ་ཐེར་ཐེར་དུ་སྣང་ལ། ཞིང་ནང་མ་རྨོས་ལོ་
ཏོག་དག་ཀྱང་འཕྲོ་བརླག་ཏུ་བཏང་འདུག་པས་ཨ་ཁུ་ལེ་ཨིན་ཁིའི་སེམས་སྐྱ་མོ་ཐང་ལ་ལྷུང་སོང༌། སེར་བ་འབབ་མཚམས་
ཆད་རྗེས་ཁོ་རང་མ་རྨོས་ལོ་ཏོག་གི་ས་ཞིང་ནང་ནས་ལངས་བསྡད་དེ་ཤུགས་རིང་ནར་ནར་འབྱིན་བཞིན་བྱིས་པ་རྣམས་ལ་
“གལ་ཏེ་ཆ་ག་པའི་གནོད་འཚེ་ཐེབས་པ་ཡིན་ནའང༌། ཚད་འདི་ལྟ་བུ་ཞིག་ལ་ལྷུང་མི་སྲིད……སེར་བ་འདིས་ལོ་ཏོག་བརྡུངས་
ནས་གཅིག་ཀྱང་བསྡུ་རྒྱུ་མི་འདུག ད་ནི་ང་ཚོར་མ་རྨོས་ལོ་ཏོག་རྡོག་གཅིག་གམ་ཡང་ན་སྲན་མ་རྡོག་གཅིག་ཀྱང་བསྡུ་རྒྱུ་མི་
འདུག……”ཟེར།
ས་ཡོངས་སུ་རུབ་སོང༌། འདི་ནི་མི་རྣམས་ཀྱི་ཡིད་སེམས་སྡུག་གིས་མནར་བའི་མཚན་མོ་ཞིག་རེད་ཨང༌།
དཀའ་ལས་དེ་འདྲ་བརྒྱབ་ཀྱང༌། འབྲུ་རིགས་རྡོག་གཅིག་ཀྱང་བསྡུ་རྒྱུ་མ་སོང་”
"སུ་ཞིག་གིས་ཀྱང་ང་ཚོར་རོགས་རམ་བྱེད་ཐབས་མི་འདུག”
“ད་ལོ་ལྟོགས་སྐོམ་མྱོང་རྒྱུར་སྒུག་སྡོད་པ་ལས་ཐབས་གཞན་མི་འདུག……”
ཀོང་སའི་རྒྱུད་ན་གྲོགས་མེད་ཁེར་རྐྱང་དུ་ལུས་ཡོད་པའི་ཁང་མིག་འདིའི་ནང་གི་མི་རྣམས་ཀྱི་སེམས་གཏིང་ན་ལུས་ཡོད་པའི་
རེ་བ་ཉག་གཅིག་ནི་ལྷ་གོང་མ་ལགས་ང་རང་སྐྱོབ་རོགས་གནོང་ཞེས་པ་དེ་རེད།
“བལྟས་ཡོང་ན་ལོ་ཏོག་གི་ཐད་ནས་རེ་བ་མེད་སོང༌། ཡིན་ནའང་ང་ཚོ་དེ་འདྲའི་ཕམ་དགོས་དོན་ཅི་ཡང་མེད།ལྷ་གོང་མས་
ང་ཚོ་ལྟོགས་ནས་འཆི་རུ་མི་འཇུག་པ་བརྗེད་མི་རུང”
“ཆོས་པ་རྣམས་ཀྱིས་མི་གཅིག་ཀྱང་ལྟོགས་ནས་འཆི་མི་སྲིད་ཅེས་བརྗོད་པ་མ་ཡིན་ནམ”
ལྷ་གོང་མ་ལ་སྐྱབས་འཇུག་ཞུས་ནས་ཅིས་ཀྱང་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་རྒྱུའི་རེ་བའི་མེ་ལྕེ་ཞིག་ཨ་ཁུ་ལེ་ཨིན་ཁིའི་སེམས་
གཏིང་ནས་ཞག་གང་བོར་འབར་བ་དང༌།
ཁོས་ཆོས་པའི་བཀའ་སློབ་ལས་རྟོགས་པ་ནི་ལྷ་གོང་མའི་སྤྱན་གྱིས་ཡོད་ཚད་ཀྱི་མཐིལ་རྟོགས་ཐུབ་པ་དང་མི་རྣམས་ཀྱི་སེམས་
ལ་ཅི་ཞིག་དྲན་བཞིན་པ་དེ་གསལ་བོར་མཁྱེན་ཐུབ་པ་དེ་རེད། ཨ་ཁུ་ལེ་ཨིན་ཁིའི་ལུས་ཕུང་ཧ་ཅང་དར་བས་ཞིང་ནང་དུ་ལས་
ཀ་ལས་དུས་གླང་རྒོད་ཇི་བཞིན་ཤེད་ཤུགས་ཧ་ཅང་ཆེ། ཁོ་རང་གཟུགས་སྟོབས་ཆེ་བའི་ཞིང་བ་དཀྱུས་མ་ཞིག་ཡིན་ནའང་ཡིག་
ངོ་ཅུང་ཟད་ཆོད་ཀྱི་ཡོད། གསོལ་མཆོད་གྱི་ཉིན་ལ་བསླེབས་པ་ན་ཁོ་རང་སྐྱ་མདའ་ཤར་མ་ཐག་ཡར་ལ་ལངས་ནས་གསོལ་
འདེབས་བྱས།
མི་མངོན་པའི་ཞིང་ན་ལྷ་ཞིག་གིས་ཁོ་ལ་སྲུང་སྐྱོབ་བྱེད་པར་ཡིད་ཆེས་བརྟན་པོ་ཡོད། དེའི་ཕྱིར་ཁོས་མྱུར་དུ་ལག་ལ་སྨྱུ་གུ་བཟུང་
སྟེ་འཕྲིན་ཡིག་འབྲི་མགོ་བརྩམས་པ་དང༌། ཁོ་རང་ཉིད་དངོས་སུ་གྲོང་ཁྱེར་གྱི་སྦྲག་སྲིད་ཁང་དུ་སོང་ནས་བསྐུར་རྒྱུར་གྲ་སྒྲིག་
བྱས། ཁོས་བྲིས་པའི་འཕྲིན་ཡིག་དེ་ནི་གཞན་གང་ཡང་མ་ཡིན་པར།དེ་ནི་ལྷ་གོང་མར་སྤྲིངས་པའི་འཕྲིན་ཡིག་ཅིག་སྟེ།
ཁོས་འབྲི་རྒྱུར་“ལྷ་གོང་མ་ལགས། གལ་ཏེ་སྐུ་ཉིད་ཀྱི་མ་བསྐྱབས་ན་ངེད་བཟའ་མི་གང་བོས་ད་ལོ་ལྟོགས་སྐོམ་མྱོང་རྒྱུ་རེད།
ཡང་བསྐྱར་ཞིང་ནང་དུ་ས་བོན་བཏབ་སྟེ་འཚོ་བའི་རྒྱུན་སྐྱོང་ཕྱིར་རམ། ཡང་ན་སེར་སྐྱོན་ཐེབས་པའི་ངེད་ཅག་ལ་བཟའ་འབྲུ་
དང་ས་བོན་ཉོ་སྤྱད་དུ་ཁྱེད་ནས་པེ་སོ་སྒོར་མོ་བརྒྱ་བསྐུར་རོགས……”
ཁོས་ཡིག་ཤུབས་ཀྱི་ངོས་ལ་ལྷ་གོང་མར་སྤྲོད་ཅེས་ཡིག་འབྲུ་བཞི་མ་གཏོགས་བྲིས་མི་འདུག ཁོས་འཕྲིན་ཡིག་དེ་ཡིག་ཤུབས་ཀྱི་
ནང་དུ་བཅུག་རྗེས་སེམས་བདེ་ལ་མི་བདེ་ངང་འཕྲིན་ཡིག་ཁྱེར་ནས་གྲོང་ཁྱེར་ལ་སོང༌། སྦྲག་སྲིད་ཁང་ལ་བསླེབས་རྗེས་ཁོས་
སྦྲག་རྟགས་ཤིག་ཉོས་ནས་ཡིག་ཤུབས་ཀྱི་ངོས་ལ་སྦྱར་ཏེ་འཕྲིན་ཡིག་ཡིག་སྒམ་གྱི་ནང་དུ་འཕངས།
སྦྲག་སྲིད་ཁང་ན་གླ་བ་ཞིག་ཡོད་པ་དེས་འཕྲིན་སྐྱེལ་བའི་བྱ་བའི་ཞོར་དུ་རྩག་རྩིག་གི་བྱ་བ་དག་ལས་བཞིན་ཡོད། ཁོས་ཡིག་སྒམ་
གྱི་ནང་ནས་ལྷ་གོང་མར་སྤྲིངས་པའི་འཕྲིན་ཡིག་དེ་བླངས་ནས་ལས་སྣེ་པའི་ལག་ལ་འཇོག་ཞོར་དགོད་ཁ་དབང་མེད་དུ་ཤོར་
སོང༌། ལྷ་གོང་མ་གང་དུ་བཞུགས་ཡོད་དམ། ཁོས་ལོ་ངོ་འདི་འདྲའི་མང་པོ་ཞིག་གི་རིང་ལ་འཕྲིན་སྐྱེལ་བའི་བྱ་བ་བསྒྲུབ་མྱོང་རུང༌།
ལྷ་གོང་མའི་བཞུགས་གནས་ཁ་བྱང་གཏན་ནས་ཐོས་མ་མྱོང་ཨང༌། ལས་སྣེ་པ་ནི་གཤིས་རྒྱུད་འཇམ་པའི་མི་ཚོན་པོ་ཞིག་ཡིན།
ཁོས་ཀྱང་འཕྲིན་ཡིག་དེ་མཐོང་མ་ཐག་དགོད་ཁ་དབང་མེད་དུ་ཤོར་སོང་ནའང༌། ཁོས་གདོང་གི་འཛུམ་མདངས་མྱུར་དུ་ཕྱིར་
བསྡུས་ནས་འཕྲིན་ཡིག་དེ་སྒྲོག་ཙེའི་ཐོག་ནས་སྒྲིག་སྒྲིག་ཅིག་བྱས་རྗེས་རྣམ་འགྱུར་གཟབ་ཐག་ཆོད་པས་“ཇི་འདྲའི་འགྱུར་
མེད་ཀྱི་དད་མོས་ཤིག་ཨང༌། ངའི་དད་མོས་ཀྱང་འཕྲིན་ཡིག་བསྐུར་མཁན་གྱི་མི་འདིའི་དད་མོས་ཇི་བཞིན་འགྱུར་མེད་བརྟན་
པོ་ཞིག་ཡིན་ན་ཅི་མ་རུང༌། ངས་ཀྱང་ཁོ་ཇི་བཞིན་ཡིད་ཆེས་ཀྱིས་ཁེངས་བཞིན་ལྷ་གོང་མ་དང་འབྲེལ་འདྲིས་བྱེད་པའི་བགྲོད་
ལམ་ཞིག་འབྱེད་འདོད་”ཅེས་སྨྲས།
ལྷ་གོང་མ་ལ་སྤྲིངས་པའི་འཕྲིན་ཡིག་དེ་ལྷ་གོང་མའི་ཕྱག་ཏུ་འབུལ་རྒྱུའི་ཐབས་ཤེས་མེད་ནའང༌། འཕྲིན་ཡིག་དེས་ལས་སྣེ་པ་དེ་
ལ་ཡིད་འགུལ་ཐེབས་སུ་བཅུག་པས།ཨ་ཁུ་ལེ་ཨིན་ཁིའི་རེ་བ་སྟོང་ཟད་དུ་མི་གཏོང་བའི་ཕྱིར་དུ་ཁོའི་སེམས་ལ་ཐབས་ཤེས་ཤིག་
དྲན་བྱུང་སྟེ། ལྷ་གོང་མའི་མཚན་སྤྱད་ནས་ཕྱིར་ཡིག་ལན་བསྐུར་རྒྱུ་བྱས་མོད། ཁོས་འཕྲིན་ཡིག་གི་ཁ་ཕྱེ་ནས་བལྟས་ཚེ། ཕྱིར་
འཕྲིན་ཡིག་དེ་ལ་ཡིག་ལན་བསྐུར་རྒྱུ་ནི་ཤོག་བུ་དང་སྣག་ཚ་ཅུང་ཟད་བརླགས་ནས་སྐད་ཆ་ཚིག་འགའ་ཡིས་ཐག་གིས་གཅོད་
ཐུབ་པའི་གནད་དོན་ཞིག་མིན་པ་གཞི་ནས་རྟོགས་སོང༌། ཡིན་ནའང་ལས་སྣེ་པ་དེ་ནི་བློ་བརྟན་འགྱུར་མེད་དང་ཁ་བཤད་དོན་
ལ་གནས་མཁན་ཞིག་ཡིན་པས། ཡིག་ལན་བསྐུར་རྒྱུ་ཞེས་བློ་ཐག་བཅད་པ་ལ་ཅིས་ཀྱང་ཡིག་ལན་བསྐུར་ངེས་པ་ཞིག་ཡིན་འདུག
ཁོས་གླ་བ་རྣམས་ལ་ཞལ་འདེབས་ཕུལ་དུ་བཅུག་པ་དང་རང་ཉིད་ནས་ཀྱང་གླ་ཕོགས་ལས་ཅུང་ཟད་ཕུལ་བ་ལས་གཞན་ཁོའི་
གྲོགས་པོ་ཁ་ཤས་ཀྱང་དགའ་དགའ་སྤྲོ་སྤྲོའི་ངང་རོགས་རམ་བྱས་པ་ན། ཁོས་ཁོ་ཚོར་བྱ་འགུལ་འདི་ཉིད་“ལྷ་གོང་མའི་བྱམས་
བརྩེ”མཚོན་པའི་བྱ་འགུལ་ཞིག་ཅེས་བརྗོད།
ལས་སྣེ་པ་དེས་པེ་སོ་སྒོར་མོ་༡༠༠ཇི་ལྟར་བསྡུས་ཀྱང་ཚགས་ཐུབ་པ་མ་བྱུང་བས། ཁོས་བསྐུར་རྒྱུའི་སྒོར་མོའི་གྲངས་ཀ་ལེ་ཨིན་
ཁི་ལ་དགོས་ངེས་ཀྱི་སྒོར་མོའི་ཕྱེད་ཀ་བརྒལ་བ་ཙམ་ཡོད་པ་དེ་ཡིག་ཤུབས་ཀྱི་ནང་དུ་བཅུག་ནས་བསྐུར་སའི་ས་གནས་དང་
རུས་མིང་སོགས་བཀོད་པ་མ་ཟད། འཕྲིན་ཡིག་ཅིག་ཀྱང་བྲིས།འཕྲིན་ཡིག་གི་ངོས་ལ་“ལྷ་གོང་མ”པའི་མིང་རྟགས་ཤིག་ལས་
ཅི་ཡང་མ་བྲིས།
སླར་ཡང་གསོལ་མཆོད་ཀྱི་ཉིན་མོར་བསླེབས་དུས་ཤིག་ལ་ཨ་ཁུ་ལེ་ཨིན་ཁིས་རང་ཉིད་ཀྱི་ཡིག་ལན་རྩད་གཅོད་བྱེད་ཆེད་སྔ་མོ་
ནས་སྦྲག་སྲིད་ཁང་དུ་བསླེབས་འདུག
ཁོ་ལ་འཕྲིན་ཡིག་སྟེར་མཁན་གྱི་མི་ནི་སྔ་མ་བཞིན་གླ་བ་དེ་རེད། ལས་སྣེ་པ་དེས་སྦྲག་སྲིད་ཁང་གི་སྒོ་འགྲམ་གྱི་རྡོ་སྐས་སྟེང་ན་
བལྟས་ཡོད་ཅིང་ཁོའི་ཡིད་སེམས་སྤྲོ་སྣང་གིས་བཟི་འདུག་སྟེ་དགེ་བའི་ལས་ཤིག་བསྒྲུབས་རྗེས་སྤྲོ་བ་མི་འཕེལ་བའི་མི་སུ་
ཞིག་ཡོད་དམ།
ཨ་ཁུ་ལེ་ཨིན་ཁིས་ལྷ་གོང་མས་ཁོ་ལ་བསྐུར་བའི་སྒོར་མོ་དེ་ལ་ཐེ་ཚོམ་སྤུ་ཙམ་ཡང་སྐྱེ་མི་སྲིད་པས། ཁོས་ཡིག་ཤུབས་ནང་གི་སྒོར་
མོ་བརྩེགས་མ་དེ་མཐོང་བའི་དུས་སུའང་གདོང་ན་ངོ་མཚར་བའི་རྣམ་འགྱུར་ཅི་ཡང་མི་འདུག ཁོས་སྒོར་མོ་ཡོད་ཚད་བརྩིས་
ཚར་རྗེས་གློ་བུར་དུ་ཁོང་ཁྲོ་ལངས་བྱུང༌། ལྷ་གོང་མ་ལའང་འཁྲུལ་བ་ཡོད་དམ། རང་ཉིད་ལ་མཁོ་བའི་སྒོར་མོ་འཕྲི་འཐེན་བྱས་
ཆོག་གམ། འདི་ནི་དཔེ་མི་སྲིད་པའི་བྱ་བ་ཞིག་རེད་ཨང༌། ཨ་ཁི་ལེ་ཨིན་ཁི་བྲེལ་མྱུར་གྱིས་ཁ་ཕྱིར་འཁོར་ནས་ཚོང་སྒྲོམ་གྱི་མདུན་
དུ་སོང་སྟེ་ཤོག་བུ་ཞིག་དང་སྣག་ཚ་ཅུང་ཟད་བསླངས་རྗེས་སྤྱི་སྤྱོད་ཡིག་འབྲི་སྒྲོག་ཙེའི་སྟེང་དུ་འཕྲིན་ཤོག་བཀྲམ་པ་དང་འཕྲིན་
ཡིག་འབྲི་མགོ་བརྩམས། ཁོས་སྨིན་མ་བསྡུས་ཤིང་བསམ་བློ་ཡང་ཡང་བཏང་ནའང་དོན་ལ་བློ་རྩེ་གཅིག་སྒྲིམ་གྱིས་མིང་ཚིག་ཁ་
ཤས་བཙལ་ནས་ཁོའི་སེམས་ཁོང་གི་ཞེ་སྡང་མཚོན་པ་ཙམ་ལས་མ་འདས།འཕྲིན་ཡིག་བྲིས་ཚར་རྗེས་ཁོ་རང་ཚོང་སྒྲོམ་གྱི་མདུན་
དུ་སོང་ནས་སྦྲག་རྟགས་ཤིག་ཉོས་ཏེ་ལྕེ་ལྡག་བྱས་ནས་མཆིལ་མ་ཅུང་ཙམ་བྱུགས་རྗེས་ཁུ་ཚུར་གནམ་ལ་འཕྱར་ནས་ཡིག་ཤུབས་
ཀྱི་སྟེང་ལ་ཞེ་སྡང་གིས་ཐེངས་ཤིག་གཞུས་པ་དང་མཉམ་དུ་སྦྲག་རྟགས་སྦྱར་ཟིན།
འཕྲིན་ཡིག་དེ་ཡིག་སྒམ་གྱི་ནང་དུ་འཕངས་མ་ཐག ལས་སྣེ་པ་དེ་ཕར་ལ་སོང་ནས་འཕྲིན་ཡིག་ཚུར་ལ་བླངས་བྱུང༌།
འཕྲིན་ཡིག་ཏུ་འདི་ལྟར་བྲིས་འདུག་སྟེ།
ལྷ་གོང་མ་ལགས།
ང་ལ་མཁོ་བའི་པེ་སོ་སྒོར་མོ་༧༠ལས་གྲངས་ཀ་ལྟར་ལག་ཏུ་འབྱོར་མ་བྱུང༌།ཁྱེད་ཀྱིས་ད་དུང་ང་ལ་སྒོར་མོ་༣༠བསྐུར་རོགས་
མཛོད།ང་ལ་ཤིན་ཏུ་མཁོ།ཐེངས་རྗེས་མར་བསྐུར་རྒྱུའི་སྒོར་མོ་དེ་སྦྲག་སྲིད་ཁང་བརྒྱུད་ནས་མི་བསྐུར་བར་མཁྱེན།སྦྲག་སྲིད་ཁང་
ནང་གི་མི་དེ་དག་ཚང་མ་ནི་ཇག་རྐུན་ཁོ་ན་རེད། ཁོ་ཚོའི་ཁྲོད་ན་མི་བཟང་བོ་གཅིག་ཀྱང་མི་འདུག
ཨེ་ལེན་ཁི་ནས།
(མར་ཁུ་རྒྱལ་མཚན་དང་མི་རྒོད་གཉིས་ཀྱིས་བསྒྱུར།)
རྩོམ་ཁུངས། ངེད་དྲ་བ།