བུ་མོར་ཕུལ་བ།
ཁྱོད་ནི་སྒོ་ལྟག་འགྲམ་འགྲེང་ནས། །
ང་ལ་བགྲེས་སོང་ཀའོ་རོད་ཅེས། །
མཐའ་གཅིག་དམོད་པ་འདི་ཅི་ཞིག །
བདག་གིས་ནང་ཟྭ་བརྒྱབ་ནས་ནི། །
ལྐོག་གི་གསེར་སྡེར་ཕྱིར་བཏོན་ཏེ། །
ཤུགས་ཀྱིས་གཅུན་པ་ཡིན་ནམ་ཅི། །
ང་ལ་ལོངས་སྤྱོད་འདོད་ཧམ་མེད། །
འབྱོར་བའི་འཁོས་ཀ་དེ་བས་ཆུང༌། །
ང་ཡིས་ནམ་མཁའི་རྒྱུ་སྐར་ཟུང༌། །
བརྐུས་ནས་ཁྱོད་ལ་མིག་འབྲས་སྦྱིན། །
མཚན་མོའི་སྨག་གི་གྲུ་སྣེ་ཞིག །
དྲལ་ནས་ཁྱོད་ཀྱི་སྐྲ་ཚོགས་བསྒོས། །
བཞིན་ལ་དཀར་མདངས་སྣོན་པའི་ཆེད། །
ཞོ་གསར་མ་ལ་སློང་མོ་བྱས། །
ཁྱོད་ནི་སྒོ་ལྟག་འགྲམ་འགྲེང་ནས། །
ང་ལ་བགྲེས་སོང་ཀའོ་རོད་ཅེས། །
གཞན་ཟེར་བཟླས་པ་ཙམ་མིན་པར། །
ང་ཡིས་ཁྱོད་ལ་ཉོས་པ་ཡི། །
གློ་སྨན་གཤེར་ཁུ་མངར་བོ་དང༌། །
ང་ཡི་གདོང་གི་ཤ་རྨེན་ལའང༌། །
དམོད་འདི་ཅི་ཞིག་ཆ་མ་འཚལ། །
(སངས་རྒྱས་ཀྱིས་བསྒྱུར)
རྩོམ་ཁུངས།