ཨ་མས་སྙིང་ནས་གདམས་པའི་གླུ།
ཀ
ང་རང་མི་ལུས་བླངས་པའི་འཇིག་རྟེན། །
དམ་པའི་ཆོས་ཀྱིས་སྐྱོང་བའི་ཞིང་ས། །
འོན་ཀྱང་ཡ་རབས་མི་ཡི་ཁྱིམ་སྒོར། །
གཤིན་འདྲེའི་ངུ་སྐད་རྒྱུན་པར་ཚོར་རོ། །
ཨ་མའི་རུམ་ལ་མགོ་བོ་བརྒྱབ་དུས། །
ལྷ་ཡུལ་ལས་ལྷག་སྐྱིད་སྣང་འཆར་ཡང༌། །
དྲིན་ཅན་མ་དེ་འོངས་པའི་ལམ་དུ། །
འཇིགས་སྐྱོབ་སྒྲོལ་མར་འོ་དོད་མ་ཆད། །
མགོ་བོ་ཨ་མའི་བྲང་ལ་གཏད་དེ། །
ཁུ་སིམ་ཁ་རླངས་ལྷོད་པོར་བརྔུབས་ཀྱང༌། །
ལག་པས་ནུ་སྟོང་འཕུར་བའི་མ་རྒན། །
འཁོར་བའི་སྡུག་བསྔལ་མིག་ཆུས་འཁྲུད་དོ། །
ཨ་མའི་སྙིང་གི་འཕར་སྒྲ་ཉན་ཚེ། །
རྒྱང་ནས་དཀྲོལ་བའི་ཌ་དྲིལ་སྒྲ་བཞིན། །
སྒྲ་དེ་སྙན་པའི་གདངས་སུ་འཕོས་ནས། །
མ་སྨིན་སྙིང་གི་དཀྱིལ་ནས་བརྡོལ་ལོ། །
ང་རྩེ་བཞིན་རྩེ་བཞིན་དགུང་ལ་འགྲོ ། །
ཕོ་ཆུང་འབྲུག་དང་ལྷན་དུ་རྩེ། །
ང་རྩེ་བཞིན་རྩ་བཞིན་རྫ་ལ་འགྲོ། །
འབྲོང་ཕྲུག་དག་དང་ལྷན་དུ་རྩེ། །
ཁ
ངའི་རྐང་གཉིས་ས་ལ་བབས་པའི་འཇིག་རྟེན། །
རི་མཐོན་པོས་གནམ་སྔོན་འདེགས་པའི་ས་ཆ། །
སྡུག་ཤུགས་རིང་ནར་ནར་འབྱིན་པའི་ཨ་མའི། །
ལུས་སྒུར་བོ་གྱེན་ལ་དགྱེ་བར་མི་ནུས། །
ངས་ཨ་མའི་ལག་པའི་ཕུ་རུང་འཐེན་ཚེ། །
སེར་གྱི་ལིའི་ཉི་ཟེར་ལག་པས་ཟིན་འདྲ། །
མ་དྲིན་ཅན་ང་ཡི་ལག་པ་བཟུང་དུས། །
མའི་རེ་ལྟོས་ཡོད་དགུ་ལག་ཏུ་ཆུད་འདྲ། །
ང་ཨ་མའི་རྒྱབ་ལ་འབྱར་བའི་ཚེ། །
སེང་དཀར་མོ་གངས་ནས་འགྱིང་བ་འདྲ། །
ངའི་ཨ་མས་ང་རང་འཁུར་བའི་ཚེ། །
ཚེ་གང་གི་ཁུར་པོ་འཁུར་བ་འདྲ། །
མ་དྲིན་མོའི་དྲོ་འཇམ་ལག་པའི་མཐིལ་དེ། །
ངའི་དར་འཁྱག་འདྲ་བའི་ཐོད་པར་གླན་ཚེ། །
མའི་ལུས་ཀྱི་ཤ་དྲོད་ཡོད་ཚད་བཏོན་ནས། །
ངའི་མིག་སྔར་བདེ་དྲོད་འོད་སྣང་སྤྲོས་འདྲ། །
ཡག་ག་ཡག་ག་དེ་རིང་ཡག །
དགུང་ཨ་སྔོན་དེ་རིང་ཤེལ་ལས་ཡག །
ཡག་ག་ཡག་ག་དེ་རིང་ཡག །
ས་སྐྱ་མོ་དེ་རིང་གཡང་དུ་ཆགས། །
ག
མ་དྲིན་མོས་ཁྱིམ་སྒོའི་ཕྱི་རུ་བསྐྱལ་ཚེ། །
མགོ་སྐར་ཆེན་ཟིལ་བ་འཛུམ་མེར་འཐོར་ཞིང༌། །
ནག་དོང་ངེ་ཕྱོགས་ཀུན་འཐིབས་པའི་སྨུག་པས། །
ཐང་ཡངས་པོར་བགྲོད་པའི་ལུང་འགག་བཅད་འདུག །
ང་མ་དང་བྲལ་ནས་ལམ་དུ་ཞུགས་ཚེ། །
སེར་ལམ་མེ་མེ་ཏོག་ལམ་ལ་ཁྱབ་སྙམ། །
སྤྱང་ལུག་ཁྱུར་རྒྱུགས་འདྲའི་ཁ་བ་བུ་ཡུག །
ང་ཞབས་མེད་དར་འོབས་གཏིང་དུ་བརྔུབས་སོང༌། །
བན་བུན་གྱི་སྣང་བར་ཨ་མས་ང་ལ། །
“རྒན་མོ་དང་བེའུ་ཁྲའི་གནའ་གཏམ”སྐྱོར་འདྲ། །
“བེའུ་ཁྲ་རིས་བདུད་མོས་ཉིན་ཟས་བརྒྱབ་སྟེ། །
མཚན་མོ་ཡང་རྒན་མོའི་དོན་སྙིང་བཟར་འོངས། །”
“སྐྱ་ཀ་དང་སྦལ་བ་ལྩི་རློན་རྡོ་རིལ། །
ཐབས་ཟད་ཀྱི་རྒན་མོའི་གྲོགས་སུ་ཐོབ་ནས། །
དེ་དག་གིས་བློ་དང་རོགས་རམ་བྱས་ནས། །
དམུ་རྩུབ་པའི་བདུད་མོ་མགོ་དགུ་བསད་དོ། །”
གཏམ་རྒྱུད་འདི་ལས་མི་ཚེ་སྐྱེལ་བ་ཡི། །
ཐབས་ཀྱི་མཆོག་ནི་འགོག་རྒོལ་ཡིན་པ་རྟོགས། །
ཞུམ་པའི་མཆི་མ་ཁོག་ཏུ་མིད་བྱས་ནས། །
གཉོམ་འཁུར་བཟོད་བསྲན་བྱས་ནས་ཅི་ལ་ཕན། །
དབྱར་གསུམ་ཚ་བའི་དུས་སུ་ནུར་བ་ཡི། །
འབུ་སྲིན་རོ་ལ་རྔམ་པ་དེ་དག་གིས། །
ཁྱོད་ཀྱི་ཤ་ཁྲག་རུས་པའི་ཕུང་བོ་དེ། །
དགུན་གསུམ་གྲང་བའི་བར་དུ་བསྐྱུར་མི་སྲིད། །
མི་ལུས་ཐོབ་ཚེ་བསྙེག་པའི་རིན་ཐང་ནི། །
ས་མཁྲེགས་བརྟོལ་ནས་འབུད་པའི་ས་བོན་བཞིན། །
སེམས་ཅན་ཀུན་གྱི་འདོད་དོན་ལོ་ཏོག་ཏུ། །
བསྒྱུར་ནས་སྐྱེད་བྱེད་ས་དེ་དོན་ཡོད་བྱ། །
སྙན་པའི་གླུ་དང་སྐྱིད་པའི་བྲོ། །
འཁྲབ་བཞིན་ཤར་མཚོའི་འགྲམ་དུ་སོང༌། །
འོད་སྟོང་འབར་བའི་ནོར་བུ་མཆོག །
བསུ་ཕྱིར་དཔལ་བེའུ་རེ་ཁཱ་བྲེས། །
གངས་ཀྱི་རི་བོའི་སུལ་དུ་འོངས། །
དྲིན་ཅན་ཨ་མའི་གྲིབ་བསིལ་དུ། །
ང་ཡིས་ཙན་དན་ལྗོན་པ་བཙུགས། །
ང
ང་ད་ཐེངས་རྨོངས་པའི་གཉིད་ལས་སད་དུས། །
ངའི་སྣང་ངོར་སྐྱ་མདའ་གཏོང་རན་ཐོན་སྙམ། །
དྲོད་ལྷོག་གེ་ཞོགས་ཀའི་ཟིལ་བ་ཐོར་བས། །
དབང་པོའི་སྒོ་སྡོམ་པའི་འཁྱག་དར་ཞུ་འོ། །
ང་ད་ཐེངས་ལམ་ལ་འབུད་པའི་སྐབས་སུ། །
དགུང་ཆུ་འཛིན་རིན་ཆེན་འོད་ཀྱིས་མཛེས་སོ། །
སེར་ལམ་མེ་མེ་ཏོག་གསེབ་ཏུ་བགྲོད་ཚེ། །
རི་དགུ་བརྩེགས་ཁུར་བོ་རྒྱབ་ནས་བླངས་འདྲ། །
གློ་བུར་དུ་དཔྱིད་ཀྱི་འཕར་རྩ་རྙེད་ཚེ། །
ཡ་ཆུང་ནང་ཀླུང་བརྒྱ་འུར་གྱིས་བརྡོལ་འདྲ། །
ངས་མགོ་བོ་བཀྱགས་ནས་གནམ་ལ་དྲིས་པ། །
འཁྲུལ་སྣང་ལ་ཨ་མས་དགེ་མཚན་བསྟན་ནམ། །
བཟོ་བ་རྣམས་རྨིག་ལྕགས་རྡུང་བའི་ཐོ་བ། །
ཞིང་པ་རྣམས་ནས་ཞིང་འབྲེག་པའི་ཟོར་བ། །
དར་མཚན་འདི་མཁས་དབང་གང་གི་རིག་འཕྲུལ། །
མཁའ་ཁྱབ་ཀྱི་རྒྱུ་སྐར་ས་ལ་དྲངས་སོ། །
“མདུན་དུ་སྐྱོད་མདུན་དུ་སྐྱོད་མདུན་དུ་སྐྱོད། །
རང་རེའི་དཔུང་སྡེ་ཉི་མའི་ཕྱོགས་ལ་སྐྱོད། །”
ཅེས་གླུ་སྐད་ཐོས་པས་ས་ལ་དྲིས་པ། །
ལོ་རྒྱུས་ད་ནས་རང་ལམ་ལ་འཁོར་རམ། །
རྣ་རྩ་ཡི་བུ་ཡུག་ཀླག་ཅོར་ཞི་ཞིང༌། །
མིག་ལམ་གྱི་ས་གཞིག་འཇའ་འོད་གང་སོང༌། །
སྐར་མ་ལྔའི་དར་མཚན་གཤོག་བརྐྱངས་ལྷ་བྱས། །
དཔྱིད་དཔལ་གྱི་དགེ་མཚན་ཚོན་མདངས་འགྲེམས་སོ། །
ཡག་ག་ཡག་ག་དེ་རིང་ཡག །
གནམ་སྔོན་པོ་སློང་བྱེད་བྱ་ཕོ་ཡག །
ཡག་ག་ཡག་ག་དེ་རིང་ཡག །
ས་ཆེན་པོ་གསལ་བྱེད་ཉི་མ་ཡག །
ཅ
འདི་ནས་སྣེ་བཟུང་རིང་དུ་བརྒྱངས་པའི་ལམ་ཆེན་དེ། །
གངས་དཀར་རླབས་ཕྲེང་མཁའ་ལ་འཕེན་པའི་ཆུ་ཀླུང་བཞིན། །
བདག་གི་རྫ་ཆུ་ཕྲ་མོའི་རྒྱུན་འདྲའི་གླུ་དབྱངས་འདི། །
གནམ་ས་རལ་སྙམ་བྱེད་པའི་རྒྱ་མཚོའི་འུར་སྒྲར་བསྲེས། །
ངེས་པར་ད་མཚམས་ཁོ་ནར་བདག་གི་ཚོར་སྣང་ལ། །
མི་ཡི་དབང་ཐང་བབས་ཆགས་གཟི་བརྗིད་འཕྲོ་བར་མཐོང༌། །
རེ་ལྟོས་མེར་གྱིས་གང་བའི་རྒྱ་མཚོ་ཆེན་པོ་དེས། །
འབྲུག་ལྟར་ལྡིར་བའི་གླུ་དབྱངས་ལེན་པའི་གོ་སྐབས་བྱིན། །
བྱ་རྒོད་རླུང་འཚུབ་དང་ནི་ཆུ་འཛིན་འཐུག་པོའི་གསེབ། །
འཕུར་ལ་དགའ་བ་སྟོབས་ལྡན་གཤོག་རྩལ་ངོམ་པ་མིན། །
དེ་ནི་ཁོ་བོར་སྙིང་སྟོབས་སྤོབས་པ་ལེགས་བསྐྱེད་ནས། །
མི་ཡི་དཔུང་བས་ཅི་ཙམ་འདེགས་བཟོད་དཔོག་པར་བསྐུལ། །
གངས་རི་དར་དང་ཁ་བའི་ཁྲོད་དུ་ལངས་པ་ཡང༌། །
དངུལ་གྱི་མདངས་འཛིན་སྦྲ་གུར་ངོམ་པ་མ་ཡིན་ཏེ། །
དེ་ནི་ཨ་མའི་མངགས་བཅོལ་དང་བླངས་ཁོ་བོ་ལ། །
དུང་ལྟར་འཚེར་བའི་གླུ་ཡི་མགྲིན་པ་སྟེར་བ་ལགས། །
བདག་ནི་གངས་རིའི་མགུལ་ནས་འོངས་པའི་གླུ་བ་སྟེ། །
དྲང་བདེན་གླུ་ཡི་ལེན་སྟངས་གང་ཡིན་བདག་གིས་ཤེས། །
ཁོང་ནས་ཕྱུང་བའི་དབྱངས་ཀྱི་འགུགས་འཁྱེར་ལེཊ་པའི་ཕྱིར། །
རྒྱུན་པར་ཨ་མའི་བྲང་གར་རྣ་བ་གཏད་ནས་ཉན། །
དེ་ནི་དབྱངས་ཀྱི་ཡོན་ཏན་ཀུན་འབྱུང་རྩ་གནད་དེ། །
དེ་ལས་རི་བོ་འབུམ་གྱི་གཏེར་བཅུད་བདག་ལ་ཐོབ། །
ལུས་ཀྱི་རྩ་ཀུན་ཁྱབ་པའི་ཁྲག་གི་རྒྱུན་ཇི་བཞིན། །
རྡུལ་གྱི་ཆ་རེར་མ་ཡི་ནུ་ཞོའི་བཅུད་ཀྱིས་གཏམས། །
བདག་གིས་གླུ་གར་བྱས་ཏེ་སྤང་ལྗོངས་ཆེར་ཕྱིན་ནས། །
ཨ་མས་བསླབས་པའི་གླུ་ཚིག་བློ་ལ་འཇགས་པར་བཟུང༌། །
སླར་ཡང་གླུ་གར་བྱས་ཏེ་དགུང་སྔོན་དབྱིངས་སུ་སོང༌། །
གཟའ་སྐར་རྣམས་ནི་ཕར་བསྐྱལ་འོད་སྟོང་ཚུར་ལ་བསུས། །
ཆ
མདུན་ལམ་མདའ་ལྟར་དྲང་ཞེས་གདེང་ཁེལ་བྱེད་དཀའ་སྟེ། །
སྐབས་འགར་ལ་ལུང་ཁུག་ཀྱོག་ཡང་ཡང་འགྲིམ་ཡང་སྲིད། །
རྩེ་གཅིག་རྒྱ་མཚོར་འབབ་པའི་ཆུ་ཀླུང་སྟོང་ཕྲག་དེའང༌། །
རི་ལུང་མང་པོ་བསྐོར་ནས་དལ་གྱིས་འབབ་པ་བཞིན། །
མདུན་ལམ་དེ་ཡང་གཅིག་ཏུ་བདེ་ཞིང་སྙོམས་མིན་ཕྱིར། །
སྐབས་འགར་རྐང་མགོ་བགྲོད་དཀའི་དཀན་གཟར་དག་ལའང་ཐུག །
གལ་ཏེ་ལམ་ནི་བདེ་ཞིང་སྙོམས་པར་ངེས་སྲིད་ན། །
ཨ་མས་འབད་པས་བདག་ལ་ལག་ཟུང་བསྐྲུན་དོན་ཅི། །
ངེད་ཅག་བརྒྱུད་ནས་འོངས་པའི་འགྲིམ་ལམ་དུ། །
དོན་མེད་ཉེས་ཆད་འོས་མེད་སྡུག་བསྔལ་མྱངས། །
མགར་བས་ལག་པ་གཡས་པའི་ཐོ་བ་ཡིས། །
རང་གི་ལག་གཡོན་བསྣུན་པའང་སྐབས་འགར་མཐོང༌། །
དེ་ལྟ་ན་ཡང་ཕྱིན་ཆད་འགྲིམ་ལམ་དུ། །
ཤ་རུས་རྐང་ལག་གཅེས་པར་འཛིན་དགོས་ཏེ། །
མཆུ་འཕིགས་མཆེ་བ་བབྲད་པའི་སོ་དེ་ཡིས། །
སྙིང་གཏམ་བཤད་པའི་ལྕེ་རྩེ་ལྡོད་མ་འཇུག །
ད་ནི་བདག་ཀྱང་བྱིས་པའི་བླུན་སྐྱོན་དག་དང་བྲལ་གྱུར་པས། །
ལམ་དུ་རྐང་ལག་ཕྱིད་པའི་གྲང་ངར་མེད་པར་ག་ལ་རློམ། །
འོན་ཀྱང་གནམ་མཚོ་ཕྱུག་མོའི་དར་དང་ཁ་བ་ཞུ་བར་རྩོམ། །
ངང་ངུར་ཁྱུ་ཚོགས་དབྱངས་སྙན་སྒྲོགས་པའི་མགྲིན་པའི་མདུད་པ་གྲོལ། །
འགྲིམ་ལམ་འདི་རུ་སྙན་འཇེབས་གླུ་ཡི་རོལ་མོའི་རྒྱུན་ནི་མ་ཆད་ན། །
བུ་དང་ཚ་བོས་རང་དགར་བཤའ་བའི་ཤ་སྐམ་དག་ཏུ་མི་འགྱུར་སྙམ། །
བདག་ནི་ཚེ་གང་རྩེ་གཅིག་ཡིད་ཀྱིས་རླབས་ཆེན་དོན་འདིར་མགྲིན་པ་འདེགས། །
མེ་ལྟར་དམར་བའི་ཉི་མའི་འོད་ཀྱིས་འཛམ་གླིང་ཁྱོན་ཀུན་ཁྱབ་པར་སྨོན། །
གངས་རིས་ཕྱག་ཟུང་བརྐྱངས་ཏེ་སྣང་བྱེད་རིན་ཆེན་བཏེཊ། །
ཡག་ག་ཡག་ག་དེ་རིང་ཡག །
ཨ་མས་རིན་ཆེན་སྣོད་དུ་སེང་གེའི་འོ་ཆང་བཙགས། །
ཇ
སྤྱི་གཙུག་གངས་རིའི་འོད་གསལ་རིན་ཆེན་རྒྱན་གྱིས་རབ་མཛེས་པས། །
སླར་ཡང་བར་སྣང་སྤྲིན་གྱིས་འཛིན་པར་ནམ་ཡང་སྐྲག་པ་མེད། །
རང་དང་རྒྱུ་སྐར་སྐྱ་རེངས་གྲོགས་སུ་བསྡེབས་པ་དེ་ཡི་ཕྱིར། །
སྙིང་གི་དབུས་སུ་མཚན་མོའི་གྲིབ་མ་གནས་པའི་གོ་སྐབས་བྲལ། །
ལག་ཟུང་ཨ་མའི་སེང་གེའི་འོ་ཆང་བཏེགས་པའི་ཚེ། །
སྙིང་གི་དཀྱིལ་དུ་འབྲུག་སྒྲ་འུར་འུར་སྒྲོགས་པ་བཞིན། །
བྲག་རི་དང་མཚུངས་བརྟན་བརླིང་སྙིང་སྟོབས་ལྡན་པ་དེ། །
སྙིང་རྗེའི་ཡུལ་གྱུར་ཞུམ་པའི་སེམས་དང་ཅི་ལ་འགྲོགས། །
ཨ་མའི་བཀའ་དྲིན་དྲན་ཏེ་ས་ལས་ལངས་པ་ན། །
ཆང་ལྟར་མངར་བའི་ཆུ་མིག་སྙིང་གི་ཁོང་ནས་བརྡོལ། །
རང་ཉིད་སྔོན་ཆད་འགྲིམ་པའི་ལམ་ནི་གར་ཁྱབ་ཏུ། །
གཞན་ཡིད་སིམ་པའི་བདུད་རྩིའི་གཟེགས་མ་གཏོར་བར་བྱས། །
བདག་གིས་ཨ་མའི་གླུ་དབྱངས་བླངས་ཏེ་ལམ་དུ་བསྐྱོད་པ་ན། །
འཇའ་ལྟར་མདངས་མཛེས་མེ་ཏོག་ཕོན་པོ་ལག་པའི་མཐིལ་དུ་བཞད།
རང་ཉིད་གོམ་པ་གར་སླེབས་ནོར་འཛིན་སྒེག་མོའི་འགྲམ་པ་ལ། །
དུས་བཞིར་འཆག་མེད་གཡུར་དུ་ཟ་བའི་འབྲས་ལྡན་ལྗོན་ཤིང་བཙུགས། །
བདག་གིས་རྟོགས་སོ་བློ་ཕུགས་གཏོད་ས་མེད་པའི་མི་སྐྱེས་དེ། །
ཉིན་མཚན་གོ་བཟློག་སྤྱོད་པའི་སྲིན་བྱ་འུག་པ་དག་དང་མཚུངས། །
རང་གི་སྙིང་ལ་བྱ་རྒྱལ་ཁྱུང་གི་གཤོག་ཟུང་མ་སྐྱེས་ན། །
ཆགས་ཐོགས་མེད་པར་རི་རྩེ་མཐོན་པོ་བརྒལ་བར་ག་ལ་ནུས། །
བདག་གིས་རྟོགས་སོ་འཚོ་བའི་འདུན་མར་ཡིད་ཆེས་བྲལ་བའི་མི། །
འགྲོ་ཐབས་འདུག་ཐབས་བྱེད་པས་ཚེ་སྐྱེལ་ཆར་སྡོད་བྱེའུ་བཞིན། །
རང་གི་སྙིང་ཁོང་ཁུ་བྱུག་ལྟ་བུའི་དབྱངས་ཀྱི་རྩལ་མེད་ན། །
ལོ་རེ་བཞིན་དུ་དཔྱིད་ཀྱི་མཛེས་སྡུག་འགུགས་པར་ག་ལ་ནུས། །
མེ་ཏོག་ལྟེ་བར་འཁྱིལ་བའི་བཅུད་ མཆོག་ལོངས་སུ་སྤྱོད་འདོད་ན། །
ལག་པ་འབིགས་པའི་སེ་བའི་ཚེར་མར་སྐྲག་པ་ག་ལ་རུང༌། །
ཨ་མའི་སེམས་ཀྱི་གདུང་བའི་དྲི་མ་དག་པར་བཀྲུ་བའི་ཕྱིར། །
བདག་ནི་མདའ་རྣོན་འཆང་བའི་བུང་བ་གྲོགས་སུ་སྡེབ་པར་འདོད། །
འཇའ་ཚོན་ཞགས་རིང་འཕངས་ནས་རེ་བའི་རི་དྭགས་རྔོན་བྱེད་ན། །
གཉིད་དུ་ཤོར་སྐབས་རྐང་རྗེས་འདེད་པའི་ཁྱི་གུར་ཅི་ལ་སྐྲག །
དྲིན་ཅན་ཨ་མས་རིང་ནས་མོས་པའི་འདོད་དོན་འགྲུབ་པའི་ཕྱིར། །
བདག་གི་ཤ་ཁྲག་ཕུང་བོ་འདོམ་གང་འདི་ཡང་སྤོང་བར་ནུས། །
གསོམ་ཤུག་ལྗོན་པས་གྲང་ངར་ལྷགས་པ་ལྡང་བའི་དགུན་ནག་ཐུབ་པ་དེ། །
རང་བྱུང་ཁམས་ཀྱིས་དུས་བཞི་སྔོ་བའི་རང་གཤིས་བཟང་པོ་བསྐྲུན་ལས་བྱུང༌། །
རྒྱ་མཚོ་ཆེན་པོ་བསྲུབས་ནས་གཙང་ཞིང་དྲི་མེད་མར་གསར་བླངས་པ་ལས། །
ཨ་མའི་སྙིང་རྩེར་སྦར་བའི་དངུལ་གྱི་ཚེ་འབར་མེར་གྱིས་བཀང་བར་བྱ། །
གངས་ཀྱི་ལྷུན་པོ་ཤེལ་དཀར་ཕུང་བོ་གྱེན་དུ་འགྲེང་བྱས་ནས། །
བདག་ལ་འོད་དཀར་སྤྲོ་བའི་མདུན་ལམ་མཆོག་དེ་འདིང་བ་དང༌། །
ཨ་མས་དགེ་མཚན་སྩོལ་བའི་ཤིས་ཚིག་དབྱངས་སུ་གྱེར་བ་ཡིས། །
ཚེ་གང་ལུས་གནས་རྣམ་ཤེས་མཛེས་སྡུག་བྱད་ཉམས་ཐོན་པར་མཛོད། །
བདག་ནི་གླུ་གར་བྱས་ཏེ་དགུང་སྔོན་དབྱིངས་སུ་ཕྱིན། །
གཏོང་ཕོད་ལྡན་པའི་སྔོ་བསངས་མ་ལས་ལེགས་སྐྱེས་བསླངས། །
གལ་ཏེ་རླབས་ཆེན་གནམ་སྔོན་འདུ་ཤེས་ཡོད་བདེན་ན། །
བདག་ལ་རྟ་ལྗང་བདུན་གཡོར་འོད་སྟོང་འདྲེན་པར་བྱ། །
(དོར་ཞི་གདོང་དྲུག་སྙེམས་བློས་བསྒྱུར)
རྩོམ་ཁུངས།