ཉི་མ་དང་རི་སྐྱེས་མེ་ཏོག
—APལ་ཕུལ།
ཉི་མ་ནི་ཁོ་རང་ཉིད་ཀྱི་མགོ་བོ་དང༌།
རི་སྐྱེས་མེ་ཏོག་ནི་ཁོ་མོ་ཉིད་ཀྱི་སྙན་ངག་ལགས།
བདག་གིས་ཁྱོད་ལ།
ཁྱོད་ཀྱི་ཨ་མ་ང་ཡི་ཨ་མ་དང་མི་མཚུངས་བར་བཤད།
ཟླ་འོད་གསལ་ཞིང་འཚེར་བའི་འོག་ཏུ།
ཁྱོད་ཀྱི་ཨ་མ་ནི་སྲེའུ་དང༌།
ང་ཡི་ཨ་མ་ནི་ཁྲག་དང་མིག་ཆུ་ལགས།
བདག་གིས་ཨ་སྔོན་དབྱིངས་སུ།
ཟླ་བ་ལགས། ཁོ་མོ་ནི་ཁྱོད་ཀྱི་སླེ་བོའི་ཁྲོད་ཀྱི་དངས་གཙང་གི་ཟིལ་ཐིགས་དང༌།
ཉི་མ་ལགས། ང་ནི་ཁྱོད་ཀྱི་ར་སྐོར་དུ་སྨྱོ་ཧམ་གྱིས་འབར་བཞིན་པའི་རྣོ་ལྕགས་ལགས་ཅེས་བརྗོད།
ཉི་མ་ནི་ཁོ་རང་ཉིད་ཀྱི་མགོ་བོ་དང༌།
རི་སྐྱེས་མེ་ཏོག་ནི་ཁོ་མོ་ཉིད་ཀྱི་སྙན་ངག་ལགས།
རྒས་ཤིང་འཁོགས་པའི་ཡོ་འབོག་གི་སྡོང་བོའི་འོག་ཏུ།
བདེ་ཐང་དུ།
བདག་གི་རུས་རྐང་བཞུར་ནས་སོང༌།
རྔོན་པ་བཟའ་ཟླ་གཉིས་ཀྱི་སྤྱན་ལམ་དུ། རི་ཁྲོད་དུ།
རང་དབང་གི་བམ་རོ་དེ།
གང་ལ་བཞུར་ནས་འགྲོ།
ཨ་མ་གཉིས་ཀྱིས་གནས་མི་འདྲ་བའི་ས་རུ་ང་རང་རྨི་ལམ་དུ་རྨི་བཞིན་ཡོད།
བུ་མོ་གཉིས་ཀྱང་གནས་མི་འདྲ་བའི་ས་རུ་ཨ་མ་རུ་གྱུར་སོང༌།
ཞིང་ཐང་ལ་ད་དུང་ལུག་མཉེ་ཡོད་ལ། ནམ་མཁའ་རུ་ད་དུང་འདབ་ཆགས་ཀྱི་ཁྱུ་ཚོགས་ཡོད་ཅིང༌།
ཁྱོད་ལ་ད་དུང་གཞུ་ཆེན་པོ་ཞིག་དང་མདའ་མོ་ཁུག་མ་གང་ཡོད་དུས།
བརྗེད་འོས་པ་སྔར་ནས་བརྗེད་ཟིན་ལ།
བསྐྱུར་འོས་པའང་སྔར་ནས་བསྐྱུར་ཟིན།
ཉི་མ་ནི་ཁོ་རང་ཉིད་ཀྱི་མགོ་བོ་དང༌།
རི་སྐྱེས་མེ་ཏོག་ནི་ཁོ་མོ་ཉིད་ཀྱི་སྙན་ངག་ལགས།
རྟག་ཏུ་ཟླ་བོ་མེད་པའི་ཉིན་མོ་ཡོད།
རྟག་ཏུ་སྡུག་བསྔལ་གྱི་ཉིན་མོ་ཡོད།
རྟག་ཏུ་ཁེར་རྐྱང་གི་ཉིན་མོ་ཡོད།
རྟག་ཏུ་བདེ་སྐྱིད་ཀྱི་ཉིན་མོ་ཡོད།
དེ་ནས་སླར་ཡང་ཁེར་རྐྱང་གི་གནས་སུ་ལྷུང༌།
སུ་ཞིག་གིས་ཁྱོད་ལ་འདི་ལྟར་བརྗོད་མྱོང་སྟེ།
ང་ལ་ཁས་ལེན་པར་ཞུ།
ཁྱོད་ཀྱིས་སྡུག་བསྔལ་ལ་ཨམ་གཙིགས་བསྡམས་ནས།
སྐད་ཆ་ཚིག་གཅིག་ཀྱང་མེད་པར།
གྲོང་ཁྱེར་ཧྲིལ་བོ་འདི་བརྒྱུད་དགོས།
རྒྱང་རིང་ནས་ཆས་འོངས་ཏེ།
ཁོ་ལ་ལྟ་རུ་འགྲོ་བར་བྱ། ཧེ་ཙི་ལ་ལྟ་རུ་འགྲོ་བར་བྱ།
ཁོ་ནི་སྔར་ལས་སྡུག་བསྔལ་གྱིས།
ཁེར་རྐྱང་དང་རེ་ཐག་ཆད་པའི་སྙན་ངག་ཅིག་འབྲི་བཞིན་ཡོད།
འཆི་བའི་སྙན་ངག་ཅིག
ཁོས་འབྲི་རྒྱུར།
བདེ་ཐང་དུ།
བདག་གི་རུས་རྐང་བཞུར་ནས་སོང༌།
མཐོ་སྒང་གི་མིས་ཡོ་འབོག་གི་སྡོང་བོའི་འོག་ངལ་གསོ་དུས་དང༌།
རྔོན་པ་དང་ལྷ་ཚོགས།
ཡར་ལངས་པའམ་མར་ཙོག་པུར་བསྡད་ནས།
ལན་རེར་ཕན་ཚུན་ལ་མིག་ཟུང་ཅེར་ཤིང༌། ལན་རེར་བརྗེད་ངེས་ཀྱིས་འཁྲིད་དུས།
ནོར་ལུག་དང་ནོར་ལུག་ཁྱུ་བྱས་ཏེ་རྩ་ཐང་དུ་འཚོ་དུས།
གཡང་གཟར་ཞིག་ཏུ།
ལུག་རྫི་གཡང་ལ་འགྲེད་ཅིང༌། དཔྲལ་བ་རུ་ཁྲག་དམར་བརྡོལ་བ་མཐོང༌།
ད་ནི་ཁོ་རང་དངོས་གནས་སྐྱོབ་ཐབས་མ་བྱུང༌།
ཁོས་འབྲི་རྒྱུར།
བདེ་ཐང་དུ།
བདག་གི་རུས་རྐང་བཞུར་ནས་སོང༌།
སྐབས་འདིར། ཁྱོད་རང༌།
ཁོ་ལ་བལྟ་རུ་འགྲོ་བར་བྱ།
ང་ལ་ཁས་ལེན་པར་ཞུ།
ཁྱོད་ཀྱིས་སྡུག་བསྔལ་ལ་ཨམ་གཙིགས་བསྡམས་ནས།
སྐད་ཆ་ཚིག་གཅིག་ཀྱང་མེད་པར།
གྲོང་ཁྱེར་ཧྲིལ་བོ་འདི་བརྒྱུད་དགོས།
ལུག་རྫི་དེའང༌།
ཁྱོད་ཀྱིས་སྐྱོབ་པར་ངེས་ཡང་སྲིད་ལ།
ལ་སྒྲོན་དམར་པོ་ཆེན་པོ་གཉིས་ཀྱི་འོག་ཏུ།
ལྷན་ཅིག་གཉེན་ལ་བསྡེབས་ཡང་སྲིད།
སྐབས་འདིར་ཁོ་རང་ང་ལ་འགྱུར་ཟིན།
ངས་ནི་རང་གི་བྲང་གཞུང་དུ་བདེ་སྐྱིད་ཐམས་ཅད་བཙལ་ནས་རྙེད་ངེས།
དངུལ་ཁུག་དམར་པོ་དང་ལུག་གི་ར་ཅོ། སྦྲང་ཚང༌། མཆུ་སྒྲོས།
གཞན་ཡང་ལུ་གུ་དཀར་དཀར་གཉིས་དང་འདྲ་བའི་མྱོས་བུམ་ཟུང༌།
ངས་ནི་ཁྱོད་ལ་སྙན་ངག་ཀློག་པར་བྱ།
ཉི་མ་ནི་ཁོ་རང་ཉིད་ཀྱི་མགོ་བོ་དང༌།
རི་སྐྱེས་མེ་ཏོག་ནི་ཁོ་མོ་ཉིད་ཀྱི་སྙན་ངག་ལགས།
དུས་སྐབས་དེ་དང་མཚན་མོ་དེ་ལ་ཐོན་དུས།
སླར་ཡང་སྐད་ཆ་བརྗེས་ནས་བཤད་ནའང་ཆོག་སྟེ།
ཉི་མ་ནི་རི་སྐྱེས་མེ་ཏོག་གི་མགོ་བོ་དང༌།
རི་སྐྱེས་མེ་ཏོག་ནི་ཉི་མ་ཡི་སྙན་ངག་ལགས།
ཁོ་ཚོ་ལ་སེམས་པ་གཅིག་མ་གཏོགས་མེད།
ཁོ་ཚོ་ལ་སེམས་པ་གཅིག་མ་གཏོགས་མེད།
1988.5.16མཚན་མོར།
(ལྡོང་བུས་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།