ཉི་ཡིག་ནས་བསྒྱུར་བའི་བརྩམས་སྒྲུང་། སྐུ་སྲས། ༢
རྒན་མོ་ཁཱེ་ཡོ་ཡིས་ང་ལ་དངོས་པོ་སྟེར་པའི་སྐབས་ནི་ཏག་ཏག་ཨ་ཕ་དང་གཅེན་པོ་མེད་པའི་དུས་ཁོ་ན་ཡིན། ང་རང་ཆེས་མི་དགའ་ནི་མི་གཞན་ལ་གསང་སྟེ་རང་ཁོ་ནར་ཕན་འདོགས་པ་དེ་ཡིན། ང་དང་གཅེན་པོ་གཉིས་ཀྱི་འབྲེལ་བ་མི་ལེགས་པ་སྨོས་མ་དགོས་མོད། འོན་ཀྱང་གཅེན་པོ་ལ་གསང་སྟེ་ཁྰེ་ཡོ་ལས་ཀ་ར་དང་ ཚོན་ཅན་ཞ་སྨྱུག་ཚོ་སོགས་ལེན་འདོད་མེད། “ཅི་ཞིག་ལ་ང་རང་གཅིག་པུར་བྱིན་ཏེ་གཅེན་པོར་མི་སྟེར་པ་ཡིན་ནམ”ཞེས་རྒན་མོ་ཁྰེ་ཡོ་ལ་དྲིས་མྱོང་ལ། དེའི་ཚེ་རྒན་མོ་ཁྰེ་ཡོ་ཡིས་ཅི་མི་སྙམ་པའི་སྒོ་ནས་”གཅེན་པོ་ལ་ཨ་ཕས་ཉོས་ནས་སྟེར་གྱིན་བས་སྐྱོན་མེད་དོ་”ཞེས་སྨྲའོ། དེ་འདྲ་ཞིག་ཡིན་མི་སྲིད་དེ། ཨ་ཕ་ནི་མི་ཨུ་ཚུགས་ཅན་ཞིག་ཡིན་ཀྱང་དེ་འདྲ་ཕྱོགས་ཞེན་ཆེ་བའི་སྐྱེས་བུ་ཞིག་ཡིན་མི་སྲིད་བསམ་མོད། འོན་ཀྱང་རྒན་མོ་ ཁྰེ་ཡོ་ཡི་མིག་མདངས་ལ་བལྟས་ན། དེ་ལྟར་འདོད་ཀྱིན་ཡོད་པ་འདྲ་ཞིང་། བརྩེ་ཞེན་རག་མ་མྱོངས་པ་ཁོ་ཐག་རེད། སྔོན་ཆད་ཁྱིམ་རྒྱུད་ཆེན་པོ་ཞིག་གི་མི་ཡིན་ཀྱང་སློབ་གསོ་མྱངས་མ་མྱོང་བས་རྒན་མོ་ཞིག་ཡིན་པས་ཁག་མི་འདུག དོན་དེ་ཁོ་ན་མ་རེད། མི་རྣམས་ལ་མཚོན་ན་གཅེས་ལང་དུ་གཏོང་བ་ནི་སྐྱི་གཡའ་བའི་དོན་དག་ཅིག་རེད་དེ། རྒན་མོ་ ཁྰེ་ཡོ་ཡིས་ང་རིམ་བཞིན་འཚར་ལོངས་བྱུང་སྟེ་སྐྱེས་བུ་ཡ་རབས་ཤིག་ཏུ་འགྱུར་ངེས་པར་ཡིད་ཆེས་བརྟན་པོ་བཅིངས་ཡོད་ལ། སློབ་སྦྱོང་ལ་དགའ་བའི་གཅེན་པོ་ནི་ཁ་ངོ་དཀར་བ་ཙམ་མ་གཏོགས་མི་ནུས་པ་ཅན་ཞིག་ཏུ་མི་འགྱུར་ཞེས་རྒན་མོ་ཁྰེ་ཡོ་ཡིས་རང་གཅིག་པུས་ཐག་གཅོད་བྱས་ཡོད། འདི་ལྟ་བུའི་རྒན་མོ་ལ་འཕྲད་ན་དངོས་ནས་ཐབས་བཀོད་མེད་དེ། རང་ཉིད་དགའ་བའི་མི་ནི་ཅིས་ཀྱང་རླབས་ཆེན་ཞིག་ཏུ་འགྱུར་བ་དང་། རང་ཉིད་མི་དགའ་བའི་མི་ནི་ཅིས་ཀྱང་ཕོངས་པར་འགྱུར་བར་ཡིད་ཆེས་བརྟན་པོ་བཅིངས་ཡོད་པ་རེད། ང་རང་དེའི་སྐབས་ནས་བཟུང་། ཁྱད་པར་ཅན་ཞིག་ཏུ་འགྱུར་བར་བྱའོ་ཞེས་པའི་འདུན་པ་ཅི་ཡང་མེད་མོད། འོན་ཀྱང་རྒན་མོ་ ཁྰེ་ཡོ ་ཡིས་ཁྱད་པར་པ་ཞིག་ཏུ་འགྱུར་ངེས། འགྱུར་ངེས་ཞེས་ཡང་དང་བསྐྱར་དུ་སྨྲས་པའི་རྐྱེན་གྱིས་དངོས་ནས་ཅི་ཞིག་ཏུ་འགྱུར་ནུས་སམ་ཞེས་བསམས་མྱོང་། ད་ལྟ་ཕྱིར་དྲན་བྱས་ཚེ་དངོས་གནས་ཡིད་ཕངས་པ་ཞིག་རེད། ནམ་ཞིག་གི་ཚེ་རྒན་མོ་ཁེ་ཡོ་ལ་”ཅི་ཞིག་ཏུ་འགྱུར་ནུས་སམ་”ཞེས་དྲིས་ཏེ་ཚོད་བགམ་ཡང་བྱས་མྱོང་། ཡིན་ནའང་རྒན་མོ་ ཁྰེ་ཡོ་ལའང་ཁྱད་པར་བའི་དྲན་ཕྱོགས་ཞིག་མེད་པ་འདྲ་ཞིང་། ཕལ་ཆེར་”མིས་འདྲུད་ཤིང་རྟར་བསྡད་དེ་སྒོ་ཁྱམས་ཆེན་པོ་ཡོད་པའི་ཁྱིམ་ལ་ལོག་པ་ཞིག་ཡིན་ངེས”ཞེས་སྨྲས་སོ། དེའི་རྗེས་སུ་རྒན་མོ་ཁྰེ་ཡོ་ཡིས་ང་རང་ནར་སོན་ནས་རང་ཚུགས་ཐུབ་པར་གྱུར་ཚེ། ཁོ་མོ་ཡང་ང་དང་མཉམ་དུ་འདུག་འདོད་བཞིན་ཡོད། “དེའི་ཚེ་ཁོ་མོའང་ཁྲིད་རོགས་གྱིས་དང་”ཞེས་ཐེངས་དུ་མར་ཡང་དང་ཡང་དུ་ངག་བཅོལ་བྱས་མྱོང་ལ། ངས་ཀྱང་ཅི་མི་སྙམ་པར་”ལགས་སོ། དེ་ལྟར་བྱ་”ཞེས་ལན་བཏབ་ནས་བཞག་གོ འོན་ཀྱང་བུད་མེད་འདི་ནི་སྟོང་སེམས་ཤིན་ཏུ་ཆེ་བའི་བུད་མེད་ཅིག་ཡིན་པས། “ཁྱོད་ས་གནས་གང་ལ་དགའ། ཁའོ་རྗི་ཞེས་པའི་ས་གནས་ཡིན་ནམ། ཨ་རྫ་བྷུ་ཞེས་པའི་ས་གནས་ཡིན། གང་ལྟར་ཀྱང་ལྷས་ར་རུ་ཇིང་ཏ་ལིང་ཏ་ཞིག་ལས་རོགས་གྱིས་ལ། ཕྱི་གླིང་ལུགས་ཀྱི་ཁང་མིག་གཅིག་གིས་ཆོག་”ཞེས་སྨྲས་ཏེ། རང་གཅིག་པུས་གང་འདོད་ལྟར་འཆར་གཞི་སྣ་ཚོགས་བཟོས་སོ། སྐབས་དེར་རང་ཁྱིམ་ཞིག་མཁོ་བའི་ཧམ་སེམས་ཡོད་མ་མྱོང་ལ། ནུབ་གླིང་ལུགས་ཀྱི་ཁང་བ་དང་ཉི་ཧོང་ལུགས་ཀྱི་ཁང་བ་གང་ཡང་དགོས་འདོད་སྐྱེས་མ་མྱོང་ ། དེའི་ཕྱིར་”དེ་ལྟ་བུའི་ཁང་བ་མི་དགོས་”ཅེས་དུས་རྟག་ཏུ་ཁྰེ་ཡོ་ལ་བཤད་དོ། དེ་ལྟར་བྱས་པ་ན་”ཁྱོད་ཀྱི་འདོད་པ་ཅུང་བས་སེམས་ལེགས་པོ་འདུག”ཅེས་ད་དུང་བསྟོད་པ་བྱེད། དེ་ལྟར་ཁྰེ་ཡོ་ལ་ང་ཡིས་ཅི་ཞིག་བརྗོད་ཀྱང་བསྟོད་པ་ཁོ་ན་བྱེད་དོ། ཨ་མ་འདས་རྗེས་ཀྱི་ལོ་ངོ་ལྔ་དྲུག་ཅིག་གི་རིང་དུ། ཨ་ཕ་ལས་གཤེ་གཤེ་མྱངས་ཅིང་གཅེན་པོ་དང་རྡུང་རེས་བྱས། ཁྰེ་ཡོ་ལས་སིལ་ཏོག་བླངས། སྐབས་འགར་བསྟོད་པ་རེའང་ཐོབ། ཁོ་བོས་དེ་ལྟར་འཚོ་བ་རོལ་ནས་བསྡད། དེ་ལས་གཞན་རེ་འདུན་ཅི་ཡང་མེད་ཀྱང་། དེ་ཙམ་གྱིས་ཡིད་ཚིམ་ནས་བསྡད། བྱིས་པ་གཞན་པ་ཐམས་ཅད་ཀྱང་འདི་ལྟ་བུ་ཡིན་ངེས་ཞེས་བསམས་མྱོང་། འོན་ཀྱང་། ཁྰེ་ཡོ་ནི་དོན་གང་ཞིག་ལ་འཕྲད་ཀྱང་”ཁྱོད་ནི་དངོས་གནས་སྙིང་མ་རྗེ། བདེ་སྐྱིད་མེད་པར་འདུག”ཅེས་ཅི་མི་སྙམ་པར་བརྗོད་ཀྱིན་འདུག་པས། དེ་ལྟར་ན། སྙིང་རྗེ་བ་དང་བདེ་སྐྱིད་མེད་པ་ཞིག་ཡིན་སྲིད་དོ་ཞེས་བསམས་ཤིང་། དེ་ལས་གཞན་གྱི་སྐྱོ་སྡུག་ཅུང་ཙམ་ཡང་མེད་དོ། ཡིན་ནའང་ཨ་ཕས་སྒོར་ཟུར་ཙམ་ཡང་མ་བྱིན་པར་ལས་འདའ་ཡང་བྱས་མ་མྱོང་།
ཨ་མ་འདས་ཏེ་ལོ་ངོ་དྲུག་འགོར་བའི་ལོ་གསར་ལ་ཨ་ཕ་་ཡང་ཀླད་ཁྲག་བརྡོལ་ནས་གྲོངས་སོང་། ལོ་དེའི་ཟླ་བཞི་བར་ང་རང་སྒེར་ཚུགས་སློབ་གྲྭ་ཞིག་ལས་སློབ་མཐར་ཕྱིན་ཅིང་། ཟླ་དྲུག་པར་གཅེན་པོ་ཚོང་ལས་སློབ་གྲྭ་ཞིག་ལས་སློབ་མཐར་ཕྱིན། གཅེན་པོ་ནི་ཁེའུ་ཞེའུ་ས་ཁུལ་ན་ཡོད་པའི་ལས་ཁུངས་ག་གེ་མོ་ཞིག་གི་ཡན་ལག་ལས་ཁུངས་དུ་བྱ་བ་རྙེད་དེ་དེར་མི་འགྲོ་ག་མེད་བྱུང་ལ། ང་རང་ནི་ཐྰོ་ཁྱྰོ་གྲོང་ཁྱེར་དུ་ད་དུང་རིག་གཞུང་མི་གཉེར་ག་མེད་བྱུང་བས། གཅེན་པོས་”ཁྱིམ་གཞི་བཙོང་ཏེ་རྒྱུ་ནོར་ཉར་ཚགས་བྱས་རྗེས་ལས་གནས་སུ་འགྲོ་རྒྱུ་”ཞེས་སྨྲས་པ་ལ། ཁོ་བོས་”ཅི་བྱས་ཀྱང་ཆོག་གོ་”ཞེས་ལན་བཏབ་བོ། གང་ལྟར་གཅེན་པོའི་རོགས་སྐྱོར་འཐོབ་འདོད་མེད་ལ། རོགས་སྐྱོར་བྱས་མ་ཐག་འཁྲུག་རྩོད་བྱེད་ངེས་པས། གཅེན་པོས་ཀྱང་ཚིག་བཟང་བོ་ཞིག་མི་བཤད་ཁོ་ཐག་རེད། གལ་ཏེ་རོགས་སྐྱོར་དང་ལེན་བྱས་ན། གཅེན་པོ་དེ་ལྟ་བུ་ལའང་མགོ་བོ་མི་སྒུར་ག་མེད་ཡིན། འོ་མ་བསྐྱལ་དགོས་ཀྱང་འཚོ་བ་རོལ་ཐུབ་ཞེས་དམ་བཅའ་བཞག དེའི་རྗེས་སུ་གཅེན་པོས་གནའ་རྫས་ཉོ་ཚོང་བ་ཞིག་ཁྲིད་འོངས་ཏེ་མེས་པོ་རིམ་བྱུང་ལས་བརྒྱུད་པའི་གནའ་རྫས་རྣམས་རིན་གོང་དམའ་མོར་བཙོང་བ་མ་ཟད། ཁྱིམ་གཞི་ཡང་མི་ཞིག་གི་རོགས་རམ་ལ་བརྟེན་ནས་ཕྱུག་པོ་ཞིག་ལ་བཙོང་། འདི་ལྟར་ཁྱིམ་ནོར་ཡོད་ཚད་སྒོར་མོ་རུ་གྱུར་མོད། ང་རང་ཟླ་གཅིག་གི་སྔོན་ནས། མདུན་ལམ་ཞིག་རྙེད་པའི་ཆེད་དུ་ཁྰང་དྷ་ས་ཁུལ་གྱི་ཨྰོ་ང་བ་ཟེར་བའི་སྲང་ལམ་དུ་ཡུན་རིང་གནས་སྡོད་བྱས་ཡོད་པས། སྒོར་མོ་ག་ཚོད་ལ་བཙོང་་བ་གཏན་ནས་མ་ཤེས་ལ་ཤེས་འདོད་ཀྱང་མ་སྐྱེས། རྒན་མོ་ཁྰེ་ཡོ་ནི་ལོ་ངོ་བཅུ་ཕྲག་ལྷག་ལ་གནས་བཅོལ་བྱས་པའི་ཁྱིམ་གཞི་དེ་མི་གཞན་གྱི་ལག་ཏུ་ཤོར་པར་ཕངས་སེམས་ཆེན་པོ་སྐྱེས་ཀྱིན་ཡོད་པ་འདྲ་མོད། འོན་ཀྱང་རང་ཉིད་ཀྱི་ཁང་བ་མིན་པས་ཐབས་གཞན་མེད་དོ། “ཁྱེད་རང་ཅུང་ཟད་ནར་སོན་ཡོད་ཚེ། ཁྱིམ་གཞི་རྒྱུད་འཛིན་བྱེད་པའི་དབང་ཆ་ཡོད་ལས་ཆེའོ་”ཞེས་ཁྰེ་ཡོ་ཡིས་དུས་རྟག་ཏུ་ཡང་ཡང་བཤད། གལ་ཏེ་ནར་སོན་ཡོད་ཚེ་ཁྱིམ་གཞི་རྒྱུད་འཛིན་བྱེད་ཆོག་པ་ཡིན་ན། ད་ལྟ་ཡང་ཁྱིམ་གཞིས་རྒྱུད་འཛིན་བྱེད་ཐུབ་ངེས་མོད། རྒན་མོ་ཁྰེ་ཡོ་ཡིས་ཅི་ཡང་མི་ཤེས་བའི་རྐྱེན་གྱིས། ལོ་ན་སོན་ཚེ་གཅེན་པོའི་ཁྱིམ་གཞིས་ཕྱིར་ལེན་ཐུབ་པར་ཡིད་ཆེས་བྱེད་ཀྱིན་འདུག
ང་རང་དང་གཅེན་པོ་གཉིས་དེ་ལྟར་ཁ་བྲལ་མོད། སེམས་ཁྲལ་ཤིག་ཡོད་པ་ནི་རྒན་མོ་ཁྰེ་ཡོ་ཡི་འགྲོ་ས་རེད། གཅེན་པོ་ལ་ཁྰེ་ཡོ་ཁྲིད་ནས་འགྲོ་བའི་ནུས་སྟོབས་མེད་པ་སྨོས་མ་དགོས་ལ། རྒན་མོ་ཁྰེ་ཡོ་ཡང་གཅེན་པོའི་རྗེས་སུ་འབྲངས་ཏེ་ཁེའི་ཞིའུ་འདྲ་བའི་ས་ཆ་ཐག་རིང་ཞིག་ལ་འགྲོ་འདོད་ཅུང་ཙམ་ཡང་མི་འདུག། ཡིན་ཡང་སྐབས་དེར་ང་རང་ཐ་དྷ་མི་ལྔ་ཙམ་གྱི་ཁང་མིག་ཆུང་ཆུང་ཞིག་ཏུ་བསྡད་ཡོད་པས། དོན་དག་ཅི་ཞིག་བྱུང་རུང་མྱུར་དུ་གནས་སྤོར་་རྐྱང་ཡིན ། མདོར་ན་དོན་དག་ཅི་བྱུང་ཡང་སྐྱོན་མེད་མི་འདུག ། ངས་རྒན་མོ་ཁྰེ་ཡོ་ལ་ཚོད་ལྟའི་སྒོ་ནས་”ས་གནས་གང་ཞིག་ཏུ་གཡོག་པོ་བྱེད་དུ་འགྲོ་འདོད་དམ།”ཞེས་དྲིས་པ་ན། “ཁྱེད་ཀྱིས་ཁྱིམ་གཞིས་རྙེད་དེ་ཆུང་མ་ལེན་པའི་བར་དུ་ཐབས་བཀོད་མེད་པས། དེའི་བར་དུ་ཁོ་མོའི་ཚ་བོ་ལ་གནས་ཚང་གཡར་བར་བྱའོ”ཞེས་ཆོད་སེམས་ཆེན་པོས་ལན་བཏབ་བྱུང་། རྒན་མོ་ཁྰེ་ཡོ་ཡི་ཚ་བོ་ནི་ཤན་འབྱེད་པའི་དྲུང་ཡིག་ཡིན་པས། ཉིན་རེའི་འཚོ་བ་ལ་དཀའ་ངལ་མེད་པའི་སྒོ་ནས་འཚོ་སྡོད་བྱས་ཡོད་པས། ད་ལྟའི་བར་རྒན་མོ་ཁྰེ་ཡོ་ལ་“ཡོང་ན་ཤོག་དང་”ཞེས་ཐེངས་གཉིས་གསུམ་ལ་བོས་མོད ། རྒན་མོ་ཁྰེ་ཡོ་ཡིས་“ཅི་འདྲ་གཡོག་མོ་ཐ་མ་ཞིག་བྱ་དགོས་ཀྱང་། ཡིན་རིང་བསྡད་ནས་ལོབ་ཡོད་པའི་ཁྱིམ་གཞིས་དེ་ལེགས་པོ་འདུག”ཅེས་སྨྲས་ཏེ་ཕྱིར་ལན་མ་བཏབ། འོན་ཀྱང་། སྐབས་དེའི་གནས་ཚུལ་འོག་“ཆ་རྒྱུས་མེད་པའི་ཁྱིམ་གཞི་ཆེན་པོའི་གཡོག་མོ་བྱས་ཏེ་ཡང་བསྐྱར་སེམས་སྡུག་བྱེད་པ་ལས། ཚ་བོ་ཚང་ལ་སྐྱབས་བཅོལ་ན་ལེགས་”ཞེས་འདོད་པ་མ་ཡིན་ནམ་སྙམ། དེ་ལྟ་ནའང་“མྱུར་དུ་ཁྱིམ་གཞིས་འཚོལ་རོགས་”ཞེས་སོགས་སྨྲ་བར་བྱེད་དོ།། རང་གི་གཉེན་ཉེ་ཡིན་པའི་ཚ་བོ་ལ་ལྟོས་ན། ཕྱི་མི་ཡིན་པའི་ཁོ་བོར་དགའ་ཞེན་ཆེ་བ་འདྲ། ཁོའུ་ཞོའུ་ལ་འགྲོ་བའི་ཉིན་གཉིས་ཀྱི་སྔོན་དུ། གཅེན་པོ་འདུག་གནས་སུ་ཡོང་ཏེ་སྒོར་མོ་དྲུག་བརྒྱ་ཁོ་བོར་བྱིན་ནས། “འདི་ཉིད་མ་རྩ་བྱས་ཏེ་ཚོང་ཁང་གཉེར་ནའང་རུང་། སློབ་ཡོན་བྱས་ཏེ་སློབ་སྦྱོང་བྱས་ནའང་རུང་། གང་ལྟར་ཀྱང་རང་ཉིད་ཀྱི་འདོད་པ་ལྟར་བཀོལ་སྤྱོད་བྱས་ན་ལེགས། ཕྱིས་སུ་རོགས་སྐྱོར་བྱ་མི་ནུས་སོ།”ཞེས་སྨྲས་བྱུང་། “གཅེན་པོ་ཁོ་ལ་མཚོན་ན་བསྟོད་འོས་པའི་བྱ་སྤྱོད་ཅིག་ཡིན་སྲིད་མོད། དེ་འདྲའི་སྒོར་དྲུག་བརྒྱ་ཙམ་མ་བླངས་ནའང་དཀའ་ལས་མེད།”ཞེས་སྙམ་མོད། ནམ་རྒྱུན་དང་མི་འདྲ་བར་གཏོང་ཕོད་ཆེ་བའི་བྱ་སྤྱོད་དེར བཀའ་དྲིན་ཞུས་ཏེ་ལག་ཏུ་བླངས། གཅེན་པོས་དེའི་རྗེས་སུ་ཡང་སྒོར་ལྔ་བཅུ་བྱིན་ཏེ། “འདི་ནི་ཁྰེ་ཡོ་ལ་སྟེར་རོགས་”ཞེས་སྨྲས་པས། དགའ་སྤྲོའི་ངང་ཚུར་བླངས། ཉིན་གཉིས་འགོར་རྗེས་ཞིན་བྷ་ཞིའི་རླངས་འཁོར་ས་ཚུགས་སུ་ཁ་བྲལ་རྗེས་ཕྱིས་སུ་གཅེན་པོ་ལ་ཐེངས་གཅིག་ཀྱང་མ་ཐུག་གོ།
ངས་སྒོར་མོ་དྲུག་བརྒྱ་དེ་ཅི་ཞིག་གི་ཆེད་དུ་བཀོལ་འོས་པར་མལ་ཁྲི་སྟེང་ཉལ་ཞོར་དུ་བསམ་གཞིགས་གང་མང་བཏང་། ཚོང་ཁང་གཉེར་ན་དཀའ་ལས་མང་པས་ལེགས་པོ་ཞིག་འཁྱོངས་ཐུབ་ངེས་མ་རེད། ཁྱད་པར་དུ་སྒོར་དྲུག་བརྒྱ་ཙམ་གྱིས་ཚོང་ཁང་ཚུགས་ཀ་ཅན་ཞིག་སྒྲུབ་ཐུབ་པའི་ངེས་པའང་མེད། གལ་ཏེ་སྒྲུབ་ཐུབ་པའི་དབང་དུ་བཏང་ནའང་། ཏ་ལྟའི་གནས་ཚུལ་འོག་ཏུ་མི་ཡི་སྔོན་དུ་སོང་ནས་སློབ་གསོ་མྱངས་སོ་ཞེས་ངོམ་སྲོལ་མེད་པས། གྱོང་གུད་ཐེབས་རྒྱུ་ཁོ་ཐག་རེད། སྒོར་མོ་དེ་་སློབ་ཡོན་བྱས་ཏེ་སློབ་སྦྱོང་བྱའོ་སྙམ་ནས། སྒོར་མོ་དྲུག་བརྒྱ་ཆ་གསུམ་དུ་བགོས་ཏེ་ལོ་རེར་སྒོར་ཉིས་བརྒྱ་རེ་བཀོལ་ན། ལོ་གསུམ་ལ་སློབ་སྦྱོང་བྱེད་ཐུབ། དེའི་རྗེས་སུ་སློབ་གྲྭར་གང་ལ་ཞུགས་འོས་པར་ཡང་་བསམ་གཞིགས་བྱས་ཀྱང་། བསླབ་བྱ་གང་ལའང་སྐྱེས་མ་ཐག་ནས་བཟུང་སྤྲོ་སྣང་མེད་ཅིང་། ཁྱད་པར་དུ་སྐད་ཡིག་དང་རྩོམ་རིག་སོགས་ལ་གཏན་ནས་དགའ་བོ་མེད ། རང་མོས་སྙན་ངག་གིས་ཚིག་རྐང་ཉི་ཤུ་ཁྲོད་ཚིག་རྐང་གཅིག་གི་དོན་ཡང་མི་གོ། ལྟོས་དབང་གིས་དངོས་ལུགས་སློབ་གྲྭ་ཞིག་གི་སྒོ་ཆེན་བརྒྱུད་དུས་། “སློབ་མ་བསྡུ་ཐོ་”ཞེས་པའི་ཁྱབ་ཡིག་ཅིག་སྦྱར་ཡོད་པས། འདི་ནི་ལས་དབང་ཡིན་སྲིད་པར་འདོད་དེ་གསལ་བཤད་ཡིག་ཆ་བླངས་ཤིང་། མྱུར་དུ་སློབ་གྲྭར་ཞུགས་པའི་འགྲོ་ལུགས་བསྒྲུབས། ད་ལྟ་ཕྱིར་འདང་བརྒྱབ་ན་། དེ་ཡང་འདང་རྒྱག་ཅི་ཡང་མེད་པའི་ཚུལ་ལས་བྱུང་བའི་ཕམ་ཁ་ཞིག་རེད་སྙམ། ལོ་གསུམ་གྱི་རིང་ལ་ཕལ་ཆེར་སློབ་གྲོགས་གཞན་འདྲ་བར་སློབ་སྦྱོང་བྱས་མོད། གཞན་ལས་འཕགས་པའི་དམིགས་བསལ་གྱི་ཁྱད་ནུས་ཀྱང་མེད་པ་མ་ཟད། ཨང་རྩིས་ཀྱི་སྦྱངས་འབྲས་ནི་མཇུག་ནས་ཡར་རྩིས་ན་རང་གི་མིང་མྱུར་བར་མཐོང་ཐུབ། འོན་ཀྱང་། བསམ་ཡུལ་ལས་འདས་པ་ཞིག་ལ་དེ་ལྟར་ལོ་ངོ་གསུམ་འགོར་བ་ན། བདེ་ལེགས་ངང་སློབ་མཐར་ཕྱིན་ཐུབ་པ་བྱུང་པས། རང་ཉིད་ཀྱང་རང་ལ་ཡིད་མི་ཆེས་པ་ཞིག་རེད།
(ཉི་སྡོད་བོད་མི་འགས་བསྒྱུར)
རྩོམ་ཁུངས། ཉི་སྲས་ཀྱི་པོད་ཁུག