ཉི་ཡིག་ནས་བསྒྱུར་བའི་བརྩམས་སྒྲུང་། སྐུ་སྲས། ༡
ལེའུ་དང་པོ།*
ཕ་མས་ངན་ལང་སྐྱག་ལང་ལ་བཏང་ནས་ཡོང་བར་བརྟེན། བྱིས་པའི་དུས་ནས་བཟུང་ཕམ་ཁ་རྐྱང་རྐྱང་མྱངས་ནས་བསྡད། སློབ་ཆུང་གི་སྐབས་སུ་ཁང་པའི་ཉིས་ཐོག་ནས་མར་མཆོངས་ཏེ་སྒལ་ཚིགས་བརྡལ་ཅིང་གཟའ་འཁོར་གཅིག་ཙམ་ལ་ངལ་གསོ་བྱེད་དགོས་པ་བྱུང་།
དེ་ལྟར་གླེན་རྟགས་སྟོན་དགོས་དོན་ཅི་ཞིག་ཡིན་པ་སུས་ཀྱང་དོགས་སློང་སྐྱེས་སྲིད་མོད། འོན་ཀྱང་། དམིགས་བསལ་གྱི་རྒྱུ་མཚན་ལྡན་པའི་གནས་ལུགས་གང་ཡང་མི་འདུག
ཁང་པའི་ཉིས་ཐོག་ནས་སྐེ་བསྲིངས་ཏེ་མར་ལ་བལྟས་ནས་བསྡད་ཡོད་པའི་སྐབས་དེར། སློབ་གྲོགས་ཞིག་གིས“ཨ་རོགས ཁྱོད་བུ་ངར་བ་ཡིན་ན། དེ་ནས་མར་ལྡོངས་དང་”ཞེས་ཀུ་རེའི་ཚུལ་གྱིས་ངར་བསླངས་པའི་རྐྱེན་རེད། སློབ་གྲྭའི་ལས་བཟོ་བས་ཁུར་ནས་ཕྱིར་ཡུལ་ལ་བསྐྱལ་ཡོང་དུས། ཨ་ཕས་མིག་ཆེར་བགྲད་དེ་“གླེན་པ་ཁྱོད། ཉིས་ཐོག་ནས་མར་ལྡིང་མཁན་ཡང་ཡོད་པ་ཡིན་ནམ”ཞེས་བཤད་པར། “ཐེངས་རྗེས་མར་སྒལ་ཚིགས་བརྡལ་དུ་མ་གཞུག་པར་མར་ལྡིང་རྒྱུ་ཡིན”ཞེས་ལན་བཏབ།
ངས་གཉེན་ཉེ་ཞིག་གིས་བྱིན་པའི་གྲི་ཆུང་ཆུང་དེ་གྲོགས་པོ་ཞིག་ལ་ངོམ་པ་ན། “བཀྲག་མདངས་ནི་ཡོད་ཀྱང་། རྣོན་པོ་ཞིག་མིན་པ་འདྲ”་ཞེས་བཤད་བྱུང་།
“ གཅོད་མི་ཐུབ་པ་ཞིག་དང་གཏུབ་མི་ཐུབ་པ་ཞིག་མེད། ག་རེ་གཅོད་དགོས་པ་ཡིན་ནམ།”ཞེས་དྲིས་པར། “འོ་ན། ཁྱོད་ཀྱི་མཛུབ་མོ་ཆོད་དང”ཞེས་བཤད་པ་དང་། ངས་གཡས་ལག་གི་མཐེབ་ཆེན་བཅད། ཡིན་ནའང་། གྲི་ཆུང་དྲགས་པ་དང་མཛུབ་མོའི་རུས་པ་སྲ་མོ་ཡིན་པར་བརྟེན། ད་ལྟའང་མཐེབ་མཛུབ་ལག་པའི་སྟེང་དུ་ལུས་འདུག་ཀྱང་རྨ་ཁ་ཤི་རག་བར་དུ་ཡལ་མི་སྲིད་པ་འདྲ།
ལྷས་རའི་ཤར་ཕྱོགས་ལ་གོམ་པ་ཉི་ཤུ་ལྷག་ཙམ་སོང་ཚེ། ལྷོ་ངོས་སུ་ཚོད་ཞིང་ཆུང་ཆུང་ཞིག་ཡོད་པ་དང་དེའི་ནང་དུ་ལི་ཙི་སྡོང་བོ་ཞིག་འགྲེངས་འདུག འདི་ནི་སྲོག་ལས་ཀྱང་རྩ་ཆེ་པའི་ལི་ཙི་སྡོང་བོ་ཞིག་རེད། འབྲས་བུ་སྨིན་ཡོད་པའི་སྐབས་སུ། ངས་སར་ལྷུང་ཡོད་པའི་སིལ་ཏོག་བཏུས་ཡོང་སྟེ་སློབ་གྲྭ་ནས་ཟས། ཚོད་ཞིང་གི་ནུབ་ཕྱོགས་ནི་ཡཱ་མ་ཞི་རོ་ཁང་ཟེར་བའི་གཏའ་མ་ཁང་གི་ལྷས་རར་འབྲེལ་ཡོད་པ་དང་། གཏའ་མ་ཁང་དེ་རུ་ཁཱང་ཐ་རོད་ཅེས་འབོད་པའི་ལོ་བཅུ་གསུམ་བཅུ་བཞི་ཅན་གྱི་གཞོན་ནུ་ཞིག་འདུག ཁཱང་ཐ་རོད་ནི་མི་གཉོམ་ཆུང་ཞིག་རེད། ཡིན་ཡང་། རྒྱུན་དུ་ཤིང་ར་བརྒལ་ཏེ་ལི་ཙི་བརྐུ་རུ་ཡོང་བཞིན་འདུག ཉིན་ཞིག་གི་ས་སྲོད། ང་རང་སྒོ་རྒྱབ་ནས་སྦས་ཏེ་ཁོ་རང་འཛིན་བཟུང་བྱས། སྐབས་དེར་ཁོ་རང་འགྲོ་སའི་ལམ་མ་རྙེད་པར་སྟོབས་ཤུགས་ཡོད་རྒུས་ང་ལ་ཕྱིར་རྒོལ་བྱས།
ཁོ་རང་ང་ལས་ལོ་གཉིས་ཙམ་གྱིས་ཆེ། གཉོམ་ཆུང་ཞིག་ཡིན་ནའང་ལུས་སྟོབས་ཆེན་པོ་འདུག མགོ་དཀྲིས་མཐུག་པོ་ཞིག་རྒྱབ་ཡོད་པའི་ཁོང་གིས་མགོ་བོ་ངའི་བྲང་ཁར་ཤུགས་ཀྱིས་གཏད་ནས་ཡོང་ནའང་། སྟབས་མ་ལེགས་པར་མགོ་བོ་ཤུལ་ཏེ་ངའི་ཕུ་ཐུང་ཆེན་པོའི་ནང་དུ་ཚུད་པས། ངས་ལག་པ་འགུལ་མ་ཐུབ་པར་གང་བྱུང་མང་བྱུང་དུ་གཡུག་པའི་སྐབས་དེར་ཁོང་གིས་ངའི་ལག་ངར་ལ་སོ་བཏབ་པ་དང་། ངས་ན་ཟུག་བཟོད་མ་ཐུབ་པར་ཁོ་རང་ཤིང་རར་གཏད་ཅིང་ཉྭ་སྒྲོག་བརྒྱབ་ཏེ་ཐང་ལ་བསྒྱེལ།
ཡཱ་མ་ཞི་རོ་ཁང་གི་ས་ངོས་ནི་ཚོད་ཞིང་ལས་སྨི་གཉིས་ཙམ་གྱིས་དམའ་བར་བརྟེན། ཤིང་རའི་དྲ་རྐང་གོང་མ་གཉིས་ཆག་སྟེ་”ཨག་”སྐད་དང་བཅས་རང་གི་ས་ཐོག་ཏུ་མགོ་ཐུར་དུ་ལྷུང་སོང་། ཁོ་རང་མར་ལྷུང་བའི་སྐབས་སུ། ངའི་ལྭ་བའི་ཕུ་ཐུང་གི་ཕྱེད་ཀ་ཆད་དེ་གློ་བུར་དུ་ལག་པ་རང་དབང་དུ་གྱུར། ཉིན་དེའི་མཚན་མོར། ཨ་མ་ལགས་ཡཱ་མ་ཞི་རོ་ཁང་ལ་འགྱོད་བྱེད་དུ་སོང་བ་དང་ཞོར་ལ་ཕུ་ཐུང་ཕྱིར་ཁྱེར་ཡོང་།
དེ་ལས་གཞན་པའི་པྲ་ཚག་ཀྱང་མང་པོ་བྱས། ཁང་པ་ལས་པའི་ལས་བཟོ་བ་ཁཱ་ནལ་ཁོ་དང་ཉ་ཚོང་ཁང་གི་ཁཱ་ཁུའུ་གཉིས་ཁྲིད་དེ། མཱོ་ས་ཁུའུ་ཡི་ལ་སེར་གྱི་ཞིང་ས་སློག་རྡོ་སློག་ ཀྱང་བྱས་མྱོང། ལ་སེར་གྱི་མྱུ་གུ་ཅུང་ཙམ་མ་གཏོགས་འབུས་མེད་པའི་ས་ཞིང་དེ་ཁྲེ་རྒོད་ཀྱི་སོག་མས་ཡོངས་སུ་བཀབ་ཡོད་པ་དང་། དེའི་སྟེང་དུ་ང་ཚོ་མི་གསུམ་གྱིས་ཉིན་ཕྱེད་ཙམ་ལ་འཇུ་རེས་བསྟུད་མར་བྱས་པས་ལ་སེར་ཡོད་ཚད་བཅག་བཅག་ལད་ལད་བྱས། ཧྥའུ་རའུ་ཁ་བ་ཚང་གི་འབྲས་ཞིང་གི་ཁྲོམ་པའི་ནང་དུ་ས་བཏབ་པ་དང་། ཞིང་ལ་ཆུ་འདྲེན་བྱེད་ཀྱི་སྨྱུག་སྦུག་ནང་དུ་རྡོ་དང་དབྱུ་གུ་བརྫངས་ཏེ། ཆུ་མཚམས་ཆད་པ་མཐོང་རྗེས་ཡུལ་ལ་ལོག་སྟེ་ཟ་མ་ཟ་བཞིན་པའི་སྐབས་དེར། ཧྥུ་རུ་ཁ་བ་ཁོ་རང་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་ལངས་ཏེ་སྐད་ཅོར་རྒྱག་བཞིན་ཁྱིམ་ལ་ཤོར་ནས་ཐོན། སྐབས་དེར་སྒོར་ཆད་འཇལ་བས་དོན་དག་མཇུག་བསྡུ་སོང་བ་འདྲ།
ཨ་ཕས་ང་ལ་ཅུང་ཙམ་ཡང་མི་གཅེས། ཨ་མ་ནི་གཅེན་པོ་ཁོ་ནར་ཕྱོགས་ཞེན་ཆེ། གཅེན་པོ་ནི་ཤ་མདངས་དཀར་ཞིང་ཟློས་གར་ལ་ལད་མོ་བྱས་ཏེ་སྐྱེས་མ་འཁྲབ་སྟོན་བྱེད་པར་དགའ། ཨ་ཕས་ང་རང་མཐོང་ཐེངས་རེར་”བླུན་ཕྲུག་འདི། ཅིས་ཀྱང་མི་བཟང་བོ་ཞིག་ཏུ་འཁྱོངས་མི་སྲིད་ཁོ་ཐག་རེད”ཅེས་གཤེ་གཤེ་གཏོང་བ་དང་། ཨ་མས་”མ་རབས་ཁོ་ན་བྱེད་བཞིན་ཡོད་པས། སེམས་ཁུར་ཞིག་རེད”ཅེས་སྡུག་མོས་འདོན་བཞིན་འདུག
གང་ལྟར་ཀྱང་ཁྱེད་ཚོས་ཤེས་གསལ་ལྟར། ང་རང་དངོས་གནས་བཟང་བོ་ཞིག་འཁྱོངས་མི་སྲིད་པ་ཁོ་ཐག་རེད། ཕ་མས་སེམས་ཁུར་བྱེད་བཞིན་པ་དེ་ལའང་ཁག་མི་འདུག་སྟེ། ང་རང་བཙོན་ཁང་ལ་བསྐྱལ་མ་དགོས་པར་ཉི་མ་འཁྱོལ་ཐབས་བྱེད་བཞིན་པས་རྐྱེན་གྱིས་རེད།
ཨ་མ་སྙུང་གཞིས་འདས་བའི་ཉིན་གཉིས་གསུམ་ཙམ་གྱི་ཡར་སྔོན་ལ། གཡོལ་ཁང་ནས་མགོ་ལངས་སྟེག་ནས་རྩིབ་གཞོགས་ཐབ་ཀའི་ཁ་གདེངས་ལ་ཕོག་པ་དང་ན་ཟུག་ཆེན་པོ་བྱུང་ཞིང་། “ ཁྱོད་འདྲ་བའི་བུ་ཞིག་མཐོང་འདོད་ཡང་མི་འདུག “ཅེས་ཨ་མ་ཁོང་ཁྲོ་ཆེན་པོ་ལངས་བར་བརྟེན། ང་རང་གཉེན་ཉེ་ཚང་ལ་ཞག་འདུག་བྱེད་དུ་སོང་། གཉེན་ཉེ་ཚང་ལ་ཐོན་ནས་ཅུང་མ་འགོར་བར་ཨ་མ་ཚེ་ལས་འདས་སོང་ཞེས་བརྡ་ཐོན། དེ་འདྲའི་མགྱོགས་མྱུར་ངང་ཚེ་ལས་འདས་འགྲོ་བ་ཡིད་ལའང་མ་ཤར། སྙུང་གཞི་དེ་འདྲིའི་ལྕི་མོ་ཞིག་ཡིན་པ་ཤེས་རྒྱུ་ན། ཨ་མའི་སེམས་ཁ་མ་དཀྲུགས་ན་ཡག་པོ་བྱུང་སོང་སྙམ་སྟེ་ཕྱིར་ཁྱིམ་ལ་ལོག གཅེན་པོས་” བླུན་ཕྲུག་ཁྱོད་ཀྱི་རྐྱེན་གྱིས་ཨ་མ་ལགས་སྔ་ས་ནས་འདས་སོང་བ་རེད”ཅེས་བཤད་པ་དང་། ང་རང་ཁོང་ཁྲོ་ལངས་ཏེ་གཅེན་པོ་ལ་འགྲམ་ལྕག་ཐེངས་འགའ་གཞུས་པ་ཡིན།
ཨ་མ་ཚེ་ལས་འདས་རྗེས། ཨ་ཕ་དང་གཅེན་པོ། ངེད་གསུམ་མཉམ་གཅིག་ཏུ་འཚོ་བ་རོལ་ནས་བསྡད་ཅིང་། ཨ་ཕ་ནི་ལས་ཀ་གང་ཡང་མི་བྱེད་པར་མི་སུ་ཞིག་ཡིན་རུང་མཐོང་མ་ཐག དེ་ལ་” ཁྱོད་རང་སྐྱག་གཟན་རེད། ཁྱོད་རང་སྐྱག་གཟན་རེད།” ཅེས་གཤེ་གཤེ་གཏོང་བའི་གོམས་གཤིས་ངན་པ་ཞིག་ཁ་ལ་ལོབས་ཡོད་པ་དང་། ཅི་ཞིག་ལ་སྐྱག་གཟན་ཟེར་པ་ད་དུང་ཡང་ཤེས་ཀྱི་མི་འདུག རྩ་མི་ཚང་པའི་ཕ་རྒན་ཞིག་རེད། གཅེན་པོས་ང་རང་ལས་གཉེར་པ་ཞིག་བཤད་རྒྱུ་ཡིན་ཞེས་དབྱིན་སྐད་སློབ་སྦྱོང་བྱེད་བཞིན་འདུག ཁོ་རང་གི་གཤིས་ཀ་ཐོག་མ་ཉིད་ནས་སྐྱེས་མ་ཞིག་དང་མཚུངས་ཤིང་གཡོ་སྒྱུ་ཆེ་བས་ངེད་གཉིས་བར་ལ་དེ་འདྲའི་བརྩེ་འདང་ཆགས་མེད། ཉིན་བཅུའི་མཚམས་ནས་ཐེངས་རེར་འཁོན་འཛིང་བྱེད་དགོས་བར་ཆགས། ཉིན་ཞིག་ལ་ངེད་གཉིས་མིག་མངས་འདེད་པའི་ཚེ་ན། ང་རང་ཁོང་གི་རིག་པ་ལས་ཕམ་ཞིང་འུ་ཐུག་ཐབས་ཟད་ཡོད་པའི་རྣམ་པ་དེ་ལ་འཕྱ་དམོད་བྱས། ཁོང་ཁྲོ་ཆེན་པོ་ལངས་ཏེ་ལག་གི་འགྱིག་རྡེའུ་ཡིས་གཅེན་པོའི་ཐོད་པ་ལ་བརྒྱབ། སྨིན་མཚམས་ནས་ཁྲག་ཅུང་ཙམ་མ་གཏོགས་བཞུར་ཡོང་མེད་ནའང་། གཅེན་པོས་ཨ་ཕར་གཏུག་བཤེར་བྱས་ཤིང་། ཨ་ཕས་”ཕ་བུའི་འབྲེལ་བ་བཅད་པ་ཡིན་”ཞེས་ཁོངས་ཁྲོ་དང་བཅས་སྨྲས།
སྐབས་དེར་ཐབས་བཀོད་ཟད་དེ་ཨ་ཕས་བཤད་པ་ནང་བཞིན་ཕ་བུའི་འབྲེལ་བ་ཆད་རྒྱུ་རེད་བསམ་བཞིན་ཡོད་པའི་སྐབས་དེར། ལོ་བཅུའི་རིང་ལ་གཡོག་ལས་བྱས་ནས་བསྡད་ཡོད་པའི་ཁཱེ་ཡོ་ཟེར་བའི་གཡོག་མོ་དེས། ངུ་ཞོར་དུ་ཨ་ཕ་ལ་ཞུ་བ་བྱས་པས་མཐར་ཨ་ཕའི་ཁོང་ཁྲོ་ཞི་བར་གྱུར། ཡིན་ནའང་ཨ་ཕ་ལ་དེ་འདྲའི་འཇིགས་སྣང་མ་སྐྱེས། དེ་ལས་ལྡོག་སྟེ་གཡོག་མོ་ཁཱེ་ཡོ་ལ་སྙིང་རྗེ་ཤིག་སྐྱེས་བྱུང་། གཡོག་མོ་ཁོ་རང་གི་ཁྱིམ་རྒྱུད་ནི་སྔོན་ཆད་སྐུ་དྲག་ཚང་ཞིག་རེད་ཟེར་མོད། ཐཱོ་ཁུ་ང་བའི་སྲིད་དབང་ཐོར་བཤིག་ཏུ་གྱུར་སྐབས་ཁྱིམ་ཚང་ཉམས་རྒུད་དུ་གྱུར་ཏེ་གཞན་གཡོག་ལ་ཚུད་པ་རེད་ཅེས་གོ་ཐོས་བྱུང་། དེ་བས་སྤྱིར་བཏང་གི་རྒན་མོ་ཞིག་ཏུ་ཆགས་ཡོད་པ་རེད། ལས་འབྲེལ་གང་ཞིག་ཡོད་པ་མི་ཤེས་མོད། གང་ལྟར་ཀྱང་ཁོ་མོ་ང་ལ་འདང་ཞེན་ཤིན་ཏུ་ཆེ། བསམ་ཡུལ་ལས་འདས་པ་ཞིག་རེད། ཨ་མ་ལགས་ཐོག་མ་ཉིད་ནས་ང་ལ་འདང་ཞེན་མེད་པ་དང་ཨ་ཕ་ཡང་ཐབས་ཟད་འུ་ཐུག་འདུག སྡེ་མི་རྣམས་ཀྱིས་ཀྱང་ང་ལ་ཐན་ལྟས་ཐཱ་རའོ་ཞེས་སྡེ་གྲལ་ནས་ཕུད་ཡོད་པའི་སྐབས་དེར། རྒན་མོ་དེས་ང་ལ་ཤིན་ཏུ་བརྩེ་ཞིང་སེམས་ཁུར་མཛད་བཞིན་འདུག
ང་ལ་ཀུན་གྱིས་དགའ་མོས་བྱེད་པའི་གཤིས་རྒྱུད་འཇམ་པོ་ཞིག་མེད་པས་སེམས་ཆུང་བྱས་ཏེ་བསྡད་ན་གཞན་གྱི་དམའ་འབེབས་བྱ་ཡུལ་དུ་གྱུར་བ་ཡིད་ལའང་མ་ཤར། དེ་ལས་ལྡོག་སྟེ་རྒན་མོ་ཁཱེ་ཡོ་ལྟར་ང་ལ་གཅེས་སྐྱོང་བྱེད་པའི་ཚུལ་དེར་ཡ་མཚན་དང་བཅས་བསམ་གཞིགས་བཏང་། མཚམས་རེར་ཇ་ཁང་དུ་མི་གཞན་མེད་པའི་སྐབས་སུ། ཁོ་མོས་” ཁྱོད་ཀྱི་སེམས་རྒྱུད་དྲང་ལ། རང་གཤིས་ལེགས་པོ་འདུག “ཅེས་བསྟོད་བསྔགས་བྱས་མྱོང་མོད་། འོན་ཀྱང་། ངས་དེའི་ནང་དོན་རྟོགས་མ་ཐུབ། སྐབས་དེར་ངའི་བསམ་པར་”གཤིས་རྒྱུད་བཟང་ན་མི་གཞན་པའང་ང་ལ་དགའ་མོས་བྱེད་སྲིད་ངེས་རེད”་ཅེས་བསམས་བྱུང་། ཡིན་ནའང་།དེ་ལྟར་བཤད་ཐེངས་རེར་ངས་རྒྱུན་དུ་”ང་རང་ངོ་བསྟོད་ལ་མི་དགའ”ཅེས་ལན་བཏབ། “རྒྱུ་མཚན་དེའི་དབང་གིས་ཁྱོད་ལ་གཤིས་རྒྱུད་བཟང་པོ་ཞིག་འདུག”ཅེས་འཛུམ་མདངས་ཀྱིས་ངའི་གདོང་ལ་ཅེར་འདུག ཕལ་ཆེར་ཁོ་མོས་རང་སྣང་གང་ཤར་གྱིས་ངོ་བསྟོད་བྱེད་བཞིན་ཡོད་པ་འདྲ་སྙམ་སྟེ་སེམས་པ་ཅུང་ཙམ་སྐྱིད་པོ་མ་བྱུང་།
ཨ་མ་འདས་རྗེས་རིམ་བཞིན་ཁཱེ་ཡོ་ཡིས་ང་ལ་བཅིངས་པའི་བྱམས་བརྩེ་ཆེ་རུ་ཕྱིན་པ་དང་། ཅིའི་ཕྱིར་ང་ལྟ་བུའི་མི་ལ་འདི་ལྟར་འདང་ཞེན་ཆེ་བ་རྒྱུ་མཚན་གང་ཡིན་པ་བློ་ལ་མ་དཔོག སྙིང་བོ་མི་འདུག སྤྱིར་ང་ལ་ཤ་ཚ་མ་དགོས་པར་བསྡད་ན་ཆོག་མོད། དེ་ལྟར་བྱེད་པ་ལ་སེམས་ནས་བཟོད་དཀའ་བ་ཞིག་འདུག དེ་འདྲ་ཡིན་ཡང་ཁཱེ་ཡོ་སྔར་བཞིན་ང་ལ་བྱམས་བརྩེ་ཆེ། སྐབས་འགར་རང་ཉིད་ཀྱི་དངུལ་བེད་སྤྱད་དེ་ཉ་བསྲེག་མ་དང་ཀ་ར་གོ་རེ་སོགས་ཉོས་ནས་སྟེར་བ་དང་། གྲང་ངར་ཆེ་བའི་མཚན་མོར་གསང་སྟབས་ཀྱིས་ཅུང་རྡོག་ཁོལ་མ་ཁྱེར་ཡོང་སྟེ་ངའི་བསྔས་མགོའི་འགྲམ་དུ་བཞག་རྗེས་གོམ་ཁ་ཡང་མོས་ཕྱིར་ལོག་འགྲོ སྐབས་འགར་རྫ་ཁོག་ཐུག་པ་ཡང་ཁྱེར་ཡོང་།
ཁ་ཟས་ཁོ་ན་མ་ཡིན་པར་ལྷམ་དང་རྐང་འབོལ། ཞ་སྨྱུག འབྲི་དེབ་སོགས་ཀྱང་ཐོབ་མྱོང་། ཤོག་དངུལ་གསུམ་ཙམ་བསྐྱིས་མྱོང་བའི་དོན་དག་ཀྱང་ཡོད། འོན་ཀྱང་། དེ་ནི་ངས་ཕར་ལ་” སྐྱིས་ཤིག “་ཅེས་རེ་བ་བཏོན་པ་མ་ཡིན་པར། ཁོ་མོ་ངའི་ཁྱིམ་ལ་ཡོང་སྟེ་”དངུལ་མེད་པར་དཀའ་ཁག་ལ་འཕྲད་ཡོད་པ་མ་ཡིན་ནམ། འདི་བེད་སྤྱོད་གཏོང་རོགས་གནང་”ཞེས་སྨྲས་ཏེ་བསྐྱིས་བ་རེད། སྐབས་དེར། ངས་ཡང་ཡང་” མི་དགོས “་ཞེས་བཤད་མོད། “ ཅིས་ཀྱང་བེད་སྤྱོད་བྱོས་ཤིག”་ཅེས་ནན་གྱིས་སྐུལ་བར་ངས་ཀྱང་བསྐྱིས་བའི་ཚུལ་དུ་བླངས། དོན་དངོས་སུ་སེམས་གཏིང་ནས་དགའ་སྤྲོ་ཆེན་པོ་སྐྱེས།
ཡིན་ནའང་། ཤོག་དངུལ་གསུམ་པོ་དངུལ་ཁུག་ཏུ་བཞག་ཅིང་རུམ་ལ་བཅུག་སྟེ་སྤྱོད་ཁང་ལ་སོང་བ་ན། རུམ་ནས་ཤུལ་ཏེ་སྐྱག་དོང་ནང་དུ་ལྷུང་སོང་། ཐབས་བྲལ་ཏེ་ཁཱེ་ཡོ་ལ་བཤད་པ་ན། ཁོ་མོས་མགྱོགས་མྱུར་གྱིས་དབྱུ་གུ་ཞིག་བཙལ་ཡོང་སྟེ་” ཡར་བླངས་ནས་སྟེར “་ཞེས་སྨྲས། ཅུང་ཙམ་འགོར་རྗེས། དོང་ཆུའི་འགྲམ་དུ་ཤག་སྒྲ་ཞིག་བྱུང་བ་དང་ཕྱིར་བུད་དེ་བལྟས་པ་ན། ཁོ་མོས་དངུལ་ཁུག་ཡར་བཏེགས་ཡོང་སྟེ་ཆུས་འཁྲུད་བཞིན་འདུག དངུལ་ཁུག་ལས་ཤོག་དངུལ་གཅིག་བླངས་ཏེ་བལྟས་པ་ན་མདོག་ཇ་མདོག་ཏུ་གྱུར་ཞིང་རི་མོའང་ཅུང་ཙམ་དག་འདུག ཁོ་མོས་མེ་ཐབ་ཀྱིས་སྐམ་པར་བྱས་ཏེ་”ད་ཆོག་པ་འདྲ་”ཞེས་སྨྲས། ངས་སྣས་བསྣམས་ཏེ་” དྲི་ངན་ཞིག་བྲོ”་ཞེས་བཤད་པ་ན། དེས་ན་”ང་ལ་བྱིན་དང་གསར་བ་ལ་བརྗེས་ཏེ་སྟེར་”ཞེས་སྨྲས། གང་ཞིག་ནས་གཡོ་ཐབས་བཀོལ་པ་མི་ཤེས་མོད་ཤོག་སྒོར་གྱི་ཚབ་ལ་དངུལ་སྒོར་གསུམ་ཁྱེར་ནས་ཡོང་། དངུལ་སྒོར་དེ་གང་ལ་བེད་སྤྱོད་བཏང་བ་བརྗེད་སོང་། “སྐྱིན་པ་མྱུར་དུ་སྟེར་རྒྱུ་ཡིན”་ཞེས་ཁས་བླངས་ཟིན་ཡོད་ཀྱང་སྟེར་མ་ཐུབ། ད་ལྟར་མཚོན་ན་ལྡབ་བཅུ་ཡི་སྐྱིན་པ་སྟེར་འདོད་ཀྱང་སྟེར་མི་ཐུབ།
(ཉི་སྡོད་བོད་མི་འགས་བསྒྱུར)
རྩོམ་ཁུངས། ཉི་སྲས་ཀྱི་པོད་ཁུག