ཞི་བདེ་དང་དམག་འཁྲུག
འཛམ་གླིང་འདི་རུ་ཞི་བདེ་གང་ཡང་མེད་ལ། ལོ་རྒྱུས་ཁྲོད་དུས་སྐབས་གཉིས་འབའ་ཞིག་བྱུང་མྱོང་སྟེ། ང་ཚོ་རྒྱུས་མངའ་ཆེ་བའི་དམག་འཁྲུག་གི་དུས་སྐབས་དང༌། ཞི་བདེ་རུ་འབོད་པའི་དུས་སྐབས་དེ་རེད། ཞི་བདེ་རུ་འབོད་པའི་དུས་སྐབས་དེ་ནི་མི་མངོན་པའི་སྒྲིབ་གཡོག་ཅིག་སྟེ། དོན་དངོས་ཐོག་དམག འཁྲུག་གཞན་ཞིག་གི་ཆེད་དུ་སྟ་གོན་བྱེད་པའི་དུས་སྐབས་ཞེས་བརྗོད་ཆོག ལོ་རྒྱུས་ཧྲིལ་བོ་ཁྲོད་དོན་ཚན་གཉིས་འབའ་ཞིག་མངའ་སྟེ། དམག་འཁྲུག་དང་དམག་འཁྲུག་གི་ཕྱིར་དུ་གྲ་སྒྲིག་དེ་རེད། ཁྱེད་ཀྱིས་ང་ལ་སྐད་ཆ་འདྲི་བཞིན་ཡོད་དེ། འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་རྗེས་འཛམ་གླིང་ཡོངས་ལ་གཞུང་འབྲེལ་གྱིས་ཞི་བདེ་བསྐྱར་གསོ་བྱས་པ་ནས་བཟུང༌། ཆབ་སྲིད་པ་རྣམས་ཀྱིས་ཅི་ཞིག་བྱེད་མྱོང་ཟེར།
ཆབ་སྲིད་པ་རྣམས་ཀྱིས་དུས་ཀུན་སྒྲུབ་བཞིན་པ་ཏག་ཏག་སྒྲུབ་བཞིན་ཡོད་དེ། འཛམ་གླིང་དམག་ཆེན་གསུམ་པའི་སྟ་གོན་ཆེད་དུ། རྩོད་རྙོག་སློང་བ། ལྷིང་འཇགས་དཀྲུག་པ། དབྱེ་འབྱེད་བྱེད་པ། དྲག་ཆས་བཟོ་བ་བཅས་ནི་དེ་བས་ཀྱང་མང་ངོ༌།། ཐེངས་ཤིག་ཨིན་སི་ཐན་མཆོག་ལ་སྐད་ཆ་ཞིག་དྲིས་མྱོང་སྟེ། ཁྱེད་རང་རྡུལ་ཕྲན་ནུས་ཤུགས་སྐྲུན་མཁན་ཞིག་ཡིན་པའི་ཆ་ནས་འཛམ་གླིང་དམག་ཆེན་གསུམ་པ་ནང་དུ་ཅི་ཞིག་འབྱུང་རྒྱུ་ཡིན་པས་སྐོར་ང་ཚོ་ལ་གནས་ཚུལ་ཞིག་བརྗོད་ཐུབ་བམ་ཟེར། ཨིན་སི་ཐན་མཆོག་གི་མིག་ནང་མཆི་ཞགས་འཁོར་ཏེ་བརྗོད་དོན། ངས་དེའི་སྐོར་གང་ཡང་མི་ཤེས་པས་འཛམ་གླིང་དམག་ཆེན་གསུམ་པའི་སྐོར་ང་ལ་སྐད་ཆ་མ་འདྲི། འོན་ཀྱང༌། གལ་སྲིད་ཁྱེད་ཀྱིས་འཛམ་གླིང་དམག་ཆེན་བཞི་བའི་སྐོར་ཤེས་ཚེ། ངས་གང་ཞིག་བརྗོད་ནུས་ཟེར།
དྲི་བ་འདྲི་མཁན་གྱི་གསར་འགོད་པ་དེ་ཧ་ལས་ཧོན་ཐོར་བ་དང་ཚད་མེད་ཀྱིས་ངོ་མཚར་སྐྱེས། མི་དེ་ཡིས་འཛམ་གླིང་དམག་ཆེན་གསུམ་པའི་སྐོར་ལ་གང་ཡང་མི་གླེང་བ་དང༌། ཁོས་དེའི་སྐོར་གང་ཡང་མི་ཤེས་ཟེར། ཡིན་ནའང༌། མི་དེས་འཛམ་གླིང་དམག་ཆེན་བཞི་བའི་སྐོར་ལ་གང་ཞིག་བཤད་རྩིས་བྱས། ཁོས་སྤྲོ་སེམས་འཁོལ་བའི་ངང་ནས་སྐད་ཆ་དྲིས་ཏེ། དེ་ན་འཛམ་གླིང་དམག་ཆེན་བཞི་བའི་སྐོར་བཤད་རོགས་གནང་ཟེར། ཨིན་སི་ཐན་མཆོག་གིས་བརྗོད་དོན། དེའི་སྐོར་ལ་གནད་འགག་གཅིག་རང་གཅིག་བརྗོད་ནུས་ཏེ། དེ་ནི་ནམ་ཡང་འབྱུང་མི་སྲིད་དོ། །འཛམ་གླིང་དམག་ཆེན་གསུམ་པ་ནི་འཛམ་གླིང་དམག་ཆེན་ཐ་མ་དེ་ཆགས་ངེས་ལ། གཞུང་འབྲེལ་གྱི་ངོས་ནས་ཞི་བདེ་བསྐྱར་གསོ་བྱས་པ་ནས་བཟུང༌། སྲིད་དོན་པ་རྣམས་ཀྱིས་ཐ་མའི་དམག་འཁྲུག་དེའི་ཆེད་དུ་གྲ་སྒྲིག་བྱེད་བཞིན་ཡོད་དོ། །ཁྱེད་ཀྱིས་བློ་ངོར་འཆར་ནུས་པའི་སྲིད་དོན་པ་དང་ཁོ་རྣམས་ཀྱི་བྱ་སྤྱོད་ནི་ཆེས་སྐྱུགས་བྲོ་བ་ཞིག་ཡིན། ང་ཚོས་མུན་ནག་གི་མཚན་མོ་ཞིག་ལ་ཁ་གཏད་བཞིན་ཡོད་སྐབས། གནའ་གཏམ་ཞིག་གིས་བདག་ལ་དྲན་སྐུལ་ཐེབས་མྱོང་སྟེ། མཚན་མོ་དེ་ཆེས་མུན་ནག་ཡིན་སྐབས། སྐྱ་རེངས་དེ་ཆེས་ཐག་ཉེ་ཡིན་ཟེར། འོན་ཀྱང༌། ང་ཚོའི་མཐའ་བསྐོར་བཞིན་པའི་མུན་ནག་གི་མཚན་མོ་འདི་ལ་གཞིག་ན་མུན་ནག་གི་མཚན་མོར་སྐྱ་རེངས་ལྡན་ཞེས་བརྗོད་པར་ང་རང་ཐེ་ཚོམ་སྐྱེ་འོང༌།
ཕྱི་ལོ༡༩༤༥་ལོ་ནས་བཟུང༌། བྱ་བ་ཅི་ཞིག་བྱུང་ཟིན་པའི་ཐད་ལ་ངས་ཁྱེད་ལ་ཏག་ཏག་བརྗོད་ཆོག མི་མང་རྣམས་ནི་དོན་དངོས་ཐོག་བླུན་རྨོངས་ཁྲོད་འཐིམ་སྟེ། སྐད་ཅིག་ཙམ་གྱིས་སྒྲེགས་འཕྱུར་ནུས་པའི་མེ་རི་ཞིག་གི་སྒང་དུ་སྡོད་བཞིན་པ་ཤེས་རྟོགས་དབེན་པས། ཁོ་ཚོ་ཆོ་མེད་ཀྱི་བྱ་བཞག་ཁྲོད་དུ་ཞུགས་པར་གཞན་གྱིས་རྒྱུད་བསྐུལ་བྱས་ཏེ། དོན་དངོས་ཀྱི་དཀའ་ངལ་རྣམས་མི་མངོན་པར་ཉར་ནས། དོན་དངོས་ཀྱི་དཀའ་ངལ་ཁྲོད་འཚོ་སྡོད་མེད་པར་ནང་བཞིན་སྟོན་པའོ།།
ཕྱི་ལོ་༡༩༤༥ལོ་ནས་བཟུང༌། འདིར་རྒྱལ་ཁབ་དྲུག་ཅུ་རེ་དྲུག་ཁྲོད་དུ་དམག་འཁྲུག་བརྒྱ་དང་ལྔ་བྱུང་མྱོང་སྟེ། རྒྱལ་ཁབ་དེ་རྣམས་ནི་འཛམ་གླིང་རྒྱལ་ཁབ་གསུམ་པའོ།། (ཨ་ཧྥུ་རི་ཀ ལེད་ཌིན་ཨ་མེ་རི་ཀ ཨེ་ཤི་ཡ་བཅས་ནི་བཟོ་ལས་ཡར་ཐོན་ཞན་པའི་རྒྱལ་ཁབ་གསུམ།) གནད་འགག་ཅིག་ལ་དྲི་བ་ཞིག་འདྲི་བར་འདུན་པ་སྐྱེ་སྟེ། འཛམ་གླིང་རྒྱལ་ཁབ་གསུམ་པའི་ཁྲོད་དུ་ དམག་འཁྲུག་ ཅིའི་ཕྱིར་བྱུང་བ་ཡིན་ནམ། ཨ་རི་དང་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ནི་འཛམ་གླིང་དམག་ཆེན་གཉིས་པའི་ནང་དུ་བེད་སྤྱད་ཟིན་པའི་དྲག་ཆས་རྣམས་རྒྱ་བསྐྱེད་དུ་སྤེལ་བས་གཏེ་བོ་རུ་གྱུར། རྒྱལ་ཁབ་དེ་གཉིས་ལ་མཚོན་ན་མཚོན་ཆ་དེ་དག་བེད་སྤྱོད་མེད་མོད། འོན་ཀྱང༌། ཁོ་ཚོས་རྒྱལ་ཁབ་གང་ལ་མཚོན་ཆ་དེ་དག་མཁོ་ན་དེ་རུ་ཕྱིར་འཚོང་བྱེད་ངེས་ལ། གལ་ཏེ་འདིར་དམག་འཁྲུག་འདྲ་འབྱུང་ན་རྒྱལ་ཁབ་དེ་དག་གིས་བེད་སྤྱོད་བྱེད་ངེས།
ཨ་མེ་རི་ཁས་ཕ་ཁེ་སི་ཐན་ལ་མཚོིན་ཆ་ཕར་སྤྲོད་ཅིང༌། རྒྱ་གར་གྱིས་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ནས་མཚོན་ཆ་རྣམས་ཚུར་དབོར་འདྲེན་བྱེད་པས། འདི་ནི་འཛམ་གླིང་དམག་ཆེན་གསུམ་པ་འབྱུང་བའི་སྔ་ལྟས་སོ། །རྒྱལ་ཁབ་ཅིག་གིས་དུས་ཡུན་རྫོགས་པའི་དངོས་རྫས་རྣམས་ཨུ་རུ་སུ་ནས་ཉོ་སྒྲུབ་བྱེད་ཅིང༌། རྒྱ་གར་གྱི་ཁ་གཏད་པ་ཁེ་སི་ཐན་གྱིས་ཨ་རི་ནས་ཉོ་སྒྲུབ་བྱེད་པར་བསྟེན། འདི་ནི་ཉོ་ཚོང་བཟང་བོ་ཞིག་ཏུ་འཁུམས། ཁོ་ཚོས་རང་ཉིད་ཀྱི་འབངས་མི་རྣམས་འཁྲུག་རྩོད་བྱེད་བཞིན་པའི་ཐད་ལ་བཀག་འགོག་མི་བྱེད་དེ། རྒྱུ་མཚན་ནི། གལ་སྲིད་བཀག་འགོག་བྱས་པའི་དབང་དུ་བཏང་ན། ཁོ་ཚོས་ཨ་སྒོར་དུང་ཕྱུར་མང་པོ་འགྲོ་སོང་བཏང་བའི་མཚོན་ཆ་དེ་དག་གང་དུ་ཕྱིར་ཚོང་བྱ་རྒྱུ་ཡིན་ནམ། འདིར་ཉམ་ཐག་གི་རྒྱལ་ཁབ་དང་ཆབ་སྲིད་པ་རྣམས་ཀྱིས་མཚོན་ཆ་དེ་དག་འཚོལ་སྒྲུབ་བྱེད་པར་གྲ་སྒྲིག་ཡོད་མོད། འོན་ཀྱང༌། འགྲོ་གྲོིན་སྔོན་རྩིས་ཀྱི་བརྒྱ་ཆ་བདུན་ཅུ་དོན་ལྔ་དམག་དོན་ཆེད་དུ་བཏང་བས་ཁོ་ཚོའི་འབངས་མི་རྣམས་ལྟོགས་ཤི་ཐེབས་བཞིན་ཡོད། སྤྱིའི་ཆ་སྙོམས་བྱས་པ་ལྟར་ན། དམག་འཁྲུག་རེ་ལ་ལོ་གསུམ་དང་ཕྱེད་ཀ་རེ་འགོར་པར་བརྟེན། ཞི་བདེ་བསྐྱར་གསོར་བྱས་མྱོང་བ་སུས་བརྗོད་དམ། རྒྱལ་ཁབ་དྲུག་ཅུ་རེ་དྲུག་ཁྲོད་དུ་དམག་འཁྲུག་ཐེངས་བརྒྱ་དང་ལྔ་བྱུང་མྱོང་བས། དམག་འཁྲུག་རེ་ལ་སྤྱིའི་ཆ་སྙོམས་ལྟར་ན་ལོ་ངོ་གསུམ་དང་ཕྱེད་ཀ་འགོེར་བ་དེ་ལ་ཁྱེད་རྣམས་ཀྱིས་ཞི་བདེ་རུ་འབོད་དམ། རྒྱལ་ཁབ་འདི་རྣམས་ཀྱིས་མི་མང་ས་ཡ་བཅུ་དྲུག་གི་འཆི་རྐྱེན་བསླངས་མྱོང་ལ། འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད་དུའང་མི་མང་ས་ཡ་མང་པོ་ཤི་རྐྱེན་ཐེབས་ཤིང༌། འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་པ་ནས་བཟུང༌། མི་མང་ས་ཡ་བཅུ་དྲུག་ལྷག་དམག་འཁྲུག་གི་ཁྲོད་འཆི་ལམ་དུ་བསྐྱལ་བས་ཞི་བདེའི་དུས་ཚོད་ཅིག་གང་དུ་ཡོད་དམ། ཁྱེད་རྣམས་ཀྱིས་དེ་ལ་ཞི་བདེ་རུ་གླེང་ངམ། འོན་ཀྱང༌། ཆབ་སྲིད་པ་དེ་ཚོ་ཧ་ཅང་གི་གཡོ་སྒྱུ་ལྡན་པས། མི་མང་ཚོ་ནི་ལོང་བ་སྟེ། ཁོ་ཚོའི་མཐའ་བསྐོར་ན་ཅི་ཞིག་འབྱུང་བཞིན་བའི་ཐད་ལ་དོ་སྣང་མི་བྱེད་པར། བྱ་བཞག་ཆུང་ཚགས་སྒང་དུ་འཁྲུག་འཛིང་བྱེད་ངེས། དཔེར་ན། མངའ་སྡེ་གང་གི་ཁོངས་སུ་རྫོང་ཁག་གང་ཞིག་ཉར་དགོས་སམ། (Belgaum)བྷེལ་རྗེམ་ནི་ས་གནས་འདིའི་རྫོང་ཁག་ཡིན་པས (Maharashtra)མ་ཧ་ར་ཤི་དིར་ནང་དུ་ངེས་པར་དུ་རང་སོར་ཉར་དགོས་སམ། རྒྱུ་མཚན་ནི། དེ་ནི་མ་ཧ་ར་ཤི་དིར་དང་(karnataka)ཁར་ན་ཀྲ་ཁཱ་བར་གྱི་ས་མཚམས་ཀྱི་རྫོང་ཁག་ཅིག་ཡིན་པའོ།། འདིར་སྐད་ཡིག་གཉིས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་མང་ཚོགས་དེ་དག་གིས་བྱ་བ་ཆུང་ཚགས་ཤིག་ཐག་གཅོད་མ་ནུས་པར་བརྟེན། ལོ་ངོ་བཅུ་ཕྲག་གསུམ་ཙམ་རིང་གཅིག་གིས་གཅིག་ལ་མུ་མཐུད་དུ་དམར་གསོད་བྱེད་བཞིན་ཡོད་དོ། །དོན་དངོས་ཐོག་སུ་དང་གང་ལའང་ཐག་གཅོད་ཀྱི་དགོས་འདོད་མེད་དམ། དེ་ལས་གཞན་པའི་དཀའ་ངལ་དེ་ཅི་ཞིག་ཡིན་ནམ། དེ་ནི་བར་གནས་ཀྱི་ཞིབ་རྟོག་འོག་བསམ་ཤོག་བསྡུ་ལེན་བྱས་ཏེ་མང་ཚོགས་ཀྱིས་བསམ་ཤོག་བསྡུ་ལེན་ས་གནས་དེ་གར་ཐག་གཅོད་བྱེད་ནུས་པས། འདིར་གཅིག་གིས་གཅིག་ལ་དམར་གསོད་བྱེད་དགོས་དོན་མེད་དོ། །འོན་ཀྱང༌། ཆབ་སྲིད་པ་ཚོ་ས་གནས་གང་སར་རྒྱུན་མཐུད་དུ་འབྱུང་བཞིན་པའི་དཀའ་རྙོག་ལ་སྤྲོ་བ་ཟབ་ཞིང་དེ་ཡི་དགོས་མཁོར་བརྟེན་དེ་ལྟར་ཐག་གཅོད་མ་བྱས་པར་སྣང༌། མི་མང་ས་ཡ་བཅུ་དྲུག་འཆི་ལམ་དུ་བསྐྱལ་ཟིན་པས། ད་དུང༌། སློབ་ཆུང་དང་སློབ་འབྲིང༌། མཐོ་སློབ་བཅས་ནང་ན། ཁོ་ཚོའི་བསྐྱར་བཟླས་ཀྱིས་འདི་ལྟར་གླེང་བཞིན་ཡོད་དེ། ང་ཚོ་ཞི་བདེའི་དུས་སྐབས་ཤིག་གི་ནང་དུ་འཚོ་སྡོད་བྱེད་བཞིན་ཡོད་ཟེར། དེ་ན་འཇིའུ་མི་རིགས་ས་ཡ་དྲུག་ཙམ་རྡེབ་གསོད་བཏང་པ་དང༌། འཛམ་གླིང་འཁྲུག་ཆེན་བྱུང་བ་དེ་ཡང་ཞི་བདེ་ཡིན་ནམ། དམག་འཁྲུག་ཕལ་ཆེ་བ་ཤར་གླིང་ཨེ་ཤི་ཡ་ནང་དུ་བྱུང་མྱོང༌། དེ་ནི་སྟོབས་ཆེན་རྒྱལ་ཁབ་ཚོའི་དམག་བྱུས་དང་ཁོ་ཚོའི་སྲིད་དོན་པ་རྣམས་ཡིན་ཏེ། ཁོ་ཚོས་ངེས་པར་དུ་རྒྱལ་ཁབ་གཞན་པར་དམག་འཁྲུག་སློང་པར་རྒྱུན་བསྲིང་བའོ། །ཨ་རི་དང་ཨུ་རུ་སུ་གཉིས་ཀྱིས་ཨ་ཧྥི་གྷ་ནི་སི་ཐན་གྱི་མི་མང་རྣམས་གསོད་པའི་ཕྱིར་ཨ་ཧྥི་གྷ་ནི་སི་ཐན་ནང་དུ་དམག་དྲངས་ཏེ། ཨ་ཧྥི་གྷ་ནི་སི་ཐན་ནི་དུར་ཁྲོད་ཞིག་དུ་བསྒྱུར་བ་དང༌། ཨ་རི་དང་ཨུ་རུ་སུ་གཉིས་ཀྱིས་མཚོན་ཆ་ཉོ་ཚོང་གི་ཁེ་བཟང་ལེན་པ། ཁོ་ཚོའི་རང་ཉིད་ཀྱི་མཚོན་ཆ་དང་ལག་རྩལ་བ་རྣམས་རྒྱལ་ཁབ་དེ་རུ་མངག་བཞིན་ཡོད་དེ། ཁོ་ཚོས་ཨ་ཧྥི་གྷ་ནི་སི་ཐན་རྣམས་ལ་སྦྱོང་བརྡར་སྤྲད་པ་དང༌། ཨ་ཧྥི་གྷ་ནི་སི་ཐན་རྣམས་ཀྱིས་རང་རིགས་རང་གིས་དམར་བསོད་བྱེད་བཞིན་ཡོད་པ་རེད། འདི་འདྲའི་ཟུར་གཅིག་ན་ཨུ་རུ་སུ་ནས་འབྱོར་བའི་མཚོན་ཆ་ཡོད་ལ། ཟུར་གཞན་ཞིག་ན་ཨ་རི་ནས་འབྱོར་བའི་མཚོན་ཆའང་ཡོད།
ཧེ་རོ་ཤི་མ་རུ་ཆགས་སྒོ་བྱུང་བ་ནས་བཟུང༌། ཡུལ་མི་ས་ཡ་དགུ་ཙམ་ཡུལ་སྲོལ་གྱི་དམག་འཁྲུག་ཁྲོད་འཆི་ལམ་དུ་བརྫངས་ཟིན། གདོད་མའི་དུས་སྐབས་ཁྲོད་ཡུལ་མི་རྣམས་ནམ་ཡང་བསད་མྱོང་མེད། དེ་ནི་ཧ་ཅང་གི་རྒྱུ་མཚན་དང་མི་ལྡན་པས། གལ་ཏེ་ཁྱེད་ཀྱིས་དམག་མི་རྣམས་ཀྱིས་འཐབ་འཛིང་བྱེད་སྐབས་དམག་མི་ཁྲོད་དུ་དམག་འཁྲུག་རྒྱག་བཞིན་པའི་མི་མང་ཕལ་བ་དེ་རྣམས་གསོད་ངེས་ཡིན་པ་ཐག་གིས་ཆོད། འོན་ཀྱང༌། དེ་རྣམས་ལ་རྒྱུ་མཚན་དང་ཚོར་ཤུགས་མེད་པར་སྙམ་པ། ས་སྐྱེས་རྡོ་སྐྱེས་ཀྱི་མི་མང་ས་ཡ་དགུ་ཙམ་བསད་ཤུལ་ན། དེར་བྱིས་པ་ཆུང་ངུ་ཡོད་ལ། བུད་མེད་རྒན་པའང་ཡོད། དེ་རྣམས་ཀྱིས་དམག་འཁྲུག་ཕྱིར་དུ་གནོད་འཚེའི་བྱ་བ་གང་ཡང་སྒྲུབ་མེད་དེ། བྱིས་པ་རྣམས་རང་ཉིད་ཀྱི་སློབ་གྲྭར་དེབ་ཀློག་བཞིན་ཡོད་ལ། བུད་མེད་རྒན་པ་དེ་རྣམས་རང་ཉིད་ཀྱི་ཐབ་ཚང་ཁྲོད་དུ་ཞལ་ལག་བཟོ་བཞིན་ཡོད་པར་སྙམ། ཉིན་ཤས་སྔོན་ལ། རོ་ནལ་ཏྲི་རེས་ཇོན་(Ronald Reagan) གྱིས་རྒྱུ་མཚན་གང་ཡང་མེད་པར་ལད་བྷེ་ཡ་(Libya)རུ་འཐབ་རྩོད་བྱས་ནས་ལད་བྷེ་ཡ་ཡིས་མི་སེར་གྱི་ས་ཁུལ་དུ་འབར་མདེལ་འཕངས། ཁོ་ཚོའི་དམིགས་ས་ནི་ཁལ་སྒྲ་ཧྥེི(Kaddafi)ལ་གྲོང་ཁྱེར་ནང་ཁུལ་དུ་ཁང་བརྩེགས་ཆེན་མོ་གསུམ་ཡོད་པ་དེ་ཡིན་པས། ཁང་བརྩེགས་དེ་གསུམ་འབར་མདེལ་གྱིས་གཏོར་བཤིག་བཏང་བར་བརྟེན། ཁང་བརྩེགས་གཞན་པའང་མེ་ལ་ཚིག་པ་དང་གཏོར་བཅོམ་ཐེབས། དེའི་རྗེས་ཞིབ་དཔྱོད་པ་རྣམས་ཀྱི་ཞིབ་མོར་བརྟག་དཔྱད་ལྟར་ན། གསོད་མཁན་ཆེད་ལས་པ་རྣམས་ཀྱིས་ཁལ་སྒྲ་ཧྥེ་ཕྱིར་དུ་ལད་བྷེ་ཡའི་ནང་ལོགས་སུ་སྔོག་བཤེར་བྱས་པ། རྒྱུ་མཚན་གང་ཡིན་ཞེ་ན། ཁལ་སྒྲ་ཧྤ་རང་ཁྱིམ་དུ་གནས་མེད་པ་དང་འབར་མདེལ་གྱིས་བསད་མེད་པར་སྙམ་པ་རེད།
ཁོ་ཚོས་མི་སེར་གྱི་ས་ཁུལ་དུ་འབར་མདེལ་འཕངས་པ་དང༌། གསོད་མཁན་ཆེད་ལས་པ་རྣམས་ཀྱིས་ཁལ་སྒྲ་ཧྤེ་འཚོལ་བར་ལད་བྷེ་ཡའི་ནང་ལོགས་སུ་སྔོག་བཤེར་བྱས་པ། ཁོ་ཚོས་ཁལ་སྒྲ་ཧྤེ་ཡི་བུ་མོ་ཁོ་ན་དམར་གསོད་བྱེད་ནུས་ཡོད་ལ། ཁལ་སྒྲ་ཧྥེ་དང་ལད་བྷེ་ཡའི་གཉིས་ཀའི་མི་འདོད་དགག་གཞག་གི་རྣམ་འགྱུར་ཞིག་ཁོ་ཚོ་ལ་ནམ་ཡང་བསྟན་མྱོང་མེད་དོ།།
དེ་ནི་དབྱིན་ཡུལ་གྱིས་རོད་ནལ་ཏྲི་རེལ་ཇོན་ལ་ལེད་བྷེ་ཡ་རུ་འབར་མདེལ་འཕེན་པའི་ཕྱིར་དུ་བེད་སྤྱོད་བྱེད་པའི་ཉིན་མོ་དང་་དུས་གཅིག་ལ་འཁེལ་འདུག དབྱིན་ཇིའི་གྲོས་ཚོགས་ཀྱིས་བདག་ལ་དུས་ཚོད་དྲུག་གི་རིང་ལ་གནམ་ཐང་གི་ངལ་གསོ་ཁང་དུ་སྡོད་དུ་བཅུགས་པ་རེད། ཅིའི་ཕྱིར་ཞེ་ན། ང་ནི་གདུག་རྩུབ་ཆེ་བའི་མི་ཞིག་ཡིན་པར་བརླམས་པ། རོད་ནལ་ཏྲི་རེས་ཇོན་གྱིས་ནག་ཉེས་མེད་པའི་རྒྱལ་ཁབ་ཤིག་ལ་འབར་མདེལ་འཕེན་པར་དབྱིན་ཇིས་ཆོག་མཆན་ཐོབ་སྟེ། རྒྱལ་ཁབ་དེ་ཡིས་དབྱིན་ཇི་རྒྱལ་ཁབ་ལ་གནོད་འཚེ་གང་ཡང་བྱས་ཡོད་པ་མ་རེད། འདི་ནི་འགྲོ་བ་མིའི་རིགས་ལ་རྒྱུན་དུ་འཕྲད་བཞིན་པའི་མཚན་མོའི་མུན་ནག་ལྟ་བུ་རེད། ད་ལྟའི་སྐབས་འདིར་དམག་གི་འགྲོ་གྲོན་སྔོན་རྩིས་ལྟར་ན་ལོ་རེ་ལ་ཨ་སྒོར་དུང་ཕྱུར་བདུན་བརྒྱ་ཙམ་ཞིག་རེད། ལོ་རེར་མི་མང་ས་ཡ་བཅུ་བཞི་ལྷག་ན་ཚ་དང་ལྟོགས་སྐོམ་ཁྲོད་ནས་ཤི་བས། མི་མང་གི་ཐེབས་རྩའི་ཨ་སྒོར་དུང་ཕྱུར་བདུན་བརྒྱ་ཙམ་ལོ་རེར་དམག་འཁྲུག་ཆེད་དུ་གཏོང་བ། སྐར་མ་རེ་རེར་བྱིས་པ་སུམ་ཅུ་བཟའ་བཏུང་དང་སྨན་གྱི་དགོས་མཁོ་ཆེད་དུ་འཆི་བཞིན་ཡོད་ལ། སྐར་མ་རེ་རེར་མི་མང་གི་ཐེབས་རྩའི་ཨ་སྒོར་ས་ཡ་གསུམ་ཆའི་གཅིག་ཙམ་འཛམ་གླིང་གི་དམག་མིའི་འགྲོ་གྲོན་ཆེད་དུ་གཏོང་བ། འཛམ་གླིང་གི་ཤིང་ནགས་ཡོད་ཚད་ལོ་གཅིག་ལ་ཧེ་ཌར་(Hectares)ས་ཡ་བཅོ་བརྒྱད་ནས་ཉི་ཤུའི་ཚད་གཞི་མི་སྣང་བར་འགྱུར་བཞིན་ཡོད་ལ། དེ་ནི་ཁོད་ལེ་ཧྥོ་ནེ་ཡ་ཡི་རྒྱ་ཁྱོན་གྱི་ཕྱེད་ཀ་སྟེ། ཁོད་ལེ་ཧྥོ་ཡ་ནི་ཨ་རིའི་མངའ་སྡེ་ཆེས་ཤོས་ཡིན་ལ། ལོ་ངོ་ཉི་ཤུ་དང་སུམ་ཅུ་རྗེས་ཀྱི་ནང་ཁུལ་དུ། ལྷོ་བྱང་དུ་གནས་པའི་ཤིང་ནགས་ཡོད་ཚད་རྫོགས་ལ་ཉེ་བ་དང༌། རྙོག་དྲ་རུ་ཚུད་པའི་བྱ་སྤྱོད་ངན་པ་འདི་ནི་ཇི་འདྲའི་ཧང་སང་དགོས་པ་ཞིག་རེད་ཨང༌། ཅིའི་ཕྱིར་ཞེ་ན། ཤིང་ནགས་ཀྱིས་ང་ཚོ་ལ་ཚེ་སྲོག་དང་སྲོག་རླུང་མཁོ་སྤྲོད་བྱེད་བཞིན་ཡོད་པས། གལ་ཏེ་ཤིང་ནགས་འདི་རྣམས་འདི་ལྟར་རྩ་མེད་སོང་ཚེ། འགྲོ་བ་མི་འདི་བརླག་ངེས་དང་འདང་ངེས་ཀྱི་སྲོག་རླུང་ཞིག་གང་ནས་འཚོལ་ངེས་སམ། ཕྱོགས་གཞན་ཞིག་ནས་གླེང་ན། ང་ཚོས་ནག་རྫས་འབར་རླངས་ཀྱི་ཁ་དབུགས་ཕྱི་རུ་གཏོང་ཞིང༌། ཤིང་ནགས་རྣམས་ཀྱིས་ནང་དུ་རྔུབ་པར་བྱེད་དོ། །གལ་ཏེ། ཤིང་ནགས་འདི་དག་རྩ་སྟོང་དུ་ཆས་ཚེ། བར་སྣང་ན་རྒྱུན་ཆད་མེད་པའི་གཅིག་ཏུ་འདུ་བའི་ནག་རྫས་འབར་རླངས་ཀྱི་ཆགས་རིམ་རྣམས་མཐུག་པོར་འགྱུར་ཏེ། ས་གཞི་འདིའི་སྒང་གི་རླུང་གི་དཀྱིལ་འཁོར་རྣམས་མཇུག་རྫོགས་ངེས་ཡིན་ལ། ནག་རྫས་འབར་རླངས་ཀྱི་རྐྱེན་གྱིས་རླུང་གི་དཀྱིལ་འཁོར་གྱི་ཚ་ཚད་དེ་འཕར་བཞིན་ཡོད། དེ་ནི་དུས་རྒྱུན་གྱི་ཚད་གཞི་ལས་ལྡབ་བཞི་ལས་ལྷག་པའི་ཇེ་ཆེར་འགྲོ་བཞིན་ཡོད་པའོ།། གལ་ཏེ་ཤིང་ནགས་ཡོད་ཚད་རྩ་སྟོང་དུ་འགྱུར་ཚེ། དྲོད་ཚད་མཐོ་རུ་འགྲོ་བའི་གནད་དོན་གཉིས་འབྱུང་བ་སྟེ། དང་པོ་ནི། འཚོ་སྡོད་ལ་དཔེ་མི་སྲིད་པའི་འཕོ་འགྱུར་ཐེོབས་ངེས། གཉིས་པ་ནི། རི་བོ་ཧི་མ་ལ་ཡ་དང་ནུབ་བྱང་གི་འཁོར་གནས་སོགས་ཀྱི་འཁྱགས་རོམ་རྣམས་ཞུ་འགོ་རྩོམ་པ་དང༌། རྒྱ་མཚོའི་མཐོ་ཚད་ཧྥེ་ཁྲི་(feet)བཞི་བཅུ་ཡིས་ཡར་འཕར་བས། ང་ཚོའི་ལུང་པ་དང་གྲོང་ཁྱེར་ཡོད་ཚད་ལ་ཆུ་ལོག་རྒྱུག་པ། ཐ་ན་གོ་ལ་ཧྲིལ་བོ་ཆུ་རུ་ནུབ་སྲིད་དོ།། ཆབ་སྲིད་པ་རྣམས་ཀྱིས་འདི་ལྟར་སྒྲུབ་བཞིན་ཡོད་དེ། ཟླ་བ་ཁ་ཤས་སྔོན་དུ། ཁོ་བོ་བལ་ཡུལ་དུ་བསྡད་ཡོད་ལ། བལ་ཡུལ་ནི་འཛམ་གླིང་ནང་གི་རྒྱལ་ཁབ་སྐྱོ་ཤས་ཀྱི་གྲས་དེ་ཡིན་མོད༌། འོན་ཀྱང༌། དམག་དོན་དང་འབྲེལ་བའི་རྒྱལ་ཁབ་གཞན་ལ་འབྲེལ་བ་ཡོད་པ་དེ་འགག་པར་དོགས་ནས། ཧི་མ་ལ་ཡི་ནང་ཁུལ་གྱི་ཤིང་ནགས་དེ་ཨུ་རུ་སུ་མཉམ་འབྲེལ་ལྷན་ཚོགས་ལ་ཚོང་བར་བརྟེན། ཨུ་རུ་སུ་ཡིས་རི་ངོས་ཧྲིལ་བོའི་ཤིང་ནགས་ཡོད་ཚད་གཏུབ་ནས་བལ་བོ་རྒྱལ་ཁབ་ལ་སྐམ་ས་ལས་གང་ཡང་བསྐྱུར་མེད། དེ་དག་ཡོད་ཚད་ཚགས་ཤོག་བཟོ་བའི་ཆེད་དུ་ཡིན་ནམ། ཚགས་ཤོག་མང་པོ་དགོས་པ་རྒྱུ་མཚན་ག་རེ་ཡིན་ནམ། ཉིན་རེའི་ཚགས་ཤོག་ཡོད་ཚད་ཕལ་ཆེར་གཅིག་མཚུངས་ཡིན་པ་དང༌། ང་ཚོར་བརྒྱུད་ལམ་གྱི་མ་ལག་བརྒྱུད་ནས་གནས་ཚུལ་ཆ་ཚང་རེག་པས། ད་དུང༌། འདིར་བརྙན་འཕྲིན་དང་རླུང་འཕྲིན་ལྡན་པས་ཚགས་ཤོག་ནི་དུས་ཡུན་རྫོགས་པ་ཞིག་རེད། ཁྱེད་ཀྱིས་ཤིང་ནགས་ཡོད་ཚད་གཏོར་བཤིག་བཏང་ནས་ཚགས་ཤོག་དང་མཉམ་དུ་སྦྱར་དགོས་དོན་ཅི་ཡིན་ནམ། དེའི་རྒྱུ་མཚན་ནི་ཆབ་་སྲིད་པ་དང་སྲིད་འཛིན། སྲིད་བློན་རྣམས་ཀྱི་འདྲ་པར་ཚགས་ཤོག་གི་མདུན་ངོས་སུ་ཐོན་དགོས་པ་དང༌། ཁོང་ཚོའི་གསུང་བཤད་ཀྱིས་གནོད་སྐྱོན ཅི་ཞིག་ཐེབས་བཞིན་པའི་སྐོར་ལ་བསམ་ཞིབ་མེད་པར་དཔར་དུ་བསྐྲུན་པ་རེད། དུས་སྐབས་འདིར། གོ་ལའི་མི་འབོར་འདི་དུང་ཕྱུར་ལྔ་ནས་དུང་ཕྱུར་བདུན་ལ་འཕར་བར་ཚོད་དཔག་བྱེད་པས། མི་འབོར་སྐྱེད་འཕེལ་ཁོ་ནའི་འཛམ་གླིང་ཕྱེད་ཀ་རུ་ཆུ་ཡི་དགོས་མཁོ་ལྡབ་འགྱུར་གྱིས་བསྐྲུན་དགོས་པར་བསྟན་པ། དུས་རྒྱུན་ཆུ་ཡིས་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན། ཞལ་ལག་ནི་གནད་དོན་གཞན་ཞིག་རེད། ཅིའི་ཕྱིར་ཞེ་ན། ང་ཚོའི་དགོས་མཁོ་ལྡབ་འགྱུར་གྱིས་འཕར་བ་དང་བསྟུན་འཐུང་ཆུ་ཡང་དེ་ཙམ་གྱིས་དཀོན་པོར་ཆགས་པ། ཨ་རིས་སྙན་ཐོ་བཀོད་པ་ལྟར་ན་འཛམ་གླིང་ཡོངས་ལ། ལོ་གཅིག་གི་ནང་ལ་རྩ་ཐང་དང་ཞིང་སའི་ཧེ་ཏར་(Hectares)ས་ཡ་ཉི་ཤུ་བྲི་ནས་ཐོན་སྐྱེད་གང་ཡང་མེད་པར་གྱུར་བ་དང་་། ལོ་རེ་རྩི་ཤིང་དང་སེམས་ཅན་གྱི་རིགས་སྟོང་ཕྲག་ལས་བརྒལ་བ་རྩ་སྟོང་དུ་འགྲོ་བ། ཡར་ཐོན་གྱི་རྒྱལ་ཁབ་ཁྲོད་དུ་མི་མང་ས་ཡ་གཉིས་ཀྱི་ལྔ་ཚེག་གཅིག་ལ་ལོ་ལྟར་དུག་འབུ་ཕྲ་མོའི་སྨན་གྱིས་སྡུག་བསྔལ་མྱོང་བ་དང༌། དུག་འབུལ་དང་འབྲལ་བའི་འཆི་རྐྱེན་ནི་ལོ་རེ་ལ་ཆིག་སྟོང་རེ་ལྡན་པར་རོབ་རྩིས་རྒྱག་བཞིན་ཡོད། ཉེ་ཆར་རྒྱ་གར་འཆར་འགོད་ལྷན་ཚོགས་ཀྱི་འགན་འཛིན་ཚོས་སྙན་ཐོ་བཀོད་པ་ལྟར་ན། ང་ཚོ་རྒྱ་གར་ནང་དུ་ཆེས་སྣོད་བཅུད་ཆགས་འཇིག་གི་ཟུར་སྣེ་ན་འཚོ་སྡོད་བྱེད་བཞིན་ཡོད་པ། ལོ་ངོ་བཅུ་ཕྲག་འགའ་ཤས་སྔོན་དུ་ཨ་ཧྥི་རི་ཁ་ནང་དུ་དཀའ་ངལ་བྱུང་བ་ནང་བཞིན་རྒྱ་གར་ནང་དུའང་དེ་བཞིན་འབྱུང་བ་བཅས་བརྗོད་ཡོད།
མི་འབོར་འཕེལ་རྒྱས་སུ་འགྲོ་བ་དང་བསྟུན། ས་གཞི་མྱ་ངམ་གྱི་ཐང་ཆེན་དུ་གྱུར་ཞིང༌། འཐུང་ཆུ་ཙམ་ཡང་ རེག་དཀའ་བར་གྱུར། ད་དུང་། ཆུའི་དགོས་མཁོ་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བ། གང་ཡིན་ཞེ་ན། ཤིང་ནགས་རྣམས་གཏུབས་ཟིན་པས་རྐྱེན་གྱིས། བལ་ཡུལ་བརྒྱུད་བྷང་ལ་ངྷེ་ཞི་རུ་བཞུར་བའི་ཆུ་བོ་དེ་ཡིས་སྔོན་ཆད་མཐོང་མྱོང་མེད་པའི་འདི་འདྲའི་ཆུ་ལོག་ལོ་ལྟར་རྒྱུགས། མི་མང་སྟོང་ཕྲག་མང་པོ་ཤི་བ་དང༌། གྲོང་སྡེ་སྟོང་ཕྲག་མང་པོ་མེད་པར་བཟོས། རྒྱུ་མཚན་ནི། ཤིང་ནགས་རྩ་མེད་དུ་བཟོས་པའི་རྐྱེན་གྱིས་འདིར་རིམ་གྱིས་ཆུ་ལོག་བྱུང༌བའོ།།
རྒྱ་གར་དང་བལ་ཡུལ་གྱི་ཆབ་སྲིད་པ་རྣམས་ཀྱིས་ཤིང་ནགས་གཅོད་འབྲེག་གི་ལས་དོན་ཐད་ལ་མཚམས་འཇོག་གི་གྲ་སྒྲིག་མེད་ཞིང༌། ཁོ་ཚོ་རང་ཉིད་ཀྱི་འབངས་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་དགའ་ཞེན་མེད་པར་མ་ཟད། སུ་དང་གང་གིས་ཀྱང་ང་ཚོར་ཅི་ཞིག་དགོས་མཁོ་ཆེ་བའི་ཐད་ལ་བརྩད་གཅོད་ཀྱི་འདུན་པ་དེ་བས་ཀྱང་མེད། རྒྱ་གར་ལྟ་བུའི་རྒྱལ་ཁབ་སྐྱོ་བོ་ཞིག་ལ་ཚགས་ཤོག་དང་དུས་དེབ་མང་པོ་འདུག དེ་དག་ཡོད་ཚད་དགོས་མཁོ་ཅན་མ་རེད། ཤོག་བུ་དེ་དག་མ་བཅོས་གནམ་ནས་ལྷུང་འོང་བ་མ་རེད་ལ། རང་བྱུང་ས་ནས་སྐྱེས་པའང་མ་རེད། ཁྱེད་ཀྱིས་ཤིང་སྡོང་བཅད་པ་དེ་དག་ལོ་ངོ་བརྒྱ་དང་ལྔ་བཅུ་འགོར་མྱོང་ལ། ཤིང་སྡོང་དེ་དག་སྐྱེས་པར་ལོ་ངོ་ཉིས་བརྒྱ་འགོར་སྲིད་པ་རྣམས་མི་མངོན་པར་གྱུར་བ་རེད། ཁྱེད་ཀྱི་ཚགས་ཤོག་ཁྲོད་ནས་ཁྱེད་ལ་ཅི་ཞིག་ཐོབ་མྱོང༌། ཆབ་སྲིད་པ་རྣམས་ནི་ཁྱེད་ཀྱི་བཙོན་ཁང་ནང་གི་ནག་ཅན་དེ་མིན་པའི་ནག་ཅན་ངོ་མ་དེ་རེད། ཆབ་སྲིད་ཀྱི་གནས་བབས་ཁྲོད་ནག་ཅན་ཚོས་རང་ཉིད་འགྲོ་བ་མིའི་རང་མདོག་སྟོན་ངེས། དེང་སྐབས་རྒྱབ་ཁབ་མང་པོས་རང་ཉིད་ཀྱི་སྤྱི་ཚོགས་ཁྲོད་དུ་མཚན་མཐུན་ཆགས་སྤྱོད་ཀྱི་རིགས་ག་ཚོད་མང་པོ་ཡོད་པར་ཁྱབ་བསྒྲགས་མི་བྱེད་ཞིང༌། བུད་མེད་ཚོར་རེག་དུག་གིས་ཤི་བར་དེ་བས་ཀྱང་ཁྱབ་བསྒྲགས་མི་བྱེད་དེ། ཁོ་ཚོས་ངོས་སྦྱོར་ཡིག་ཆ་རེག་པར་སྨན་པ་ལ་ལྐོག་རྔན་སྤྲད་ནས་བུད་མེད་དེ་ཚོ་སྙིང་ནད་དང༌། ཡང་ན་སྐྲན་ནད་ལས་འཆི་བར་བརྗོད། རྒྱུ་མཚན་ནི། བུད་མེད་ཀྱི་ནང་མི་རྣམས་ཀྱིས་བུད་མེད་ཚོའི་མི་གཞིའི་རྩིས་ཐང་ལ་སེམས་ཁྲེལ་དང༌། མི་མང་གིས་དེ་སྐོར་ཅི་ཞིག་བསམ་པར་དོགས་པ་རེད། ཁྱེད་ཀྱི་ནང་མིའི་ཁྲོད་དུ་རེག་དུག་གིས་འཆི་རྐྱེན་བྱུང་མྱོང་ངམ། ཁྱེད་ཀྱིས་རེག་དུག་གིས་ན་ཚ་དེ་རང་ཉིད་ཀྱི་ཆུང་མ་ལ་འགོས་ངེས་ཡིན། གལ་སྲིད་ཁྱེད་གཉིས་ལ་བུ་ཕྲུག་ཡོད་ཚེ། ཁྱེད་ཀྱི་བུ་ཕྲུག་རེག་དུག་གི་ན་ཚ་དང་མཉམ་དུ་ནར་སོན་ཡོད་པ་སུས་ཀྱང་རྟོགས་མི་ནུས་པར་སྙམ། དེ་བས་ན་ཚ་དེ་རིམ་གྱིས་ཡོངས་སུ་ཁྱབ་སྤེལ་གཏོང་ངེས།
རྒྱུ་མཚན་ནི། རེག་དུག་གི་ན་ཚ་དེ་ནི་ཕྱིའི་གཟུགས་པོ་ལས་ཐོན་པའི་སྤྱིར་བཏང་འཁྲིག་སྤྱོད་ཀྱི་ན་ཚ་ཙམ་མིན་པར། ཁྱེད་ཀྱིས་མིག་ཆུས་ཀྱང་རེག་དུག་གི་སྲིན་འབུ་གཞན་ལ་ཁྱེར་ངེས། གལ་ཏེ། བྱིས་པ་ཞིག་ངུ་བ་ཡིན་ན། ཁྱེད་ཀྱིས་བྱམས་བརྩེའི་དབང་གིས་བྱིས་པ་དེའི་མིག་ཆུ་དབྱི་ངེས་པས། དེ་ནི་སྐྱི་གཡའ་བ་ཞིག་སྟེ། རེག་དུག་གི་སྲིན་འབུ་དེ་མིག་ཆུ་བརྒྱུད་ནས་ཁྱེད་ལ་འགོས་སྲིད། ཐ་ན་ཁ་ནང་གི་མཆིལ་མས་རེག་དུག་གི་སྲིན་འབུ་འཁྱེར་བ་དང༌། འགྲོ་བ་མིའི་རིགས་ཡོངས་རྗོགས་མུན་ནག་ཁྲོད་འདེད་ངེས། དེ་བས་ཁ་སྐྱེལ་བ་དེ་ཡང་ངེས་པར་དུ་མཚམས་འཇོག་བྱེད་དགོས། སེ་བྷེ་རེ་ཡ་(Siberia)ནང་དུ་འཚོ་སྡོད་བྱེད་པའི་མི་མང་ནི་འགྲོ་བ་མིའི་ཆ་ཤས་ཆུང་ངུ་ཞིག་རེད། ཨེ་སུ་ཁེ་མོད་སུ་(Eskimos)ཡི་མི་མང་ནི་འཛམ་གླིང་གི་ལོ་རྒྱུས་ཁྲོད་ནམ་ཡང་ཕན་ཚུན་བར་ལ་ཁ་མི་བསྐྱེལ་པའི་མི་རིགས་ཤིག་རེད། ཁོ་ཚོས་ཡི་ཤུ་ཆོས་ལུགས་པ་ཚོས་ཁ་བསྐྱེལ་བ་ཐོག་མར་མཐོང་སྐབས། ཇི་འདྲའི་སྐྱུགས་བྲོ་བ་རེད་སྙམ་ནས་དེ་ལ་ཡིད་རྟོན་བྱེད་མི་ནུས་ཏེ། ཁོ་ཚོའི་བློ་ངོ་རུ་མི་རིགས་འདི་ནི་འགྲོ་བ་མི་ཡིན་ནམ། ཡང་ན་སྲིན་པོའི་རིགས་ཤིག་ཡིན་ནམ་སྙམ་པའི་ངོ་མཚར་སྐྱེས། མི་རིགས་འདིའི་བྱེད་སྟངས་ནི་ཚན་རིག་དང་མཐུན་པ། འཕྲོད་བསྟེན་ལའང་ཕན་པའོ། །ཁོ་ཚོས་བརྩེ་བ་དེ་ཕྱི་རུ་མངོན་པར་ཕན་ཚུན་བར་ལ་ཁ་མི་བསྐྱེལ། རྒྱུ་མཚན་ནི། ཕན་ཚུན་བར་ལ་ཁ་བསྐྱེལ་བས་འཆི་ལམ་དུ་འདེད་པ་དང༌། བརྩེ་བ་སྤྲོད་མི་ནུས་པ་བསམ་ནས་ཁོ་ཚོས་སྣ་ཡིས་ཕན་ཚུན་ལ་ཕར་ཕར་རེ་བྱེད་པའོ།། དེང་འདིར་རེག་དུག་གིས་སྡུག་བསྔལ་མྱོང་བཞིན་པའི་མི་མང་ས་ཡ་བཅུ་ཡོད་པ་ཡོངས་གྲགས་ཀྱི་བཤད་སྲོལ་ཞིག་སྟེ། དེ་ནི་ངེས་གཏན་གྱི་སྙན་ཐོ་ཞིག་མིན་པས། རྒྱུ་མཚན་ནི། རྒྱ་གར་དང་འདྲ་བའི་རྒྱལ་ཁབ་མང་པོར་རེག་དུག་གི་གོ་རྟོགས་དབེན། ཡར་ཐོན་རྒྱལ་ཁབ་རྣམས་ཀྱིས་མི་མང་ས་ཡ་བཅུ་ལ་རེག་དུག་གིས་མནར་བཞིན་ཡོད་པ་ད་གཟོད་ཤེས་རྟོགས་བྱུང་ཡོད། རྗེས་ལུས་ཀྱི་རྒྱལ་ཁབ་མང་པོ་ཁྲོད་དུ་ཉུང་མཐའ་ཡང་མི་མང་ས་ཡ་བརྒྱ་ལྷག་རེག་དུག་གིས་སྡུག་བསྔལ་མྱོང་བཞིན་ཡོད་དོ།། གོ་ལ་ཟླུམ་པོའི་མཐའ་སྐོར་ལ་མི་མང་གནས་ཡོད་དེ། ཁོ་ཚོས་གྲོང་གསེབ་ཆུང་ཆུང་ནང་དུ་སེམས་ཅན་དང་མཉམ་དུ་འཁྲིག་སྤྱོད་བྱས་རྗེས། སེམས་ཅན་དེ་དག་ལ་ཁོ་ཚོའི་རེག་དུག་འགོས་ཡོད་པས། དེ་ནས་སེམས་ཅན་དེ་དག་གི་ཤ་དང་འོ་མ་བརྒྱུད་ནས་སྤྱི་ཚོགས་ཁྲོད་རེག་དུག་ཁྱབ་བརྡལ་དུ་སོང་བ། གནད་འགག་འདི་ནི་འགྲོ་བ་མིའི་སྟངས་འཛིན་མི་ཐུབ་པའི་རྡོག་ཁྲེས་ཤིག་ང་ཚོའི་རྒྱབ་ལ་བཞག་ཡོད།
ངས་སྙན་ཐོ་ཞིག་གི་ནང་དུ་བཙོན་ཁང་སྐོར་གྱི་གནས་ཚུལ་མཐོང་བ་ལྟར་ན། བཙོན་ཁང་གི་བཙོན་པ་བརྒྱ་ཆ་བདུན་ཅུ་ནི་མཚན་མཐུན་ཆགས་སྤྱོད་རེད། དེ་ནི་ཞིབ་ཚགས་ཀྱི་སྙན་ཐོ་ཞིག་ཡིན་པར་ངས་བསམ་གིན་མེད། བཙོན་ཁང་གི་དཔོན་རིགས་ཚོས་ངོས་ལེན་བྱས་པའི་ཚད་གཞི་དམའ་ཤོས་དེ་ཡིན་པར་སྙམ། རྒྱུ་མཚན་ནི་ལོ་ངོ་ཉི་ཤུ་དང་སུམ་ཅུ་རིང་ལ་བཙོན་ཁང་དུ་འཚོ་སྡོད་བྱེད་བཞིན་པའི་བཙོན་པ་རྣམས་ཀྱིས་བུད་མེད་དང་ལྷན་དུ་འབྲེལ་འདྲེས་བྱེད་ཐུབ་མེད་པས་ཕན་ཚུན་བར་ལ་མཚན་མཐུན་ཆགས་སྤྱོད་བྱེད་པར་གནོན་ཤུགས་སྤྲད་པའི་རྟགས་རེད།
རྒྱུ་རྐྱེན་དེའི་དབང་གིས་ཆབ་སྲིད་པ་རྣམས་ཀྱིས་ངེས་པར་དུ་ཆོས་པ་ཚོའི་དྲུང་ནས་སློབ་སྟོན་ཞུ་དགོས་ཞེས་ངས་གླེང་མྱོང༌། ཆོས་པ་ཚོས་ཀྱང་འབྱུང་སྲིད་པའི་ཆབ་སྲིད་ཀྱི་བྱ་གཞག་རེ་རེ་ལ་སློབ་སྟོན་གནང་དགོས། འོན་ཀྱང༌། རཱ་ཇི་གྷན་ངྷེ(Rajiv Gandhi)ཡིས་ཆོས་པ་ཚོས་གཏན་དུ་ཆབ་སྲིད་ལ་ཇུས་གཏོགས་མེད། ཆབ་སྲིད་པ་རྣམས་ཀྱིས་ཆོས་པ་ལ་ཇུས་གཏོགས་བྱེད་ནུས་པས། དེའི་སྐོར་དོགས་འདྲི་གང་ཡང་མེད་ཞེས་བརྗོད། དེ་ནི་གཞི་རྩ་མེད་པའི་སྐད་ཆ་ཞིག་རེད་མོད། འོན་ཀྱང༌། རཱ་ཇིའི་སྐད་ཆ་དེ་རྒྱུན་དུ་གླེང་བཞིན་གདའ།
ངས་རེ་སྒུག་བྱས་མྱོང་བ་ནི། འགྲོ་བ་མི་འདི་ཆེས་འཇིགས་སྣང་གི་གནས་བབས་ལས་ཐར་བར་བྱེད་པ་དེ་ཡིན། དེ་ནི་ངས་ད་དུང་རེ་ལྟོས་བྱེད་བཞིན་ཡོད། འོན་ཀྱང༌། ངའི་སེམས་ཁོངས་སུ་བློ་ཕམ་ཞིག་མཆིས་པ་ནི། ང་རང་འགྲོ་བ་མི་འདིའི་ཆེད་དུ་གང་ཡང་བྱེད་མི་ཐུབ་པའི་གནས་སྟངས་ཁྲོད་དུ་ལྷག་ཚེ། སྐབས་དེར་ངའི་མི་ཚེའི་མཐའ་མཇུག་དེ་ལྟར་མཇུག་རྫོགས་པར་སྙམ་པའི་བློ་ཕམ་དེ་ཡིན། འདི་ནི་ང་ཚོའི་མི་ཚེ་ཐ་མ་ཡིན་པ་མ་ཟད། ཚོར་ཤེས་སྐྱེན་པའི་འཚོ་སྡོད་ཡོད་ཚད་ཀྱི་ཐ་མའང་རེད། འདི་འདྲའི་ཚོར་ཤེས་སྐྱེན་པའི་འཚོ་སྡོད་ཡོད་ཚད་སའི་གོ་ལ་འདི་ཁོ་ན་སྒང་དུ་ལེགས་འགྲུབ་འབྱུང་བཞིན་ཡོད། མཁའ་དབྱིངས་འདིར་སྐར་མ་ས་ཡ་མང་པོ་ཡོད་ལ་སྐར་མ་རེ་རེའི་མཐའ་བསྐོར་ན་རྒྱུ་སྐར་གྱི་ཁྱུ་ཚོགས་རེ་ཡོད་མོད། འོན་ཀྱང༌། ཚོར་ཤེས་སྐྱེན་པའི་འཚོ་སྡོད་པ་ཡོད་ཚད་སའི་གོ་ལ་འདིའི་སྒང་དུ་ཡོད་པ་མ་ཟད་ངོ་མཚར་གྱི་ལྟད་མོ་ཡང་འདིར་མཆིས། ཡིན་ནའང༌། འདིར་སྟོན་པ་བཅོམ་ལྡན་འདས་དང༌། སོ་ཁུ་རེད་ཁྲུ་(ཨེ་ཐན་ཡུལ་གྱི་གྲུ་མཐའ་སྨྲ་བ་ཞིག་༣༩༩–༤༦༩ Socrates)དང༌། ཕད་ཐད་གྷོ་རེད་སི(སྔ་དུས་གྷི་རིག་ཡུལ་གྱི་རྩིས་དང་གྲུ་མཐའ་སྨྲ་བ་Pyphagoras)དང༌། ཆན་ཙོ་(Chuang tzu)རྣམས་ནི་ཤེས་པའི་མཐར་ཐུག་གི་རྩེར་སོན་པའི་སའི་གོ་ལའི་སྒང་གི་སྐྱེས་བུ་དམ་པ་དེ་རེད།
ངའི་བློ་ཕམ་ནི་ངའི་རང་ཉིད་སྐོར་མིན་ལ། ང་ནི་དོན་དམ་གྱི་ཆོག་ཤེས་ཅན་ཞིག་ཡིན། འཆི་བདག་གིས་ཁོ་བོའི་མདུན་ནས་གང་ཡང་འཁྱེར་རྒྱུ་མེད། ངའི་བློ་ཕམ་ནི་འགྲོ་བ་མི་ཧྲིལ་བོ་ལ་འགན་འཁྲི་མི་ནུས་པ་དེ་ཡིན་པས། འགྲོ་བ་མིའི་འཆི་བདག་གིས་མི་མང་ཚོའི་རྣམ་རྟོག་སེལ་པའི་གོ་སྐབས་དང༌། འཚོ་གནས་ཀྱི་སྙིང་བོ། བདེ་ལྡན་གྱི་ལམ་ཁ་བཅས་ནི་མི་མངོན་པའི་རྒྱང་རིང་དུ་འཁྱེར་ངེས་ཡིན་པ་དེ་རེད། དེ་བས་ངའི་བློ་ཕམ་དོན་ནི། འགྲོ་བ་མི་རྣམས་མུན་ནག་ཁྲོད་འཚོ་སྡོད་བྱེད་ཅིང༌། ཡང་བསྐྱར་མུན་ནག་ཁྲོད་དུ་འཆི་བ་ཡིན་ནམ།
འགྲོ་བ་མིའི་སྟོབས་ཤུགས་དེ་ཕྱི་བཤོལ་ཁྲོད་དུ་འཕྲོ་བརླག་མི་གཏོང་བར་ངས་རེ་འདུན་བྱས་པ་ཡིན། རྒྱུ་མཚན་གང་ཡིན་ཞེ་ན། ཆབ་སྲིད་པ་རྣམས་ཀྱིས་ང་ཚོ་ཕན་ཚུན་བར་ལ་གཏོར་བཤིག་གཏོང་བ། ཡང་ན་ཡོད་ཚད་གཏོར་བཤིག་གཏོང་བར་གྲ་སྒྲིག་བྱེད་པའོ། །ཆབ་སྲིད་པ་རྣམས་ཀྱི་གོ་གནས་ཆེད་དུ་དམིགས་པའི་མཐར་ཐུག་གི་བསམ་བློ་དེ་ལ་འདོད་རྔམ་ཡོད།
ཁྱེད་རང་མི་གཞན་དང་མཉམ་དུ་འབྲེལ་འདྲེས་བྱེད་སྐབས། རང་ཉིད་ཀྱི་དགོད་སྒྲ་དང་བདེ་སྐྱིད། རང་བཞིན་བཅས་ནི་ངེས་པར་དུ་སྟོན་དགོས། དེ་ལས་ལྷག་པའི་ལེགས་སྐྱེས་ཡག་པོ་ཞིག་ཁྱེད་ཀྱི་བུ་ཕྲུག་དང༌། དགའ་རོགས། ངོ་ཤེས། གྲོགས་པོ་རྣམས་ལ་སྤྲོད་མི་ཐུབ།
རླབས་ཆེན་གྱི་བྱ་གཞག་འདི་དག་དུས་ཡུན་ཐུང་ངུ་ནང་དུ་སྒྲུབ་མི་སྲིད་མོད། འོན་ཀྱང༌། ཁྱེད་ལ་སྙིང་སྟོབས་ལྡན་ཚེ། དེ་དག་ལ་ཁ་གཏད་གཅོད་པར་ངས་ཡིད་ཆེས་བྱེད་ཐུབ་ངེས་ཡིན། དེ་བས་ཆབ་སྲིད་པ་རྣམས་ལ་ཡིན་རྟོན་མ་བྱེད། ཁོ་ཚོས་གང་ཡང་བྱེད་མི་ནུས། ཐ་ན་ཁོ་ཚོས་འགྲོ་བ་མིའི་རིགས་འདི་མུན་ནག་གང་ཞིག་གི་ཁྲོད་དུ་སྣེ་ཁྲིད་བཞིན་པའང་མི་རྟོགས།
(ཁྲི་ཆུ་བཟང་རྒྱ་མཚོས་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།