ཆུ་རུལ།
རེ་བ་ཡིས་མ་བཟུང་ཆུ་རུལ་འདི་ལས།།
ཡེར་མོ་ཙམ་མཐོང་བའི་གོ་སྐབས་དབེན་པས།།
གོ་ཆོད་དུ་མེད་པའི་ཟངས་དུམ་ལྕགས་གྲུག།
ཅི་འདོད་དུ་གཡུག་པར་ཕངས་སེམས་མེད་ཅིང་།།
ཟ་འཕྲོ་དང་འཐུང་ལྷག་འཕོ་བ་ལ་ཡང་།།
ཐེ་ཚོམ་གྱི་འཆིང་ཐག་བཅད་ན་ལེགས་སོ།།
མརྒད་ཀྱི་རྒྱན་ཆ་ཟངས་ཀྱིས་འདོགས་སྲིད།།
ཁམ་བུ་ཡི་མེ་ཏོག་ལྕགས་ལ་བཞད་སྲིད།།
མཛེས་སྡུག་གི་གོས་ཆེན་ཞག་གིས་བཏགས་ཤིང་།།
མཚམས་སྤྲིན་གྱི་སྦྱིན་བདག་རླམ་ལ་བཅོལ་ན།།
ཝུ་དཀར་གྱི་ཁ་རྒྱན་རབ་ཏུ་བཏགས་པའི།།
ཆུ་རུལ་དེ་བདུད་རྩི་ལྗང་ཁུར་འགྱུར་ཞིང་།།
མུ་ཏིག་གི་རྗེས་འགྲོ་ཝུ་དཀར་གདོང་དེ།།
དགོད་སྒྲ་ལས་ཆེར་གྱུར་ཆང་རག་རྐུན་པོ།།
དུག་སྦྲང་གི་འོ་ཡིས་བསྣན་པར་གྱུར་ཚེ།།
རེ་བ་ཡིས་མ་བཟུང་ཆུ་རུལ་དེ་ལ།།
བསྔགས་བརྗོད་ཀྱི་ཚིག་འགའ་བརྗོད་ན་ཆོག་ཅིང་།།
ཁེར་རྐྱང་གི་སྡུག་བསྔལ་ལྕེ་མེད་པ་ཡིས།།
མ་བཟོད་པའི་ཚེ་ན་ཆུ་རུལ་དེ་ཡིས།།
གླུ་གཞས་རེ་གཏོང་བའི་ཁས་ལེན་བྱས་ཆོག།
རེ་བ་ཡིས་མ་བཟུང་ཆུ་རུལ་འདི་རུ།།
མཛེས་སྡུག་རང་གནས་ས་གཏན་ནས་མིན་པས།།
མཛེས་མིན་གྱི་བདག་པོར་ཉེ་བར་གཏད་དེ།།
ཅི་ལྟ་བུའི་འཇིག་རྟེན་བསྐྲུན་པའི་ཆ་ལ།།
འདྲེན་བྱེད་ཀྱི་མདའ་མོ་འཕངས་ན་ལེགས་སོ།།
(ལྷ་ཕྱུག་སྐྱིད་ཀྱིས་བསྒྱུར།)
རྩོམ་ཁུངས། ༢༠༠༣ལོའི་སྦྲང་ཆར།