ཨོ་ཁུ་ཐེའུ་ཝོའོ ཕའེ་རྫིའི་སྙན་ཚིག་ཁག་བཞི།
དོ་བའི་ཟླ།
ཁྱེད་ཀྱིས བདག་གི་ཕུང་པོའི་ནང་ངོས་སུ
རི་བོ་ཞིག་བཙལ་ཞིང ཉི་མ
ནགས་གསེབ་དེའི་རི་ངོས་སུ་པུར་ཏུ་བཏབ
ངས ཁྱེད་ཀྱི་འབྱུང་བཞིའི་ནང་ཁམས་སུ
ནམ་ཕྱེད་དུ་འཁྱར་བའི
གཡོར་གྲུ་ཞིག་འཚོལ་གྱིན་ཡོད།
འཕྲེད་བརྒལ།
ཉིན་དེ་ཡི་ཤོག་ངོས་ཕར་ལ་བསློགས་རྗེས
ངས ཁྱེད་ཀྱི་སྨིན་མའི་འགྱུར་བག་གི་གླེང་མོལ་མཐའ་དག
ཡི་གེར་བཏབ
ང ཁྱེད་ཀྱི་བདེན་པའི་མུན་ཁུང་ཏུ་འཛུལ་ནས
རྒུན་ཆང་ནག་པོ་ཞིག་གི་ཕོར་ཁ་འདེགས་བཞིན
ངའི་མིག་ཟུང་གིས མུན་པར་ཆག་སྒོ་བསླངས་བ་ཡང
སྨག་རུམ་དེ་ཡི་བདེན་དོན་བརྟོལ་ཆེད་ཡིན
མཚན་མོའི་མུན་ཐིགས་གཅིག ཁྱེད་ཀྱི་ནུ་རྩེར་བབས་པ
མེ་ཏོག་ལི་ཤའི་མདོག་གི་གསང་རྒྱ་སྟེ
ངས རང་ཉིད་ཀྱི་མིག་ཟུང་བཙུམས་ཏེ
ཁྱེད་ཀྱི་མིག་ཀོང་གི་ནང་རོལ་ཏུ་འབྱེད་ན་འདོད
ཁྱེད་ཀྱི་ཞལ་ལྕེ་རློན་པ དམར་སྨུག་གི་མལ་ཁྲིའི་སྟེང་དུ
ནམ་ཡང སངས་སད་དུ་གྱུར་འདུག
ཆུ་མིག་གང་སར་བརྡོལ་བའི ཁྱེད་ཀྱི་རྩ་ཆེན་གྱི་སྐྱེད་མོས་ཚལ་ཏུ
ངས ཟུང་ཁྲག་གི་གདོང་འབག་གྱོན་ནས
ཁྱེད་ཀྱི་བསམ་གཞིག་ལ་ཉན་ཞིང་བགྲོད་དུས
མག་མོག་གི་དྲན་པ་ཡིས
ང མི་ཚེ་ཡི་ཟ་ཟུར་ཏུ་ཁྲིད་བྱུང་།
ཐ་མའི་སྐྱ་མདའ།
ཁྱེད་ཀྱི་སྐྲ་ལོ ནགས་གསེབ་ན་གཡེངས་ཤིང་ཐོར
ཁྱེད་ཀྱི་གོམ་འགྲོས བདག་གི་རྡོག་སྣེ་རུ་བསྣུམས་ཏེ་སིམ
གཉིད་གོང་ན ཁྱེད་ནི་མཚན་མོ་ལས་ཀྱང་བོངས་ཆེ་ཡང
རྨིས་པའི་རྨི་ལམ་དེ ཁང་མིག་འདིའི་ནང་རོལ་ཏུ་རན་པོར་འདུག
ཆུང་ཞིང་གཉོམ་པའི་ང་ཚོར ཅི་ཙམ་གྱི་རིན་ཐང་གདའ་ཨང
གླ་གཏོང་རླངས་འཁོར་ཞིག་གིས ཕྱི་རོལ་ན
འདྲེ་ཚོགས་ཀྱི་ཁུར་ཆེན་མནམས་ཤིང་བཞུད
འཁྲིས་སུ་སྐྱོམ་པའི་གཙང་བོ་ཡི་བཞུར་རྒྱུན རྟག་ཏུ་ཕྱིར་རུ་ལྡོག
སང་ཉིན་དེའང ཉིན་མོ་གཞན་ཞིག་ཡིན་སྲིད་དམ།
ཟམ་པ།
ད་ནས་ད་ལྟའི་ཆར ཁྱེད་དང་ང་ཡི་དབར
ཐ་སྙད་ཀྱི་ཟམ་པས་སྦྲེལ
ཁྱེད ཟམ་འོག་ཏུ་འཛུལ་བ
རང་གི་ནང་རོལ་ཏུ་བསྟིམས་ཤིང་ཞུགས་པ་ཉིད
འཇིག་རྟེན་ནི
སོར་གདུབ་ཅིག སྒོར་དབྱིབས་སུ་སྣོལ་བ་ཇི་བཞིན
དམུ་ཐག་གི་སྟར་ལ་བརྒྱུས
མཚོ་ཁའི་བྱེ་ཐང་གི་ཕ་རོལ་ནས་ཚུར་ངོགས་སུ
བྱ་རྨྱང་བྱས་པའི་ལུས་ཕུང་དེ འཇའ་རིས་བཞིན
གཞུ་དབྱིབས་དེའི་ཁུགས་སོ་རུ བདག་གཉིད་ཀྱང་སྲིད།
14/5/2012 མཚན་མོར་གྲོགས་ཤིག་དང་ལྷན་དུ་གྲོས་གླེང་གི་ཚུལ་ཏུ།
༼ན་བུན་གྱིས་བསྒྱུར༽
རྩོམ་ཁུངས། ངེད་དྲ་བ།