སྲང་ལམ།
འདི་ནི་བགྲོད་བྱར་ལྷགས་པའི་འཇམ་ཐིང་ཐིང་གི་སྲང་ལམ་ཞིག་ཡིན
བདག་མུན་ནག་གི་ཁྲོད་དུ་ལམ་ལ་ཆས་དུས
གོམ་པ་འཁྱོར་ཞིང་ཐང་དུ་འགྱེལ
ཡང་བསྐྱར་ཡར་ལངས་ནས
མདུན་དུ་བསྐྱོད་དེ
ཁེར་རྐྱང་གི་རྡོ་བ་དང
རྙིད་པར་གྱུར་བའི་ལོ་མའི་སྟེང་དུ་གོམ་པ་སྤོས
ལྟག་རྒྱབ་ཏུ་མི་གཞན་ཞིག་གིས་ཀྱང
དེ་དག་གི་སྟེང་དུ་སྤོས་བྱུང
ཁོའི་གོམ་སྟབས་བདག་གི་དལ་བའི་འགྲོས་དང་བསྟུན་ནས་བསྐྱོད་ཅིང
བདག་བྲེལ་མྱུར་གྱིས་རྒྱུགས་ན་ཁོ་ཡང་བང་གིས་བསྐྱོད་པར་བྱེད
ཕྱིར་འཁོར་ནས་བལྟས་ཚེ མི་གཅིག་ཀྱང་མེད་པར
ཡོད་ཚད་ནག་ལང་ལོང་དུ་གནས་ཤིང་སྒོ་མོ་ཡང་མི་སྣང་བར་གྱུར
བདག་གི་རྡོག་སྒྲ་ཁོ་ནས བདག་ལ་ད་གཟོད་རང་ཉིད་མངོན་སུམ་དུ་གནས་པ་ཚོར་དུ་བཅུག
བདག་གིས་ཁུགས་ཀྱོག་མང་པོ་ཞིག་བརྒྱུད་ཀྱང
ཁུགས་ཀྱོག་དེ་དག་གིས་རྟག་ཏུ་བདག་སྲང་ལམ་འདིར་ཁྲིད་ཡོང
འདི་རུ་བདག་ལ་སྒུག་མཁན་གཅིག་ཀྱང་མེད་ལ
བདག་གི་རྗེས་འབྲང་མཁན་ཡང་མེད
འདི་རུ་བདག་གིས་མི་ཞིག་གི་རྗེས་འབྲང་ཡོད
ཁོ་ཐང་ལ་འགྱེལ་ཀྱང སླར་ཡང་ཡར་ལངས་ནས
བདག་ལ་བལྟས་ཏེ
མི་གཅིག་ཀྱང་མི་འདུག་གསུང་བྱུང
༼གངས་ཀྱིས་བསྒྱུར།༽
དཔྱད་ཐུང་།
མོའོ་ཤེས་ཁུ་གྲོང་ཁྱེར་གྱི་སྲང་ལམ་དག་ལ་འཛམ་གླིང་དུ་སྐད་གྲགས་ཡོད།དེ་རུ་སྲང་ལམ་ཚང་མར་སྐད་གྲགས་ཅན་གྱི་མི་སྣའི་མིང་དང་ལོ་རྒྱུས་དོན་རྐྱེན་གྲགས་ཅན་གྱི་མིང་བཏགས་ཡོད་པས།ལོ་རྒྱུས་ཀྱི་སྣང་བ་སྟུག་ཅིང་རིག་གནས་ཀྱི་དོན་སྙིང་ཆེན་པོ་ལྡན།
སྙན་ངག་པ་སྲང་ལམ་འདིའི་སྟེང་དུ་བསྐྱོད་སྐབས་སེམས་ཁོང་དུ་འགོག་མེད་ཀྱི་ཚོར་བ་དྲག་པོ་ཞིག་འཕྱུར་ངེས།སྙན་ངག་འདིའི་ཁྲོད་དུ་རྩོམ་པ་པོའི་སྲང་ལམ་ལ་བརྟེན་ཏེ་རང་ཉིད་ཀྱིས་མི་རིགས་ལོ་རྒྱུས་ལ་ཕྱིར་རྟོགས་དང་མི་རིགས་ཀྱི་ལས་དབང་ལ་བསམ་གཞིགས་བཏང་བ་ཤུགས་སུ་བསྟན་ཡོད།
སྙན་ངག་ཁྲོད་ཀྱི་བདག་ཅེས་པས་ལོ་རྒྱུས་ཀྱི་ངོ་བོ་དང་མི་རིགས་ཀྱི་ལས་དབང་།མི་ཚེའི་བགྲོད་ལམ་ལ་རྟོགས་གཞིགས་བྱེད་པའི་མི་རྣམས་ལས།གཞན་ཁྱད་པར་བ་གང་ཡང་མཚོན་མེད།བདག་ནི་བགྲོད་བྱར་ལྷགས་པའི་འཇམ་ཐིང་ཐིང་གི་སྲང་ལམ་གྱི་འགྲུལ་བཞུད་ཁྲོད་བསྟུད་མར་འཁྱོར་ཞིང་འགྱེལ་ནའང་ཡར་ལངས་ནས་མུ་མཐུད་དུ་མདུན་ཕྱོགས་སུ་བསྐྱོད་མཁན་དེ་ཡིན་ལ།བདག་ནི་འཚོལ་ཞིབ་མཁན་དེ་དག་གི་འཐུས་ཚབ་པ་ཡང་ཡིན།བར་སྐབས་དེར་སྲང་ལམ་དུ་མི་ཞིག་མངོན་ཡོང་།ཁོས་བདག་གི་རྗེས་སྙེགས་ནས་ཁོའི་གོམ་སྟབས་བདག་གི་གོམ་འགྲོས་དང་བསྟུན་ནས་གྲགས།ཁོ་ནི་བདག་གཞན་ཞིག་སྟེ།ལོ་རྒྱུས་ཀྱི་ཚང་དུ་ཉལ་སྟེ་ལོ་རྒྱུས་ཀྱི་ངོ་བོར་མཚམས་མི་ཆད་པར་འཚོལ་ཞིབ་བྱེད་ཀྱིན་ཡོད།ཁོ་ནི་བར་མེད་པར་བདག་མདུན་དུ་བསྐྱོད་པར་སྐུལ་བའི་བདག་གི་རྣམ་ཤེས་ཡིན།
སྲང་ལམ་འདིའི་སྟེང་དུ་བདག་བོར་བརླག་བྱུང་ཞིང་།རང་ཉིད་ཀྱི་རྡོག་སྒྲ་ལ་བརྟེན་ནས་སླར་ཡང་རྙེད་བྱུང་།བདག་མཚམས་མེད་པར་ཁུགས་ཀྱོག་མང་པོ་བརྒལ་ནའང་ཕྱིར་ཐོག་མའི་ལམ་མདོར་སླེབས་སྟེ་ཡང་བསྐོར་བསྐྱར་བསྐོར་ཁྲོད་དུ་འགྲུལ་བཞུད་པ་གཞན་ཞིག་དང་འཕྲད།དེའི་རྗེས་སུ་ཁོས་མི་གཅིག་ཀྱང་མེད་ཅེས་སྨྲས།ཕལ་ཆེར་ཁོ་ནི་ཆེས་ཐོག་མའི་ལོ་རྒྱུས་ཀྱི་གྲོག་རོང་དུ་འཁྱམ་མཁན་ཞིག་རེད།དངོས་ཡོད་ཀྱི་གདུག་རྩུབ་ལ་གཡོལ་སྟེ་རང་ཉིད་ཀྱི་སེམས་ཁོང་དུ་བག་ལ་ཉལ་བའི་ཕྱིར་ལྡོག་ཐབས་མེད་པའི་འདས་དོན་དག་ཕྱིར་དྲན་གྱི་ཀློང་དུ་དྲངས།
ཡང་ན།ཁོ་ནི་སྔོན་ཆད་ཀྱི་རང་ཉིད་དེ་སྔར་བཞིན་འཚོལ་སྙེགས་དང་ནོར་འཛོལ་ཁྲོད་ཡོད།
སྙན་ངག་འདིས་སྙན་ངག་མཁན་གྱི་སྒྱུ་རྩལ་གསར་གཏོད་ཀྱི་ཉམས་ཁྱད་ཐུན་མོང་མ་ཡིན་པ་མཚོན་ཡོད།སྙན་ངག་འདིའི་ལ་ཏིང་མེ་གླིང་གི་སྙན་ངག་གི་དབུགས་འབྱུང་གསོས་ཡོད་ལ།ཕྱོགས་གཞན་ཞིག་ནས་སྤོབས་པ་ཆེན་པོས་སྲོལ་རྒྱུན་ལ་གས་གཏོར་བཏང་སྟེ་སྔོན་ཐོན་སྙན་ངག་གི་མཛེས་པ་སྙེགས་ཏེ་དེང་རབས་ཀྱི་མཚོན་ཐབས་དང་ཁྱད་ཆོས་སྤྱད་ཡོད།མི་སྒེར་གྱི་སྐད་ཅིག་གི་ཉམས་སྣང་ཟབ་མོ་བརྒྱུད་དེ་གཏིང་ཟབ་པའི་ལོ་རྒྱུས་ཀྱི་བསམ་བློ་དང་མི་རིགས་འདུ་ཤེས་ཁྲོད་དུ་འཛུལ་ནས་རང་ཉིད་ཀྱི་ཚེ་སྲོག་གི་མྱོང་སྣང་དང་རྫོངས་མཐུག་པའི་ལོ་རྒྱུས་སྣང་བ་མཉམ་དུ་འདྲེས་ཡོད།
རྣམ་པའི་ཆ་ནས་ཡང་བསྐོར་བསྐྱར་བསྐོར་དང་སྔ་ཕྱི་རེས་མོས་ཀྱིས་འབྲེལ་ཏེ་ཡིད་བྱེད་ཀྱི་བང་རིམ་བསྒྲིག་ནས་མི་ལ་འཚོལ་སྙེགས་ཀྱི་སྐས་རྡང་ཞིག་ངང་གིས་བསྐྲུན་ཡོད།
རྩོམ་པ་པོ་བརྩམས་སྦྱོར་རགས་བསྡུས།
ཨོ་ཁུ་ཐེའུ་ཝོ་ཕ་ཟི་OctavioPaz(1914-1998)ནི་ལ་ཏིང་མེ་གླིང་གི་དེང་རབས་སྙན་ངག་པ་གྲགས་ཅན་ཞིག་ཡིན།ཁོང་མོ་ཤུ་ཁུ་གྲོང་ཁྱེར་གྱི་ཆོས་ལུགས་རིག་གནས་ཀྱི་མཁའ་དབུགས་སྟུག་པའི་ཁྱིམ་རྒྱུད་ཅིག་ཏུ་འཁྲུངས།ཧྥ་རན་སུ་ནས་སློབ་འབྲིང་གི་སློབ་གསོ་མྱངས།དགུང་ལོ་༡༤ཡི་དུས་སུ་མོ་ཤུ་ཁུའི་རྒྱལ་གཉེར་སློབ་ཆེན་དུ་བཞུགས་ནས་སློབ་གཉེར་རྒྱ་ཆེར་མཛད་ནའང་ཁྱིམ་ཚང་གི་གོད་ཆག་ཅིག་གིས་རེ་ཞིག་སློབ་མཚམས་མི་འཇོག་ག་མེད་བྱུང་།ཁོང་སྙན་ངག་གི་གསར་རྩོམ་ལ་བཞུགས་པ་དང་ཆབས་ཅིག་གྲོགས་པོ་ཞིག་དང་མཉམ་དུ་སྒེར་ངོས་ནས་མ་རྩ་བཏང་སྟེ་༼ལན་ཀན༽སོགས་རྩོམ་རིག་དུས་དེབ་གྲགས་ཅན་འགའ་རྩོམ་སྒྲིག་བྱས་མྱོང་།༡༩༥༡ལོའི་ཕུལ་བྱུང་སྙན་ངག་རིང་མོ་༼རྡོ་ཉི་མ་༽བྲིས་སྟེ་ཁོང་གི་སྙན་ངག་གི་རླུང་རྟ་སའི་གོ་ལའི་ཡང་སྟེང་དུ་འཕུར།བར་སྐབས་ཤིག་ལ་ཁོང་ཉིད་ལྰ་ཏིང་མེ་གླིང་གི་སྙན་ངག་གི་གཙུག་ཕུད་གསུམ་གྱི་གྲས་སུ་ཚུད།ཁོང་གིས་ཚེ་སྨད་དུ་༼རླབས་ཆེན་ཉིན་མོའི་རེག་ཟིག་བསྡུས་པ་༽བརྩམས་ཤིང་།སྤྱི་ལོ་༡༩༩༠ལོར།འཛམ་གླིང་གི་ཆེས་མཐོའི་རྩོམ་རིག་བྱ་དགའ་ནོར་པེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན་གྱི་མཚན་སྙན་བཞེས།༡༩༩༨ལོ་ཁོང་གི་འཇིག་རྟེན་མི་ཡུལ་གྱི་དགོངས་པ་ཡོངས་སུ་རྫོགས་སོ།།
རྩོམ་ཐུང་འདི་ནི་ཕྲན་གྱིས་༼人一生要读的60首诗歌༽ལས་ཁོལ་དུ་ཕྱུང་ཏེ་བསྒྱུར་སྒྲིག་བྱས་པ་ཡིན།
རྩོམ་ཁུངས། ངེད་དྲ་བ།