དཔྱིད་ཀྱི་སྤྲོ་སྐྱིད།
༡
དམུས་ལོང་དུ་གྱུར་བའི་མི་ཞིག་གི་མི་ཚེ་ནི་ནམ་ཡང་མུན་ནག་གི་འཇིག་རྟེན་ཞིག་ཡིན་ལ། གྲང་ངར་གྱི་བཙན་བཛུལ་རྒོད་པའི་དགུན་གྱི་དུས་ཚོད་རེ་རེ་ནི་རང་ཉིད་ལ་ཆེད་དུ་བཟོས་པའི་སྡུག་བསྔལ་དང་མནར་གཅོད་ཁོ་ནའི་འཐབ་ར་ཞིག་རེད་འདུག བཟོད་ཐབས་མེད་པའི་གྲང་འཁྱག་གི་གཙེས་པ་དང་ཁེར་ཧྲང་ཧྲང་གི་དུས་ཚོད་ཇི་འདྲའི་མང་པོ་ཞིག་ས་རྡུལ་གྱིས་གང་བའི་ཁང་མིག་འདིར་བསྐྱལ་དགོས་པས།བདག་ནི་ཉི་ཡོག་གྲོང་ཁྱེར་གྱི་ཆེས་ཉམ་ཐག་པའི་བཙོན་མ་ཞིག་དང་ཇི་འདྲའི་མཚུངས་ཨང།
༢
ཉིན་ཞིག་ང་རང་སྡོད་ཁང་གི་གྲུ་ཟུར་ཞིག་ན་སེམས་བྱིང་གི་སྡུག་སྨུག་རྒྱུའི་ཀློང་དུ་འཁྱམ་པའི་སྐབས་དེར། ཁང་ཆུང་གི་སྒེའུ་ཁུང་ལས་གློ་བུར་བའི་བསིལ་རླུང་འཇམ་པོ་ཞིག་ལྡང་ཡོང་དེ་ངའི་ལུས་ཀྱི་ཕྱི་ནང་ཡོངས་ལ་སྨྲ་མི་ཤེས་པའི་ཚོར་བ་རྒྱ་ཡན་པ་ཞིག་སྦྱིན་བྱུང། དུས་དེར་བདག་གིས་མགོ་བོ་མཐོ་ཙམ་དགྱེ་ནས་སྒེའུ་ཁུང་གི་ཕྱི་རོལ་དུ་རྣ་བ་གླགས་སྐབས། བྱ་བྱེའུ་འབའ་འབུའིཚོགས་ཀྱིས་ཅ་ཅོའི་སྐད་འབོད་གཏོང་གིན་ཡོད་ལ། ཕྱི་རོལ་རང་བྱུང་གི་སྐྱེ་འགྲོ་ཇི་སྙེད་ཅིག་གིས་གཅིག་ལ་གཅིག་མགྱོགས་ཀྱི་སྒོ་ནས་ངའི་སྒོ་རྩ་རུ་ཧམ་ཐོབ་ཀྱིས་འཚང་ཡོང་སྟེ། ང་རང་ཕྱི་རོལ་དུ་ཡོང་རྒྱུར་རེ་འབོད་དང་བསུ་མ་བྱེད་པ་དང་འདྲ། ཏག་ཏག་ང་ལའང་ཕྱི་རོལ་དུ་འགྲོ་སྙམ་པའི་མདུན་པ་དྲག་པོ་ཞིག་སྐྱེས་བྱུང་བས། གཟབ་ནན་དང་དལ་ལྷོད་ཀྱི་གོམ་ཁ་རེ་རེ་མདུན་དུ་སྤོ་ཞོར་འུར་ཟིང་མོད་པའི་སྲང་ལམ་དུ་བསྐྱོད་འགོ་བརྩམས་ཟིན། ངོ་མ་ཉི་ཟེར་གྱི་དྲོད་ཁོལ་གྱིས་ངའི་ལུས་ཡོངས་ལ་མཚར་སྡུག་གི་འོད་ཟེར་གྲངས་མེད་ཅིག་སྤྲས་བྱུང་ལ། འོ་དྲི་ཐུལ་བའི་དཔྱིད་དཔལ་གྱི་མཁའ་དབུགས་ནི་ས་གཞིའི་ཉེ་རྒྱང་གང་རུང་ན་ཕྱོགས་ཞེན་མེད་པར་ལྡིང་གིན་འདུག ནེམ་ཤ་རྒྱུས་པའི་ཁོར་ཡུག་འདིའི་བྲང་གཞུང་ནས་ང་ལ་རང་དབང་མེད་པར་སྤྲོ་དགའི་འཇིག་རྟེན་ཞིག་ཏུ་ཐོན་པ་ལྟ་བུའི་དགའ་སྣང་ཞིག་གིས་ཡོངས་ནས་ཀླུབས་སོང་།
༣
ང་རང་གཙང་ངོགས་ཀྱི་གྲུ་ཁའི་མདུན་ངོས་སུ་ཕར་ཕྱོགས་སུ་འགྲོ་སྐབས། ཉེ་འགྲམ་ན་བྲེལ་བྲེལ་དུ་བགྲོད་བའི་རླངས་འཁོར་ཁ་ལོ་བ་དག་གིས་བཤད་རྒྱུར། ཨ་ཅག་ལགས། རླངས་འཁོར་དུ་ཕེབས་དང་ངེད་ཚོས་ཁྱེད་རང་གར་ཡོང་གི་གནས་སར་བསྐྱལ་ཆོག་ཟེར་ལ། ཁོ་ཚོའི་གུས་ཞབས་མངའ་བའི་དྭངས་གཙང་གི་སྐད་སྒྲ་རེ་རེ་ཡིས་ང་ལ་སྨྲ་བསམ་བརྗོད་འདས་ཀྱི་ཡུད་འགུལ་ཚད་མེད་ཅིག་ཐེབས་སོང་། སྐབས་དེར་བདག་གིས་མགོ་བོ་གཡུག་གཡུག་གིས། མིན། མིན། ཐུགས་རྗེ་ཆེ ། ང་ནི་དགུན་ཟླ་གསུམ་གྱི་ཡུན་ལ་ཕྱི་རོལ་དུ་ཡོང་མྱོང་མེད་པའི་དམུས་ལོང་ཞིག་ཡིན་རྐྱེན། ཐེངས་འདིར་ང་ཕྱི་རོལ་དུ་ལུས་པོ་སྦྱོང་བརྡར་དང་ཁམས་གཡེང་ཙམ་བྱེད་དུ་ཡོང་བ་ཡིན་པས་གར་འགྲོ་ངེས་མེད་ཡིན་ཞེས་ལན་བཏབ། དེ་ནས་ཀྱག་ཀྱོག་གི་ལམ་བུ་རེ་རེ་ཡུན་གྱིས་བགྲོད་ནས་སོང་བ་ན། བལྟས་དབང་བཞིན་ངའི་ལུས་ཟུངས་ཀྱི་ནུས་སྟོབས་ཡོངས་སུ་ཉམས་སོང་། སྐབས་དེར་ང་ལ་ཐབས་ལམ་ཉག་གཅིག་ཡོད་པ་ནི་ལམ་འགྲོ་བ་སུ་ཞིག་གི་རོགས་འདེགས་ལ་སྒུག་རྒྱུ་ཁོ་ན་ཙམ་མོ། དུས་ཚོད་ཀྱི་ཐག་སྒྲ་རེ་རེ་ཕར་ལ་འདས་ནས་ཉིན་ཕྱེད་ཙམ་འདས་ཀྱང་ང་ལ་རོགས་འདེགས་བྱེད་མཁན་གཅིག་ཀྱང་མ་བྱུང་།
༤
ཨུ་ཚུགས་ཀྱིས' ཨུ་ཚུགས་ཀྱིས། ངས་རང་ལ་སྐུལ་ལྕག་གི་དྲི་བ་འདི་འདྲ་ཞིག་བཏོན་ནས་སྡོད་སྐབས། གློ་བུར་དུ་ངའི་རྣ་རྒྱབ་ཏུ་སྙན་སིང་སིང་གི་གླུ་སྐད་ཅིག་ཐོས་ཡོང་། བསམ་ཚོད་ཅིག་ལ་དེ་ནི་ང་ལ་ཤིན་ཏུ་འདྲེས་ཆ་ཡོད་པའི་གླུ་སྐད་ཅིག་དང་འདྲ་ལ། ངས་གཟབ་ནན་གྱིས་ཉན་སྐབས་དེ་ནི་ཕྱི་དྲོའི་སློབ་གསེང་སྐབས་ཡུལ་དུ་ལོག་པའི་སློབ་བུ་ཞིག་གི་སྐད་སྒྲ་ཡིན་པ་འདྲ། ངོ་མ་གླུ་སྐད་དེས་ང་ལ་སྤྲོ་སྣང་དངོས་མ་ཞིག་སྦྱིན་སོང་། སྐབས་དེར་གླུ་སྒྲ་དེ་ང་དང་བར་ཐག་ཇེ་ཉེ་རུ་སླེབས་ཡོང་། སློབ་བུ་དེན་རེ། ཨ་ཅག་ལགས། ཁྱེད་ནི་མིག་ཟུང་གི་ནུས་དབང་ཉམས་པའི་དམུས་ལོང་ཞིག་ཡིན་ཡང་ཇི་འདྲའི་སྤྲོ་སྣང་ཆེ་བའི་མི་ཞིག་རེད་ཨང་། ང་ནི་དངོས་ནས་ཁྱེད་ཀྱི་རང་གཤིས་འདི་ལ་ཧ་ཅང་དགའ་བོ་འདུག་པས། འུ་གཉིས་ཀྱིས་མཉམ་དུ་གླུ་དབྱངས་ལེན་ཞོར་ཁྱེད་དང་འགྲོ་རོགས་བྱེད་ཟེར། སྐབས་དེར་ངའི་བྱང་ཁོག་དུ་སྨྲ་མི་ཤེས་པའི་སྣང་བ་ཞིག་གིས་ཀུན་ནས་ཁྱབ་སོང་ལ་ང་ཁོའི་ཕྱོགས་སུ་འཁོར་ཙམ་བྱས་ནས་བཅོས་མིན་གྱི་སྤྲོ་བ་ཞིག་དང་ལྷན་དུ། བཀའ་དྲིན་ཆེ། བཀའ་དྲིན་ཆེ་ཞེས་དྲིས་ལན་འདི་འདྲ་ཞིག་ཤོར་སོང་། དུས་དེར་ཁོས་དྲོད་ཁོལ་གྱི་ལག་ཟུང་གིས་ང་རང་སྐྱོར་ནས་སྲང་ལམ་གྱི་གཞི་མདོ་ནས་དལ་དལ་གྱིས་ཕར་ལ་འགྲོ་ཞོར་དུ། ཁོ་བོས་ང་ལ་དཔྱིད་ཀའི་མཛེས་སྡུག་དང་དགེ་མཚན་མང་པོ་ཞིག་བརྗོད་ལ། ཁོའི་བདེན་ལུགས་ཀྱིས་གཏམས་པའི་དྭངས་གཙང་གི་ཚིག་འབྲུ་རེ་རེ་ཡིས་ངའི་ཡིད་ཀྱི་སྐྱོ་སྣང་མ་ལུས་ག་ལེར་སངས་སོང་། འོན་ཀྱང་ངའི་སེམས་སུ་བརྗོད་པར་དཀའ་བ་ཞིག་ཡོད་པ་ནི་སྐད་དང་གཞས་ལ་འདྲེས་ཆ་མངའ་བའི་མི་འདི་སུ་མི་ཤེས་པ་དང་ཁོས་་ང་ལ་ཅིས་ཕྱིར་སྤྲོ་སྣང་ཆེ་བའི་མི་ཞིག་རེད་ཟེར་བ། ད་དུང་ངོ་མ་ངེད་གཉིས་ཀྱིས་ཕན་སུ་ཞིག་ལ་སྤྲོ་སྣང་དངོས་མ་ཞིག་ཡོད་པ་མ་ཤེས་པ་དེ་ཡིན་ནམ། གང་ལྟར་བར་སྐབས་འདིར་མཚོན་ན་ང་ལ་ཕྱི་གསལ་ནང་གསལ་གྱི་སྤྲོ་སྣང་ཞིག་འབྱུང་གིན་ཡོད་པའི་མཚར་སྣང་ཞིག་ཀྱང་སྐྱེས་ཡོང་བས། སྐབས་དུས་རྒྱུན་རྣ་བར་གཟན་པོ་བྱེད་པའི་ཕྱི་རོལ་གྱི་འདུ་འཛི་དང་འཕྲུལ་འཁོར་དག་གི་དུང་སྒྲ་ཐོས་ནའང་། ངས་ཉན་འདོད་ཟབ་པའི་གླུ་དབྱངས་ཀྱི་རིགས་སུ་འཁྲུལ་འགྲོ། ད་དུང་མདུན་དུ་བགྲོད་པའི་བདག་གི་གོམ་འགྲོས་ཀྱང་མངོན་གསལ་གྱིས་ཇེ་མགྱོགས་སུ་སོང་འདུག དེ་མིན་བདག་གི་སེམས་ནང་གི་དྲན་ཚོར་གློ་བུར་བ་ཞིག་ནི བདག་གིས་སློབ་བུ་འདིར་ཅིས་ཀྱང་དྲིན་ལན་ཞིག་ཞུ་དགོས་སྙམ་པ་དེ་རེད། ཡིན་ཡང་ བདག་གིས་ཅི་ཞིག་བརྗོད་དགོས་པའི་མགྲིན་པ་ཡོངས་སུ་འགག་སོང་། དུས་ཡུན་ཅུང་ཙམ་འགོར་མཐར་ངས་ད་གཟོད་ཁོ་ལ་ཁྱོད་ཀྱིས་ཤེས་སམ།ཁྱོད་ནི་དངོས་ནས་མི་སྤྲོ་སྣང་ཅན་ཞིག་རེད། ང་རང་ཁྱོད་འདྲའི་མི་ཞིག་དང་ཕྲད་པ་ཐེངས་དང་པོ་ཡིན་ལ། འདི་ནི་ང་ལ་མཚོན་ན་ཆེས་བརྗེད་དུ་མེད་པའི་འདས་དོན་ཞིག་ཡིན་ལ་ཆེས་སྤྲོ་བའི་གཏམས་པའི་ཉིན་མོ་ཞིག་ཀྱང་རེད་ཅེས་བརྗོད་པ་ཡིན།
༥
ལོ་ཟླའི་འཁོར་སྐྱོད་རེ་རེ་ཇི་ཙམ་འདས་ཀྱང་ངའི་སེམས་ངོགས་སུ་གཏན་ནས་ཡལ་བ་མེད་པ་ནི་ཤ་ཁྲག་ནི་སྦུབས་སུ་འཐིམས་པའི་མཚར་སྡུག་གི་དཔྱིད་ཀའི་ཉིན་མོ་དེ་ཡིན་ལ།དེ་ནི་ངའི་མི་ཚེ་འདིའི་ཕྱིར་དྲིན་ཁྲོད་ཀྱི་ཆེས་མཛེས་སྡུག་གིས་འཁྱིལ་བའི་ལག་རྟགས་ཤིག་ཏུ་འཁུམས་སོང་།
(ཏཱ་ནི་སྨྱུ་གུས་བསྒྱུར)
2011.3.25བསྒྱུར།
རྩོམ་ཁུངས། ངེད་དྲ་བ།