རྒྱ་ཡིག་གི་ཁ་སྐད་སྙན་ངག་བདམས་སྒྱུར།
༼ང་ལ་རྨི་ལམ་ཞིག་ཡོད༽
དཔའ་ཅིན།
ཉིན་འདི་ཀར ང་ལ་སེམས་ཁུར་ལྷག་མ་ཞིག་སྐྱེས་བྱུང
གསར་དུ་འདེམས་པའི་ཙོང་ཐུང་ཨོ་པཱ་མ་ཡིས
མི་དཀར་ཙོང་ཐུང་དག་གི་ཕོ་བྲང་དཀར་པོ་ནག་པོར་བསྒྱུར་ཞིང
མིང་ལ་ཕོ་བྲང་ནག་པོ་ཞེས་འབོད་སྲིད་དམ
དྲན་སྣང་འདི་འགོག་ཐབས་མེད་པར
གལ་ཏེ ང་ཡང་ཨ་རིར་སོང་ནས
ཙོང་ཐུང་ལ་འདེམས་ཐུབ་ཚེ
ངས་ཀྱང་ཕོ་བྲང་ནག་པོ་སེར་བོར་སྒྱུར་ངེས
ཡིན་ནའང ཕོ་བྲང་གི་མིང་ལ
ཕོ་བྲང་སེར་བོ་ཞེས་འབོད་དམ
གོང་མའི་ཕོ་བྲང་ཞེས་འབོད(黄宫、皇宫)
འདི་ཡང་གནད་དོན་ཞིག་རེད
༼ཐང་རྒྱལ་རབས༽
ཡཱན་ཆིས།
ང་རང་འགྲོ་དགོས་སའི་གནས་དེ་ཐང་རྒྱལ་རབས་ཡིན
ངས་འཐུང་དགོས་པའི་ཆང་དེ་རྒུན་ཆང་ཡིན
ང་ཐུག་དགོས་པའི་མི་དེ་ཁྱོད་ཡིན
ཁྱོད་ད་སོང་ནས་ལག་ཁ་ནས་སྒུག་ལ་སྡོད
ང་མཐོང་མ་ཉིད་དུ་འཛུམ་མདངས་དང་བཅས
སྐད་མཐོན་པོས
ཧེ ཡཱན་ཆིས ང་ལིས་པེ་ཡིན
ཞེས་འབོད་རོགས
༼ དགག་རྒྱག༽
སུང་ཞོ་ཅན།
སྔོན་ཆད
ང་ཚོས་དགག་རྒྱག་སྔོན་མ་དེ
ཆེས་མཐའ་མཇུག་ཡིན་པར་བསམ་མྱོང
དེ་རིང་བལྟས་ན
དགག་རྒྱག་འདི
ནམ་ཡང་ཚར་ས་མ་རེད
༼ཆ་མེད་ཀྱི་མི་ལ་ཆ་ཡོད་ཀྱི་གཏམ་བཤད་པ༽
དཔའ་ཅིན།
གློ་བུར་དུ
ཆ་མེད་ཀྱི་མི་ལ་ཆ་ཡོད་ཀྱི་གཏམ་ཞིག་བཤད་འདོད
མི་མེད་ལུང་སྟོང་ཞིག་ཏུ
ང་རང་མི་ཆ་མེད་འདིའི་ཁ་གཏད་དུ་བསྡད་ནས
ལག་ལ་གང་ཡོང་གི་སྡོང་ཐུར་ཞིག་གིས་ཐང་ལ་རི་མོ་འབྲི་ཞོར
ས་བཤད་ལུང་བཤད་ཅིག་བྱེད་འདོད
ས་རུབ་རགས་བར་དུ
རླུང་ལྡིང་ཞིང་ཟླ་བ་ཤར་ཚེ
ང་ཚོས་ཀླད་རྒྱངས་རེ་བྱེད་ཞོར
འདི་ནི་ཨང་ང་ཙི་མེད་སའི་གནས་ཞིག་རེད་ཨང
ཅེས་དངན་པ་རིང་བོ་རེ་འདོན་སྲིད
༼རྡོ་སེང་གེ༽
ཡིས་ཧེ།
ནགས་ཚལ་གྱི་སེང་གེ་ཇེ་ཉུང་ནས་ཇེ་ཉུང་ཡིན་རུང
གྲོང་ཁྱེར་གྱི་སེང་གེ་ཇེ་མང་ནས་ཇེ་མང་རེད
སྲིད་གཞུང ཞིབ་དཔྱོད་ཁང ཁྲིམས་ཁང
ཀྲུང་གོའི་དངུལ་ཁང བཟོ་ཚོང་དངུལ་ཁང འཕེལ་རྒྱས་དངུལ་ཁང
ད་རུང་ཕྱི་འབྲེལ་དངུལ་ཁང
དབང་ཆེན་ངོ་ཆེན་གྱི་ས་ཆ་འདི་དག་ན
ཁོ་ཚོས་ལོ་ཐོག་ཟླ་བརྩེགས་ཀྱིས
བཟའ་བཏུང་ཅི་ཡང་མེད་པར
རྩིས་ཐང་ཞིག་སྙེག་གིན་འདུག
དུད་འགྲོ་ཞིག་ཡིན་པའི་ཆ་ནས
གོ་ཐོབ་འདི་མོ་ཞིག་རྙེད་ཡོད་པ་དྲན་ཚེ
སེམས་གཏིང་ནས་ཡིད་སྨོན་རེ་སྐྱེས་ཡོང
༼ཁོས་ཆེན་རི་བོ༽
ཡན་ཆིས།
ང་ཚོ་ནམ་ཞིག་ལ་ལམ་ལ་ཆས་རྒྱུ་ཡིན་ནམ
ཁོས་ཆེན་རི་བོའི་རྒོད་པོར་བལྟ་རུ་འགྲོ་འམ
གལ་ཏེ ད་རུང་ལོ་འགར་སྒུག་དགོས་ཚེ
ང་ཚོ་རྒས་སྲིད
འགྲོ་ཐུབ་ས་མ་རེད
རྒོད་པོ་དེ་ཚོ་ཡང་རྒས་སྲིད
སྐབས་དེར རི་ངོས་ཧྲིལ་བོར
གཤོག་སྒྲོ་ལེབ་མོ་འཐོར་ཡོད་ངེས
༼འབྲོང་ཕྲུག་གིས་བསྒྱུར༽
༼འབྲོང་ཕྲུག་གིས་བསྒྱུར༽
རྩོམ་ཁུངས། འབྲོང་ཕྲུག་གི་ཟིན་བྲིས།