ལྷོ་ཨ་ཧྥི་རེ་ཁའི་དམངས་དབང་རིང་ལུགས་པ་ལཱང་སི་ཐོན་གྱི་སྙན་ཚོམ།
རྨི་ལམ།
རྨི་ལམ་དེ་ལ་མོར་འཛིན་རོགས
རྒྱུ་མཚན དེའི་ཆག་འཇིག་གི་ཕྱིར་ཏུ
རྨི་ལམ་ཤི་རྗེས མི་ཚེ་ནི་གཤོག་ཡ་ཆད་པའི་བྱིའུ་ཆུང་ཞིག་སྟེ
བར་སྣང་དུ་འཕུར་སྐྱོད་མི་བཏུབ
རྨི་ལམ་དེ་ལ་མོར་འཛིན་རོགས
རྒྱུ་མཚན་ནི གྱེས་བྲལ་གྱི་སླད་དུ
རྨི་ལམ་རྫོགས་ཤུལ་ན མི་ཚེ་ནི་ས་ཞིང་སྐམ་པོ་ཞིག་སྟེ
ཁ་བའི་གསེབ་ཏུ་འཁྱག་རེངས་སུ་འགྱུར།
རྨི་ལམ་གྱི་ཕྱིར་བཤོལ།
ཅིའི་ཕྱིར རྨི་ལམ་ཞིག་གི་ཕྱི་བཤོལ་དེ
ཉི་ཟེར་དབུས་ཀྱི་རྒུན་སྐམ་ནང་བཞིན
རྨི་ལམ་དེའང་སྐམ་རིད་དུ་གྱུར་རམ
སེམས་གཅོང་གི་རྨ་ཁ་རྣག་རྗེས
རྨི་ལམ་དེ རྒྱང་དུ་བྱེར་རམ
རྨི་ལམ་དེ ཡང་ན་རྨི་ལམ་དེ
ཤ་རུལ་འདྲ་བའི་་དྲི་ངན་ལྡང་ཞིང
བུར་ཤིང་བཞིན་མངར་ལ་སྐྱུར་རམ
རྨི་ལམ་དེ རྡོག་ཁྲེས་ལྗིད་པོ་ཞིག་ལྟར་ཤིན་ཏུ་ལྕི་ཡང་སྲིད
ཡང་ན རྨི་ལམ་དེ་ཉིད
འབར་རྫས་ལྟར་འགས་ཤིང་འཐོར་རམ།
ཐོ་རེངས་དང་བསྡོངས་པའི་ལམ་འགྲོ་བ།
ལམ་འགྲོ་བ ནངས་མོའི་ཐོ་རེངས་དང་ལྷན་ཅིག
ལམ་འགྲོ་བ འཆར་ཁའི་ཉི་འོད་དང་འགྲོགས་ཏེ
ང་ཚོ མུན་རུབ་པར་མི་འཇིགས་ཤིང
ན་བུན་འཐོར་བའི་ཉིན་མོར་ཡང་མི་དངངས
མུན་ནག་ལ་དེ་བས་ཀྱང་མི་འཚེར
ནམ་ཡང ལམ་འགྲོ་བ
འཆར་ཁའི་ཉི་འོད་དང་བསྡོངས་ཏེ།
ཚོད་ཚོད་ལ། ང་རྒས་ཀྱིན་རྒས་ཀྱིན།
གནའ་སྔ་མོ་སྔ་མོ་ཞིག་སྟེ
ཧ་ལམ ངས་རང་ཉིད་ཀྱི་ལང་ཚོའི་རྨི་ལམ་ཡང་བོར་ཟིན
དེ་ལྟ་ཡང རྨི་ལམ་དེ
ངའི་མིག་མདུན་དུ ཉི་འོད་བཞིན་བཀྲ་ཞིང་འཚེར
ང་དང་ངའི་རྨི་ལམ་བར
རྩིག་གྱང་གི་རྔམ་ཁ
སྐྲ་ལོ་ལྟར དལ་གྱིས་འབུས་ཤིང་ལྷོད་ཀྱིས་སྐྱེས་ཏེ
ནམ་མཁར་ཐུག་རེག་ཏུ་གཟེངས
རྩིག་གྱང གྲིབ་མ
ང་མི་ནག་ཏུ་གྱུར་སོང
ང་ནི་ཕྱིར་འོངས་ཏེ
གྲིབ་མའི་ནང་གན་རྐྱལ་དུ་ལོག་ཅིང
ཡུན་རིང་ལ ངའི་རྨི་ལམ་གྱི་འོད་ཟེར་མི་སྣང
མགོ་ཐོག་ཏུ མཐོངས་དབྱིངས་སུ
རྩིག་གྱང་སྟུག་པོ གྲིབ་མི་ནག་པོ་ཁོ་ན་ཨང
ངའི་ལག་ཟུང
ངའི་ལག་ཟུང་ནག་པོས
རྩིག་གྱང་བརྟོལ་ཏེ
ང་ཡི་རྨི་ལམ་རྙེད་བྱུང
སྙིང་ཉེ་བའི་མི་ཡ
ཉི་འོད་འོག
རྨི་ལམ་དུ
སྨག་རུམ་འདི་ཚལ་བར་གཤགས་ཏེ
གྲིབ་ཡོར་འདི་དུམ་བུར་གཏུབས་ལ
མཚན་མོ་འདི་སིལ་བུར་བཅོམ་རོགས།
༼ན་བུན་གྱིས་ཨིན་ཡིག་ལས་བསྒྱུར༽
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།