ཨོ་སི་ཁིར་ཝེལ་ཊིས་མཛད་པའི་བྱིས་སྒྲུང་ཁག་གཉིས།

ཨོ་སི་ཁིར་ཝེལ་ཊི། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-02-07

W020140523761944598984.jpg

               རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

  ཨོ་སི་ཁིར་ཝེལ་ཊི་ (Oscar Wilde 1854 - 1900) མཆོག་ནི་ཨ་རེ་ཤཱི་ (Irish) མི་རིགས་ཀྱི་རླབས་ཆེ་བའི་སྙན་ངག་པ་དང་སྒྲུང་རྩོམ་མཁན། འབོལ་ རྩོམ་དང་འཁྲབ་གཞུང་རྩོམ་པ་པོ་བཅས་ཡིན། ཁོང་ཨར་ལིན་ཊིའི་ (Ireland) རྒྱལ་ས་སྒྲོབ་ལིན་ (Dublin) དུ་འཚོ་ཞིང་སྡོད་པའི་སྨན་པ་ (ཁོང་ཡང་ཆེས་ མིང་དུ་གྲགས་པའི་རྩོམ་རིག་མཁན་པོ་ཞིག་ཡིན་སྐད) ཞིག་གི་ཁྱིམ་དུ་སྐྱེས། ལོ་ན་ཆུང་དུས་ནས་ཡུལ་དེ་གའི་སློབ་གླིང་ཁག་རིམ་གྱིས་འགྲིམས་རྗེས། མཱག་ཊི་ལིན་ (Magdalen) དང་ཨོ་ཁི་སི་ཧྥོར་ཊི་ (Oxford) གཙུག་ལག་སློབ་ཆེན་དུ་ཞུགས་ནས་སློབ་སྦྱོང་གི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་། ཁོང་གི་སྙན་རྩོམ་ དང་བྱིས་སྒྲུང་ཁག་ཅིག་ལ་རྒྱལ་སྤྱི་རིམ་པའི་ཕུལ་བྱུང་རྩོམ་རིག་གཟིངས་རྟགས་ཀྱང་ཐོབ། ལྷག་པར་དུ་ཨོ་ཁི་སི་ཧྥོར་ཊི་གཙུག་ལག་སློབ་ཆེན་དུ་ཁོང་གི་མཛངས་ ཡོན་གཉིས་ཀྱི་སྙན་པ་རླུང་ལྟར་གྲགས་པ་དང་ཆབས་ཅིག གྲོང་ཁྱེར་ལོན་ཊོན་ (London) དུ་ཁོང་གིས་རྒྱ་ཆེ་མི་མང་གིས་དགའ་བསུ་ཡི་རངས་ཐོབས་པའི་ འཁྲབ་སྟོན་པ་དང་རྩོམ་པ་པོ་གྲགས་ཅན་ཁག་ཅིག་ལ་འབྲེལ་འདྲིས་བརྒྱུད། དུས་སྐབས་དེའི་སྤྱི་ཚོགས་ཀྱི་གོ་གནས་གལ་ཆེན་ཟིན། སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་གྱ་ གཉིས་ (1882) ལོ་ནས་བཟུང་ཁོང་ཨ་རིའི་ནེའུ་ཡོག་ (New York) གྲོང་ཁྱེར་དང་ཧྥ་རིན་སིའི་ཕེར་སི་ (Paris) གྲོང་ཁྱེར་གཙོས་ཕྱིའི་རྒྱལ་ཁབ་ཁག་ཏུ་ ཕེབས་རིང་དུ། ཆེས་མིང་དུ་གྲགས་པའི་སྙན་ངག་དང་སྒྲུང་རྩོམ། འཁྲབ་གཞུང་དང་འབོལ་རྩོམ། བྱིས་སྒྲུང་སོགས་མང་དུ་མཛད་ཅིང་། ཁོང་གི་ལྗགས་རྩོམ་དང་ ལྷག་པར་དུ་ཟློས་གར་འཁྲབ་གཞུང་ཁག་ཅིག་ལ་ཆེས་བླ་ན་མཐོ་བའི་སྒྱུ་རྩལ་གྱི་ཁྱད་འཕགས་རང་བཞིན་ལྡན་པས། རྒྱ་ཆེ་གཟིགས་མོ་བའི་ཡིད་སེམས་དབང་མེད་ དུ་བཀུག་མྱོང་བར་བཞད། ཁོང་གི་ཚབ་མཚོན་ལྗགས་རྩོམ་གཙོ་བོར་སྒྲུང་ཐུང་དང་བྱིས་སྒྲུང་ << The Remarkable Rocket >> <<འགྲན་ཟླ་བྲལ་བའི་ མེ་ཤུགས་འཕུར་མདའ་>> དང་ << The Devoted Friend >> <<བློས་ཐུབ་གྲོགས་པོ>> << The Nightingale and the Rose >> <<རྒྱ་ སེ་མེ་ཏོག་དང་ཀ་ལ་པིང་ཀ>> << The Selfish Giant >> <<སྒེར་སེམས་ཅན་གྱི་མི་བོ་ཆེ>> << The Happy Prince >> <<དགའ་ཞིང་སྐྱིད་ པའི་རྒྱལ་སྲས་>> སོགས་འདུག་ཅིང་། གཞན་ཡང་ཁོང་གི་འབོལ་རྩོམ་ལ་ << The Critic as Artist >> <<སྒྱུ་རྩལ་པ་དང་འདྲ་བའི་དཔྱད་བརྗོད་མཁན་ >> དང་<<སྤྱི་ཚོགས་རིང་ལུགས་འོག་གི་མི་བུའི་བླ་སྲོག་>> << The Soul of Man Under Socialism >> སོགས་བགྲང་གིས་མི་ལང་བ་མཆི།

               ཀ་ལ་པིང་ཀ་དང་རྒྱ་སེ་མེ་ཏོག

              ༡
  “གལ་སྲིད། ངས་ཁོ་མོར་རྒྱ་སེ་དམར་པོ་རྐང་གཅིག་འཁྱེར་ཡོང་ཚེ། ཁོ་མོ་ང་དང་མཉམ་དུ་ཞབས་བྲོ་འཁྲབ་ཆོག་ཟེར” སློབ་མ་ཆུང་ཆུང་དེ་ན་རེ། “ཡིན་རུང་། ངའི་མེ་ཏོག་ར་བའི་ནང་དུ་རྒྱ་སེ་དམར་པོ་མི་བདོག”
  ཁོའི་སྐད་ཆ་དེ་ཀ་ལ་པིང་ཀས་བེ་ཤིང་ནགས་ཀློང་ (holm-oak-tree) གི་ཁོ་མོའི་བྱ་ཚང་དུ་གོ་བ་ཡིན། ཁོ་མོས་བེ་ཤིང་ནགས་ལོའི་གསེབ་ནས་རྒྱང་ལྟ་བྱེད་བཞིན་ཡིད་ཚོམ་ཞིང་འདུག
“ངའི་མེ་ཏོག་ར་བའི་ནང་དུ་རྒྱ་སེ་དམར་པོ་རྐང་གཅིག་ཀྱང་མི་བདོག” ཡིད་དུ་འོངས་པའི་མིག་ཟུང་མཆི་མ་ཉིལ་ལེར་ཁོ་ན་རེ། “ཀྱི་ཧུད། བདེ་སྐྱིད་ཟེར་བ་འདི། མཚམས་ལན་རེར་དོན་དག་ཕྲན་ཚེགས་ཤིག་ལའང་རག་ལས་པར་འདུག་ཨང་། དེ་དོན་ངས་མཁས་པའི་གསུང་རྩོམ་ཁྲོད་དུ་བཀླགས་པ་ཡིན། མཚན་ཉིད་རིག་ པའི་གསང་བ་ལྐོག་གྱུར་མ་ལུས་ངའི་མི་ཚེར་གཏོགས་པ་འདྲ། དེར་མ་ཟད། དེང་འདིར་རྒྱ་སེ་དམར་པོ་ཞིག་གི་དགོས་མཁོ་དེས་ངའི་བརྩེ་དུང་གི་འདུན་མ་རེ་ཆད་ ཡིད་མུག་པར་བཟོས་སོང”
  “འཇིག་རྟེན་འདིར། ཚེ་གཅིག་ལས་ཀྱི་མཛའ་གྲོགས་ནི་དོན་དམ་པའི་མཛའ་གྲོགས་ལགས་ཨང” ཀ་ལ་པིང་ཀ་ན་རེ། “སྔོན་ཆད་ངས་ཁོ་ངོ་མི་ཤེས་ནའང་། མཚན་ དུས་རེ་རེར་ངས་ཁོར་སྙན་པའི་གྲེ་འགྱུར་བསྒྲགས། མཚན་དུས་རེ་རེར་ངས་ཁོའི་མི་ཚེ་གཏམ་རྒྱུད་སྐར་ཚོགས་ལ་བརྗོད། དེང་ངས་ཁོ་དངོས་གནས་མཐོང་བྱུང་། ཁོའི་སྐྲ་ལོ་ཀུ་མུ་ད་ (hyacinth-blossom) ནང་བཞིན་ཧ་ཅང་གནག་ཅིང་། ཁོའི་མཆུ་སྒྲོས་ཁོ་རང་གི་བརྩེ་ཞེན་འདྲ་བའི་རྒྱ་སེ་མེ་ཏོག་ལྟར་ཤིན་ཏུ་དམར། ཡིན་ན་ཡང་། བརྩེ་ཞེན་དེས་ཁོའི་ཞལ་རས་བ་སོའི་མདོག་བཞིན་སྐྱ་བོར་བསྒྱུར་ཞིང་། སྐྱོ་གདུང་གི་ཕྱག་རྒྱ་ཁོའི་དཔྲལ་བའི་སྟེང་ལ་བཀོད་ཅིང་འདུག” “སང་ཉིན་དགོང་མོར། རྒྱལ་སྲས་ལགས་ཀྱིས་སྤྲོ་ཚོགས་ཤིག་བསྡུ་རྒྱུ་ཡིན་པ་དང་། བདག་གི་མཛའ་མོ་ཁོའི་ཕེབས་རོགས་སུ་འོང་འཆར་འདུག གལ་སྲིད། ངས་ ཁོ་མོར་རྒྱ་སེ་དམར་པོ་རྐང་གཅིག་ཁྱེར་སོང་ཚེ། ནམ་ལངས་རག་བར་དུ་ཁོ་མོ་ང་དང་མཉམ་དུ་ཞབས་བྲོ་འཁྲབ་ཅིང་། གལ་སྲིད། ངས་ཁོ་མོར་རྒྱ་སེ་དམར་པོ་རྐང་ གཅིག་ཁྱེར་སོང་ཚེ། ང་ཁོ་མོར་འཁྱུད་པ་དང་། ཁོ་མོའི་མགོ་བོ་བདག་གི་ཕྲག་གོང་དུ་གཞག་ཅིང་། ཁོ་མོའི་ལག་ཟུང་བདག་གི་ལག་ཟུང་དུ་གཟུང་ཆོག་ཨང་། ཡིན་ རུང་། ངའི་མེ་ཏོག་ར་བའི་ནང་དུ་རྒྱ་སེ་དམར་པོ་མི་བདོག དེ་བས། ཁོ་མོ་ངའི་རྩིབ་ནས་འགྲོ་ནས། ང་ཁེར་སྡུག་ངང་སྡོད་དགོས། དེ་ལྟར་ཁོ་མོས་ང་ལ་ཁ་ཡ་མི་བྱ་ དུས། ངའི་སེམས་པ་ཅི་འདྲ་མི་སྐྱོ་གྲང”

“འཇིག་རྟེན་འདིར། ཚེ་གཅིག་ལས་ཀྱི་མཛའ་གྲོགས་ནི་དོན་དམ་པའི་མཛའ་གྲོགས་ལགས་ཨང” ཀ་ལ་པིང་ཀ་ན་རེ། “བདག་གི་དགའ་བདེ་ཁོ་བོའི་ན་ཟུག་ལགས་ པས། ངས་ཁོའི་ཡིད་གདུང་བསང་བའི་གྲེ་འགྱུར་ཅི་ཞིག་སྒྲོག་ན་ལེགས་སམ། དོན་དངོས་བྱས་ན། བརྩེ་དུངས་ནི་ཆེས་མཛེས་སྡུག་ཡིད་འོང་གི་འཚོ་བའི་གྲུབ་ཆ་ ཞིག་ལགས། དེ་ཡང་མར་གད་ (emerald) ལས་རིན་དོད་ལྡན་ཞིང་། ཆེས་ལེགས་པའི་ཨོ་ཕལ་ (ཁ་དོག་སྣ་ཚོགས་སུ་འགྱུར་བའི་རྡོ་རིགས་རྩ་ཆེན་ཞིག) ལས་ རྩ་ཆེ་བ། དེ་ནི་སེ་འབྲུ་ (pomegranates) དང་མུ་ཏིག་གང་གིས་ཀྱང་མི་ཁུག་ལ། ཚོང་ར་གང་དུ་ཡང་ཤོམ་དུ་མེད། དེ་ནི་ཁེ་པས་ཉོ་སྒྲུབ་མི་བཏུབ་པའམ། དེས་ གསེར་གྱི་ལྕི་ཡང་གཞལ་ནུས་པ་ཞིག་ཡིན་ཤས་ཆེ”

             ༢
  “རོལ་མོ་བ་རྣམས་སོ་སོའི་གར་སྟེགས་སུ་སྡོད་ཅིང་” སློབ་མ་ཆུང་ཆུང་ན་རེ། “སོ་སོའི་རོལ་ཆས་སྟེང་གི་རྒྱུད་སྐད་དཀྲོལ་ལ། བདག་གི་མཛའ་མོ་མཛུབ་བཀྲབ་ རྒྱུད་མང་ (harp) དང་ཨོག་ལེན་པི་ཝང་ (violin) གི་འཁྱུག་ཁུགས་དང་བསྡེབས་ནས་ཞབས་བྲོ་འཁྲབ་ཡོང་། ཁོ་མོ་ཞབས་བྲོ་འཁྲབ་དུས། གར་གྱི་སྟངས་ སྟབས་མྱུར་ལ་ཡང་བས། རྐང་བ་ཟུང་ཐང་ལ་ཐུག་ཙམ་ཐུག་ཙམ་བྱ་ཞིང་། འཕྱོར་གོས་སྤྲས་ཤིང་སྤྲོ་སེམས་འཁོལ་བའི་རྒྱལ་སྲས་འཁོར་དང་བཅས་པ་ཁོ་མོའི་ མཐའ་འཁོར་དུ་ཚང་ཁ་ཤག་ཤག་བྱ། ཡིན་རུང་། ང་ཁོ་མོར་སྤྲོད་རྒྱུའི་རྒྱ་སེ་དམར་པོ་མེད་པས། ཁོ་མོ་ང་དང་མཉམ་དུ་ཞབས་བྲོ་འཁྲབ་མི་སྲིད།” ཁོ་སྤང་ཐོག་ཅིག་ཏུ་ལྗིད་ཏིག་གེར་ཙོག་ཅིང་། ངོ་གདོང་ལག་པས་བཀབ་ནས་ངུད་མོ་འབྱིན།
ལྗང་མདོག་གི་རྨིགས་བུ་ (Lizard) ཞིག་གིས་རྔ་མ་གྱེན་ལ་བརྩེངས་ཏེ་ཁོའི་རྩིབ་ནས་འགྲོ་ཞོར“ཁོ་ཅིའི་ཕྱིར་ཏུ་ངུས་པ་ཡིན་ནམ”ཞེས་དེ་སྐད་དྲིས། ཉི་ཟེར་རྗེས་སུ་ལྷབ་ལྷུབ་འཕུར་བའི་བྱེ་ལེབ་ཅིག་གིས“དོན་དམ། ཁོ་ཅིའི་ཕྱིར་ཏུ་ངུས་པ་ཡིན་ནམ”ཞེས་སྨྲས།
  དེ་མཐུད་ལུག་མིག་མེ་ཏོག་ (Daisy) ཅིག་གིས་ཀྱང་རང་གི་ཁྱིམ་ཚེས་ལ་ལྟ་བཞིན“དོན་དམ། ཁོ་ཅིའི་ཕྱིར་ཏུ་ངུས་པ་ཡིན་ནམ”ཞེས་ངག་འཇམ་པོའི་སྒོ་ནས་ཤབ་ ཤུབ་ཟློས།
  ཀ་ལ་པིང་ཀས“ཁོ་རྒྱ་སེ་མདར་པོ་ཞིག་གི་ཆེད་དུ་ངུས་པ་རེད”ཅེས་དེ་སྐད་བརྗོད།
  ཁོ་ཚོ་ན་རེ། “རྒྱ་སེ་དམར་པོ་ཞིག་གི་ཆེད་དུ་ཡིན་ནམ”
  “ཅི་འདྲའི་དགོད་བྲོ་བ་ལ”ཞེས་ཅི་ཞིག་ལ་ཡི་མ་རངས་པའི་རྨིགས་བུ་ཆུང་ཆུང་གིས་དེ་སྐད་ལབ།
  ཡིན་ན་ཡང་། ཀ་ལ་པིང་ཀས་སློབ་ཕྲུག་དེའི་ཡིད་གདུང་གི་གསང་བ་གསལ་བོར་རྟོགས་པས། ཁོ་མོ་བེ་ཤིང་ནགས་གསེབ་ཏུ་ཁ་ཁུ་སིམ་མེར་བསྡད་ནས། “བརྩེ་ དུངས”ཞེས་པའི་གསང་རྒྱ་དེ་ལ་མནོ་བསམ་གཏོང་གིན་ཡོད།
  གློ་བུར་གློ་བུར་ཁོ་མོས་རྒྱ་སྨུག་གི་གཤོག་རུ་བརྐྱངས་ནས་ནམ་མཁར་འཕུར། གྲིབ་གཟུགས་ཤིག་ལྟར་ཁོ་མོས་ནགས་ཚལ་ཞིག་འགྲིམས་ཤིང་། གྲིབ་གཟུགས་ཤིག་ ལྟར་ཁོ་མོས་སྐྱེད་ཚལ་ཞིག་བགྲོད།
ནེའུ་གསེང་གི་གཞི་རུ་སྙིང་ལ་སྡུག་པའི་རྒྱ་སེ་ཤིང་སྡོང་ཞིག་ཀྲོང་ངེར་ལངས་ནས་སྡོད་ཅིང་། མོས་ཤིང་སྡོང་དེ་མཐོང་མ་ཐག དེའི་བཀྲག་མདངས་རྒྱས་པའི་ལྕུག་ ཕྲན་ཞིག་གི་སྟེང་ལ་བབས་ནས།
“ང་ལ་རྒྱ་སེ་དམར་པོ་རྐང་གཅིག་གནོངས་དང” ཁོ་མོ་ན་རེ། “ངས་ཁྱེད་ལ་སྙན་པའི་གྲེ་འགྱུར་སྒྲོག་ཆོག”
  ཡིན་ན་ཡང་། རྒྱ་སེ་ཤིང་སྡོང་དེ་མི་འཐད་པའི་བརྡ་རུ་གཡུ་ལོ་གསིག་གསིག་འགའ་བྱས་ནས།

  ལན་དུ“ངའི་རྒྱ་སེ་མེ་ཏོག་ཚང་མ་དཀར་པོ་ཡིན”སྡོང་པོ་ན་རེ། “ངའི་རྒྱ་སེ་མེ་ཏོག་རྒྱ་མཚོའི་ཝུ་བ་ལྟར་དཀར་ཞིང་། རི་ཟོམ་གྱི་ཁ་བ་ལས་ཀྱང་དཀར། ཡིན་ནའང་ ། གྲིབ་ཚོད་འཁོར་ལོ་ (sundial) རྙིང་པ་ཞིག་གི་མཐའ་འཁོར་དུ་བཞད་པའི་བདག་གི་ཕུ་བོའི་གམ་དུ་སོང་དང་། གཅིག་བྱས་ན། ཁོང་གིས་ཁྱེད་ཀྱི་རེ་འདུན་ཅི་ བཞིན་དུ་བསྒྲུབ་ཀྱང་སྲིད་པ་རེད”

             ༣
  དེ་བས། ཀ་ལ་པིང་ཀ་གྲིབ་ཚོད་འཁོར་ལོ་རྙིང་པ་ཞིག་གི་མཐའ་འཁོར་དུ་བཞད་པའི་རྒྱ་སེ་སྡོང་མགོར་འཕུར་སོང་ནས། “ང་ལ་རྒྱ་སེ་དམར་པོ་རྐང་གཅིག་གནོངས་ དང” ཁོ་མོ་ན་རེ། “ངས་ཁྱེད་ལ་སྙན་པའི་གྲེ་འགྱུར་སྒྲོག་ཆོག”
ཡིན་རུང་། རྒྱ་སེ་ཤིང་སྡོང་དེ་མི་འཐད་པའི་བརྡ་རུ་གཡུ་ལོ་གསིག་གསིག་འགའ་བྱས་ནས།
ལན་དུ“ངའི་རྒྱ་སེ་མེ་ཏོག་ཚང་མ་སེར་པོ་ཡིན”སྡོང་པོ་ན་རེ། “ངའི་རྒྱ་སེ་མེ་ཏོག་སྤོས་ཤེལ་མདོག་ (amber) གི་ཁྲི་སྟེང་དུ་བཞུགས་པའི་ཀླུའི་བུ་མོའི་སྐྲ་ལོ་ལྟར་ སེར་ཞིང་། ཟོར་གྲི་ཐོགས་པའི་རྩྭ་འབྲེག་མཁན་མ་ཐོན་ཡར་སྔོན་དུ་འདབ་རྒྱ་ལྷུག་གེར་གྲོལ་བའི་ནར་གྱི་མེ་ཏོག་ (daffodil) ལས་ཀྱང་སེར། ཡིན་ན་ཡང་། སློབ་ མའི་སྒེའུ་ཁུང་གཤམ་དུ་བཞད་པའི་བདག་གི་ཕུ་བོའི་རྩིབ་ལ་སོང་དང་། གཅིག་བྱས་ན། ཁོས་ཁྱེད་ཀྱི་རེ་འདུན་ཅི་བཞིན་དུ་བསྒྲུབ་ཀྱང་སྲིད་པ་རེད”

  དེ་ལྟར། ཀ་ལ་པིང་ཀ་སློབ་མའི་སྒེའུ་ཁུང་གཤམ་དུ་བཞད་པའི་རྒྱ་སེ་ཤིང་སྡོང་གི་སྟེང་ལ་འཕུར་སོང་ནས།

  ཡིན་ནའང་། རྒྱ་སེ་ཤིང་སྡོང་དེ་མི་འཐད་པའི་བརྡ་རུ་གཡུ་ལོ་གསིག་གསིག་འགའ་བྱས་ནས།
  ལན་དུ“ངའི་རྒྱ་སེ་མེ་ཏོག་ཚང་མ་དམར་པོ་ཡིན”སྡོང་པོ་ན་རེ། “ངའི་རྒྱ་སེ་མེ་ཏོག་ཐུ་བའི་རྐང་བ་ལས་དམར་ཞིང་། རྒྱ་མཚོའི་འཇིངས་སུ་གྱ་གྱུར་གཡོ་ཞིང་བསིལ་ གཡབ་འདྲ་བའི་བྱུ་རུ་ལས་ཀྱང་དམར། ཡིན་རུང་། དགུན་འཁྱག་གིས་ངའི་སྲོག་རྩ་བསྡམས། བ་མོས་ངའི་གང་བུ་བཅོམ། བུ་ཡུག་གིས་ངའི་ཡལ་ག་བཅག དེའ་ིརྐྱེན་ པས། ད་ལོར་ང་ལ་རྒྱ་སེ་དམར་པོ་ཞིག་བདོག་མི་སྲིད”

  “ང་ལ་རྒྱ་སེ་དམར་པོ་རྐང་གཅིག་མ་གཏོགས་མི་དགོས” ཀ་ལ་པིང་ཀ་ན་རེ། “རྒྱ་སེ་དམར་པོ་རྐང་གཅིག་བདོག་པས་ཆོག དེ་ན་ང་ལ་རྒྱ་སེ་དམར་པོ་འཐོབ་ཐབས་ ཤིག་ལར་ནས་མེད་པ་ཡིན་ནམ”
  ལན་དུ“འཐོབ་ཐབས་ཤིག་བདོག་ནི་བདོག་མོད་ཀྱང”སྡོང་པོ་ན་རེ། “དེ་ལ་ཉེན་ཁ་ཧ་ཅང་ཆེ་བས། ངས་ཁྱེད་ལ་བརྗོད་ཕོད་པར་མི་འདུག”
  “དེ་ན་ང་ལ་གསུངས་ དང” ཀ་ལ་པིང་ཀ་ན་རེ། “ང་ཅི་གང་ལའང་མི་སྐྲག”

  “གལ་སྲིད། ཁྱེད་ལ་རྒྱ་སེ་དམར་པོ་ཞིག་མཁོ་ཚེ” སྡོང་པོ་ན་རེ། “ཁྱེད་ཀྱིས་ཕྱི་རོལ་ཡུལ་གྱི་ཟླ་འོད་འོག་གི་རོལ་དབྱངས་དང་བསྡེབས་ནས་རྒྱ་སེ་མེ་ཏོག་གཟུག་ ཅིང་། ཁྱེད་རང་གི་སྙིང་ཁྲག་གིས་དེ་ལ་ཁ་དོག་བྱུག་དགོས་པར་མ་ཟད། བྲང་གཞུང་ཚེར་མར་གཏད་ནས་ཁྱེད་ཀྱིས་ང་ལ་གྲེ་འགྱུར་སྒྲོགས་དགོས། དེ་ལྟར་མཚན་ གང་བོར། ཁྱེད་ཀྱིས་ང་ལ་གྲེ་འགྱུར་སྒྲོགས་དགོས། ཚེར་མ་ཁྱེད་ཀྱི་སྙིང་གསེབ་ཏུ་བརྡབས་ནས། ཁྱེད་ཀྱི་ཟུངས་ཁྲག་ངའི་རྩ་ལམ་དུ་རྒྱུ་ཞིང་། ང་རང་གི་ཟུངས་ཁྲག་ཏུ་འགྱུར་དགོས”

              ༤
  “རྒྱ་སེ་དམར་པོ་རྐང་གཅིག་གི་རིན་དོད་དུ་འཆི་ཡང་དགོས་ཚེ” ཀ་ལ་པིང་ཀ་ན་རེ། “དེའི་རིན་གོང་ཅུང་མཐོ་དྲག་པར་འདུག སྐྱེ་རྒུ་སུ་ཞིག་ལ་མཚོན་ནའང་། རང་ གི་ཚེ་སྲོག་ལས་ལྷག་པའི་རྩ་ཆེན་ཞིག་ཡེ་མེད།
  ལྗང་མདོག་གི་ནགས་ཀློང་དུ་བསྡད་ནས། ཉི་མའི་གསེར་མདོག་དང་ཟླ་བའི་དངུལ་མདོག་ལ་རྒྱང་ལྟ་བྱེད་པ་ནི་ཅི་འདྲའི་སྤྲོ་སེམས་འཁོལ་བ་ཞིག་ལགས་ཨང་། རྒྱ་ སེ་ཚེར་ཅན་གྱི་དྲི་ངད་ཞིམ། རི་ཀླུང་དུ་ཡིབ་པའི་ཅོང་དབྱིབས་ (bluebell) མེ་ཏོག་དང་། རི་ཟོམ་དུ་མགོ་བོ་དུད་པའི་ཧ་ཐིར་ (heather) མེ་ཏོག་སྙིང་ལ་སྡུག བརྩེ་དུངས་ནི་ཚེ་སྲོག་ལས་ལེགས་ཀྱང་རུང་། བྱེའུ་སེམས་ཤིག་མི་སེམས་དང་བསྡུར་ན་ཅི་ཞིག་ལགས་སམ”དེ་བས། ཁོ་མོས་གཤོག་རུ་བརྐྱངས་ནས་ནམ་མཁར་འཕུར། གྲིབ་གཟུགས་ཤིག་ལྟར་ཁོ་མོས་སྐྱེད་ཚལ་ཡོངས་སུ་བཀླུབས་ཤིང་། གྲིབ་གཟུགས་ཤིག་ལྟར་ཁོ་མོས་ ནགས་ཀློང་འགྲིམས།

  སློབ་མ་ཆུང་ཆུང་དེ་ད་དུང་ཡང་དེ་སྔོན་བྱེའུ་ཆུང་འཕུར་སའི་སྤང་ཁུག་དེ་གར་སྡོད་ཅིང་། སྔར་བཞིན་ཡིད་འོང་གི་མིག་ཟུང་མཆི་མས་བྲན་ཞིང་འདུག “སྐྱོ་བ་མ་གནང” ཀ་ལ་པིང་ཀ་ན་རེ། “སྐྱོ་བ་མ་གནང་དང་། མི་རིང་བར་ཁྱེད་ལ་རྒྱ་སེ་དམར་པོ་ཞིག་འཐོབ་ཡོང་། ཕྱི་རོལ་ཡུལ་གྱི་ཟླ་འོད་འོག་གི་རོལ་དབྱངས་ དང་བསྡེབས་ནས། ངས་ཁྱེད་ལ་རྒྱ་སེ་རྐང་གཅིག་གཟུག་ཅིང་། ངའི་སྙིང་ཁྲག་གིས་དེ་ལ་ཁ་དོག་བྱུག་ཆོག ངས་རང་སྲོག་འདོར་བའི་དོད་དུ། ངས་ཁྱེད་ལ་ཞུ་སྙིང་ འདོད་པ་ནི། འབྱུང་འགྱུར་ཁྱེད་རང་ཞེ་ཡོད་ཁྲེལ་ལྡན་གྱི་མཛའ་བོ་ཞིག་བྱའམ། རྒྱུ་མཚན། ཁོ་མོར་བློ་གྲོས་ཇི་འདྲ་མངའ་ཡང་། བརྩེ་དུངས་ནི་མཚན་ཉིད་རིག་པ་ ལས་ཀྱང་ཆེས་བླ་ན་འཕགས་པའི་བློ་གྲོས་ཀྱིས་ཕྱུག་ཅིང་། ཁོ་བོར་ཟིལ་ཤུགས་ཇི་འདྲ་ཆེ་རུང་། བརྩེ་དུངས་ནི་དབང་ཤེད་གང་ལས་ཀྱང་ཆེས་ཟད་དུ་མེད་པའི་ ཟིལ་ཤུགས་ཀྱིས་བརྟས་ཨང་། ཁོའི་ལུས་ཁམས་དམར་ལམ་ལམ་གྱི་མེ་ཕུང་འདྲ་ཞིང་། ཁོའི་གཤོག་པ་དམར་ལྷབ་ལྷུབ་ཀྱི་མེ་ལྕེ་འདྲ། ཁོའི་མཆུ་སྒྲོས་སྦྲང་རྩི་ལྟར་ མངར་ཞིང་། ཁོའི་དབུགས་རླངས་སྤོས་དུད་དང་མཚུངས”
  སློབ་མ་དེས་སྤང་ཐོག་ནས་ནམ་མཁར་བལྟས་ཏེ་རྣ་བ་བླགས་ནས་ཉན། ཡིན་རུང་། ཀ་ལ་པིང་ཀས་ཁོ་ལ་ཅི་ཞིག་བརྗོད་ཀྱིན་ཡོད་པ། ཁོས་རྩ་བ་ཉིད་ནས་ཧ་མི་གོ་ བར་འདུག རྒྱུ་མཚན། ཁོའི་གོ་རྟོགས་ཡོད་ཚད་དེབ་ནང་དུ་བཀོད་པའི་དོན་དག་འབའ་ཞིག་ལགས།
  ཡིན་ན་ཡང་། བེ་ཤིང་གིས་དེ་དོན་གསལ་བོར་རྟོགས་ནས་ཡིད་རབ་ཏུ་གདུངས། རྒྱུ་མཚན། ཀ་ལ་པིང་ཀ་ནི་རང་གི་ཡལ་གའི་སྟེང་དུ་འཚོ་ཞིང་གཞེས་པས། ཁོ་མོ་ རང་གི་ཆེས་སྙིང་ཉེ་བའི་མཛའ་གྲོགས་སུ་གྱུར་ཡོད།
  “བདག་ལ་མཇུག་མཐའི་གྲེ་འགྱུར་ཞིག་སྒྲོག་དང” བེ་ཤིང་ན་རེ། “ཁྱེད་བྲལ་རྗེས། བདག་ལ་ཁེར་སྡུག་གི་གདུང་བ་ཅི་འདྲ་ལྕི་ཨང”
  དེ་ལྟར། ཀ་ལ་པིང་ཀས་བེ་ཤིང་ལ་གྲེ་འགྱུར་བསྒྲགས། ཁོ་མོའི་གསུང་སྐད་དངུལ་བུམ་ནང་གི་ཆུ་མོ་ཤང་ཤང་འཕྱོ་བའི་སྒྲ་དབྱངས་དང་འདྲ།

              ༥
  ཀ་ལ་པིང་ཀས་གྲེ་འགྱུར་བསྒྲགས་ཚར་རྗེས། སློབ་བུ་ཡར་དགྱེ་ནས། ཁུག་མ་ལས་འབྲི་དེབ་ཅིག་དང་ཞ་སྨྱུག་ཅིག་བླངས། “ཁོ་མོ་གཟུགས་བྱད་དང་ལྡན་པ་ཞིག་ལགས་པས”ཁོས་ནགས་ཀློང་བགྲོད་དུས“སྒྱུ་ལུས་ཡིན་པའི་རྩོད་སྒྲུབ་སུ་ལའང་མེད། ཡིན་ན་ཡང་ཁོ་མོར་ཚོར་ཤེས་ལྡན་ ནམ། ཁོ་མོར་ཚོར་ཤེས་ཤིག་བདོག་མི་སྲིད་ཨང་། དོན་དངོས་སུ། ཁོ་མོ་སྒྱུ་རྩལ་དང་འདྲ་བར་ལྷག་བསམ་སྟོངས་པའི་གཟུགས་བརྙན་ཙམ། གཞན་གྱི་ཕྱིར་ཏུ་ཁོ་ མོས་རང་གི་གཅེས་སྲོག་འདོར་མི་སྲིད་ལ། ཁོ་མོས་རོལ་དབྱངས་ཁོ་ན་སེམས་ཤིང་ཡོད་ངེས། ཀུན་པོས་མཁྱེན་གསལ་ལྟར། སྒྱུ་རྩལ་ནི་རང་གཅེས་སྒེར་སེམས་ འབའ་ཞིག གཞན་དུ་ན། ཁོ་མོའི་གྲེ་འགྱུར་སྙན་པ་ཀུན་པོས་ཁས་འཆེ་རུང་། དེ་ལ་དགོས་མཚན་དང་དོན་སྙིང་ཅི་ཡང་སྟོངས་པ་ངོ་མ་སྙིང་རེ་རྗེ་ཨང”ཞེས་དེ་སྐད་ ཁེར་ལབ་བྱེད་བཞིན། ཕྱིར་རང་ཁྱིམ་དུ་ལོག་ཅིང་། སོག་མའི་མལ་ཁྲིའི་སྟེང་ལ་གན་རྐྱལ་དུ་ལོག་ནས་རང་གི་མཛའ་མོ་སེམས་འགོ་བརྩམས། ཡུད་ཙམ་རྗེས་སུ་ཁོ་གཉིད་དུ་ཡུར།
  ཨ་སྔོན་གྱི་གཞི་རུ། དུང་མདོག་གི་ཟླ་བ་དལ་གྱིས་མངོན་འོང་དུས། ཀ་ལ་པིང་ཀ་རྒྱ་སེ་སྡོང་མགོར་འཕུར་ཡོང་ནས་བྲང་གཞུང་ཚེར་མར་གཏད། མཚན་གང་བོར། ཁོ་མོས་བྲང་གཞུང་ཚེར་མར་གཏད་ནས་གྲེ་འགྱུར་བསྒྲགས། དྭངས་ཤེལ་འདྲ་བའི་འཁྱག་གྲང་གྲང་གི་ཟླ་བ་མི་ཡུལ་དུ་ཕྱོགས་ནས་རྣ་བ་བླགས་ཏེ་ཉན། མཚན་གང་ བོར། ཁོ་མོས་དེ་ལྟར་གྲེ་འགྱུར་བསྒྲགས་ཤིང་། ཚེར་མ་ཁོ་མོའི་བྲང་གཞུང་གི་གཏིང་སར་ཟུག་པ་དང་། མོའི་སྙིང་ཁྲག་རྦ་རླབས་ལྟར་འཕྱུར་འོངས། ཁོ་མོས་གཞོན་ནུ་ཕོ་མོ་ཟུང་གི་ཆེས་ཐོག་མའི་མཛའ་གཞས་གྱེར་དུས། རྒྱ་སེ་མེ་ཏོག་གི་ལྗོན་རྩེ་རུ་མཚར་དུ་སྡུག་པའི་རྒྱ་སེ་དམར་པོ་བཞད་ཅིང་། མཛའ་གཞས་རེ་ རེའི་འགྱུར་ཁུགས་དང་བསྡེབས་ནས་རྒྱ་སེ་རེ་རེའི་འདབ་མ་ལྷུག་པོར་གྲོལ།
  གཙང་བོའི་འཇུག་ངོགས་ན་བུན་གྱིས་གཡོགས་པ་ལྟར། ཐོག་མར་རྒྱ་སེ་མེ་ཏོག་གི་བཀྲག་མདངས་སྐྱ་ལོང་ངེར་སྣང་ཡང་། རིམ་གྱིས་རིམ་གྱིས་དེ་ཡང་ནངས་སྔ་མོའི་ སྐྱ་རེངས་བཞིན་སྐྱ་སིང་ངེ་། ཐོ་རངས་ཁའི་གཤོག་འགྱུར་བཞིན་དཀར་ཆབ་བེ། རྒྱ་སེ་མེ་ཏོག་གི་གྲིབ་རིས་རྫིང་བུར་འཕྲོ་ཞིང་། རྒྱ་སེ་མེ་ཏོག་གི་གྲིབ་རིས་དངུལ་ མདོག་གི་མེ་ལོང་དུ་འཆར། དེ་ལྟ་དེ་ལྟར་རྒྱ་སེ་མེ་ཏོག་གི་ལྗོན་རྩེར་རྒྱ་སེ་དམར་པོའི་འདབ་རྒྱ་ལྷུག་གེར་གྲོལ་བྱུང་།
  ཡིན་ན་ཡང་། རྒྱ་སེ་ཤིང་སྡོང་གིས་ད་དུང་ཡང་ཀ་ལ་པིང་ཀའི་བྲང་གཞུང་ཚེར་མར་གཙུབས་ཤིང་གཙུབས་པར་བསྐུལ། “བྱེའུ་ཆུང་ཀ་ལ་པིང་ཀ་ལགས། ཁྱེད་ཀྱི་ བྲང་གཞུང་ད་དུང་ཚེར་མར་གཙུབས་ཤིང་གཙུབས་ཤིག” རྒྱ་སེ་ཤིང་སྡོང་ན་རེ། “དེ་མིན་ཚེ། རྒྱ་སེ་མེ་ཏོག་མ་བཞད་སྔོན་ལ། ཞོགས་པའི་ཉི་གཞོན་འཛུམ་གྱིས་དགོད་པར་འགྱུར”

  དེ་བས། ཀ་ལ་པིང་ཀས་གྲེ་འགྱུར་གྱི་གདངས་དབྱངས་མཐོ་རུ་མཐོ་རུ་བཏེགས་ཤིང་། མོའི་བྲང་གཞུང་ཚེར་མར་གཙུབས་ཤིང་གཙུབས་དུས། ཁོ་མོས་གཞོན་ནུ་ཕོ་ མོ་ཟུང་གི་ཆེས་ཐོག་མའི་སྙིང་ཁོང་གི་བརྩེ་དུངས་དབྱངས་སུ་གྱེར།

              ༦
  དུས་དེར། རྒྱ་སེ་མེ་ཏོག་གི་འདབ་མར་དམར་མདངས་གཉོམ་པོ་ཞིག་རྒྱས་འོངས་ལ། དེ་ཡང་མག་གསར་གྱིས་བག་གསར་གྱི་མཆུ་སྒྲོས་ལ་འོ་བྱེད་དུས། ཁོའི་ངོ་ མདངས་དམར་པོར་འགྱུར་བ་དང་གཉིས་སུ་མེད། ཡིན་ན་ཡང་། ཚེར་མ་ད་དུང་མོའི་སྙིང་གསེབ་ཏུ་ཟུག་མེད་ཕྱིན། རྒྱ་སེ་མེ་ཏོག་གི་སྙིང་ལ་དམར་མདངས་རྒྱས་མི་ འདུག

  ཀ་ལ་པིང་ཀའི་སྙིང་ཁྲག་དྲོན་མོ་ཁོ་ནས་ད་གཟོད་རྒྱ་སེ་མེ་ཏོག་གི་སྙིང་ལ་དམར་བཙོད་ (crimson) རྒྱག་བཏུབ་པར་འདུག རྒྱ་སེ་ཤིང་སྡོང་གིས་ད་དུང་ཡང་ཀ་ ལ་པིང་ཀའི་བྲང་གཞུང་ཚེར་མར་གཙུབས་ཤིང་གཙུབས་པར་བསྐུལ། “བྱེའུ་ཆུང་ཀ་ལ་པིང་ཀ་ལགས། ཁྱེད་ཀྱི་བྲང་གཞུང་ད་རུང་ཚེར་མར་གཙུབས་ཤིང་གཙུབས་ ཤིག” རྒྱ་སེ་ཤིང་སྡོང་ན་རེ། “དེ་མིན་ཚེ། རྒྱ་སེ་མེ་ཏོག་མ་བཞད་སྔོན་ལ། ཞོགས་པའི་ཉི་གཞོན་འཛུམ་གྱིས་དགོད་པར་འགྱུར”
  དེ་བས། ཀ་ལ་པིང་ཀས་རང་གི་བྲང་གཞུང་ཚེར་མར་གཙུབས་ཤིང་། ཚེར་མ་ཁོ་མོའི་སྙིང་གསེང་དུ་ཟུག་པ་དང་། ཁོ་མོ་ཚ་བེར་བེར་གྱི་ན་ཟུག་གིས་གཟིར་ཞིང་ཡོད་ ལ། ཁོ་མོའི་གྲེ་འགྱུར་གྱི་གདངས་དབྱངས་མཐོ་རུ་མཐོ་རུ་བཏེགས་པ་དང་། ན་ཟུག་ཀྱང་ཇེ་ཆེ་ཇེ་དྲག་ཏུ་འགྲོ་ཡི་ཡོད། སྐབས་དེ་ཤེད་དུ། ཁོ་མོས་རང་སྲོག་བློས་ གཏོང་ལས་ཐོབ་པའི་བརྩེ་གཞས་གྱེར། ཁོ་མོས་ཤི་ཡང་པུར་དུ་མ་བཏབ་པའི་བརྩེ་གཞས་གྱེར།

  ཤར་མཐའི་སྐྱ་རེངས་བཀྱགས་པ་དང་འདྲ་བར། མཚར་སྡུག་ཡིད་འོང་གི་རྒྱ་སེ་མེ་ཏོག་ལ་ཁྲག་དམངས་རྒྱས་ཤིང་། རྒྱ་སེ་མེ་ཏོག་གི་འདབ་མའང་དམར་བཙོད་ མདོག་ཏུ་གྱུར། རྒྱ་སེ་མེ་ཏོག་གི་སྙིང་ལ་པདྨ་ར་ག་ (ruby) ལྟ་བུའི་དམར་མདངས་རྒྱས་བྱུང་། ཡིན་ན་ཡང་ཀ་ལ་པིང་ཀའི་མགྲིན་སྙན་རེ་གསལ་རེ་འཇགས་སུ་ འགྱུར་ཞིང་། ཁོ་མོའི་གཤོག་པ་ཆུང་ཆུང་ཟུང་རྡེབ་ཙམ་རྡེབ་ཙམ་བྱེད་ལ། ཁོ་མོའི་མིག་ནང་དུ་ཁུག་རྣ་སྲབ་མོ་ཞིག་འཐིབ་ཡོང་། མོའི་མགྲིན་སྙན་ཇེ་དམའ་ཇེ་དམའ་ རུ་གྱུར་བ་དང་། ཁོ་མོའི་གྲེ་བ་ཅི་ཞིག་གིས་བརྣངས་པ་འདྲ་བའི་ཚོར་སྣང་སྐྱེས།

  སྐབས་དེ་ཤེད་དུ། ཁོ་མོས་ཆེས་མཐའ་མཇུག་གི་གྲེ་འགྱུར་ཞིག་བསྒྲགས་པ། དུང་མདོག་གི་ཟླ་བས་ཐོས་ཤིང་། ཁོ་མོས་ཤར་མཐའ་ནས་དལ་གྱིས་ཡར་འཕག་གིན་ པའི་སྐྱ་རེངས་བརྗེད་པར་གྱུར། ཆེས་མཐའ་མཇུག་གི་གྲེ་འགྱུར་དེ་རྒྱ་སེ་མེ་ཏོག་གིས་ཐོས་ནས་ཀྱང་དགའ་ཀྲོག་ཀྲོག ཞོགས་པའི་བསིལ་རླུང་དང་བསྡེབས་ནས་ འདབ་རྒྱ་ལྷུག་གེར་གྲོལ། ཆེས་མཐའ་མཇུག་གི་གྲེ་འགྱུར་དེ་རྒྱ་སྨུག་གི་ཞོགས་པའི་རི་ཀློང་གི་བྲག་ཅར་འཁོར་ཡོང་ནས། རྨི་ལམ་འགྲིམ་བཞིན་པའི་རྫི་བོ་དག་གཉིད་ ལས་དཀྲོགས། ཆེས་མཐའ་མཇུག་གི་གྲེ་འགྱུར་དེ་ཆུ་ངོགས་ཀྱི་འདམ་རྩྭའི་གསེབ་ཏུ་འཕྱོ་ཞིང་ལྡིང་བ་དང་། གནས་ཚུལ་དེ་འདམ་རྩྭ་དག་གིས་མཚོ་མོའི་སྙན་དབང་ དུ་བསྒྲོན།

  “ལྟོས་དང་། ལྟོས་དང” རྒྱ་སེ་ཤིང་སྡོང་ན་རེ། “རྒྱ་སེ་མེ་ཏོག་བཞད་བྱུང”
  ཡིན་ན་ཡང་། ཀ་ལ་པིང་ཀས་དྲིས་ལན་ལྡོན་མི་ནུས་པར་འདུག མ་གཞི་མོའི་སྙིང་གསེང་དུ་ཚེར་མ་ཟུག་ནས་ཚེ་ཡི་འཕེན་པ་རྫོགས་ཤིང་འདུག
  ཉིན་གུང་གི་དུས་སུ། སློབ་མས་སྒེའུ་ཁུང་བརྐྱངས་ནས་ཕྱི་རོལ་ཡུལ་དུ་རྒྱང་ལྟ་བྱས།

             ༧
  “ཨ་ཙི། ཅི་འདྲའི་སྨྲ་སེམས་བརྗོད་འདས་ཀྱི་བསོད་བདེ་ཞིག་ལགས་ཨང” ཁོ་ན་རེ། “འདི་ན་རྒྱ་སེ་དམར་པོ་རྐང་གཅིག་བདོག་ཨང་། ངའི་མི་ཚེ་ནང་། ངས་འདི་ འདྲའི་རྒྱ་སེ་མེ་ཏོག་ཅིག་རིག་མ་མྱོང་། མཚར་དུ་སྡུག་པའི་མེ་ཏོག་འདི་ལ་ཡང་། ལ་ཊིན་ (Latin) སྐད་ཀྱི་དངོས་མིང་ཞིག་བདོག་པ་གདོན་མི་ཟ” ཁོ་མར་ལ་སྒུར་ ནས་རྒྱ་སེ་མེ་ཏོག་བཏུས།
  དེ་ནས། ཁོས་ཞྭ་མོ་གྱོན་ཞིང་རྒྱ་སེ་མེ་ཏོག་ལག་ཏུ་བཟུང་ནས། ཁོ་དགེ་རྒན་ཆེན་པོ་ཚང་ལ་བརྒྱུགས་སོང་།
  དགེ་རྒན་ཆེན་མོ་ཚང་གི་བུ་མོ་སྒོ་ལམ་དུ་སྡོད་ཅིང་། ཁོ་མོས་འདྲིལ་འཁོར་ (reel) ཞིག་གི་ཐོག་ལ་དར་གོས་སྔོན་པོ་བཀྲི་བཞིན་ཡོད། ཁོ་མོའི་ཁྱི་ཕྲུག་ཆུང་ཆུང་དེ་ ཡང་ཁོ་མོའི་རྩིབ་ཏུ་གཉིད་ཉལ་ཞིང་འདུག
  “གལ་སྲིད། ངས་ཁྱེད་ལ་རྒྱ་སེ་དམར་པོ་ཞིག་འཁྱེར་ཡོང་ཚེ། ཁྱེད་རང་ང་དང་མཉམ་དུ་ཞབས་བྲོ་འཁྲབ་ཆོག་ཟེར་བ་མིན་ནམ” སློབ་མ་ན་རེ། “དེ་རིང་ངས་ཁྱེད་ལ་འཛམ་གླིང་གི་རྒྱ་སེ་མེ་ཏོག་ཆེས་དམར་ཤས་དེ་ཁྱེར་ནས་ཡོང་ཡོད། དོ་ནུབ། ཁྱེད་ཀྱིས་རྒྱ་སེ་མེ་ཏོག་དེ་རང་གི་བྲང་ཁ་གཡོན་ཕྱོགས་སུ་གདགས་ཆོག་ལ། ངེད་ གཉིས་ཞབས་བྲོ་རྒྱག་དུས། དེས་ཁྱེད་ལ་ཁོ་བོ་ཁྱེད་ལ་ཅི་འདྲ་དགའ་ཞིང་ག་ཙམ་དུངས་པ་བརྗོད་ངེས”
  ཡིན་ན་ཡང་བློ་ཡིད་ལས་འདས་པ་ཞིག་ལ། བུ་མོ་དེས་ཁོར་ཁྲོ་གཉེར་བསྡུས་ནས་སྡང་མིག་བགྲད་འོངས།
  “དགོངས་པ་མ་འཚོམས། དེ་ངའི་མཆོར་གོས་སྟེང་ལ་སྤྲས་ན་མི་ལེགས་པར་འདུག” ཁོ་མོ་ན་རེ། “དེར་མ་ཟད། མགྲོན་གཉེར་ཆེན་མོའི་ཚ་བོས་ང་ལ་མཛེས་རྒྱན་ འདོགས་ཆ་དངོས་མ་ཁ་ཤས་བསྐུར་བྱུང་། རྒྱན་ཆ་འདི་རིགས་ཀྱི་རིན་དོད་མེ་ཏོག་འགའ་ཞིག་གི་རིན་གོང་ལས་ལྡབ་ཀྱིས་མཐོ་བ་མི་ཚང་མས་ཤེས་གསལ་རེད” ཁོང་ཁྲོ་དང་བཅས་སློབ་མས“ཁྱེད་རང་དངོས་གནས་དྲིན་བྱས་དྲིན་དུ་མི་གོ་མཁན་ཞིག་ལགས”ཅེས་དེ་སྐད་སྨྲ་བཞིན། རྒྱ་སེ་མེ་ཏོག་སྲང་ལམ་དུ་གཡུགས་པ་དང་། དེ་ལམ་ཟུར་གྱི་ཡུར་ཆུའི་ནང་ཟགས་ཤིང་། དེའི་སྟེང་ལ་ཤིང་རྟ་ཞིག་འཁོར་ནས་གཅུར་བཞག

  “དྲིན་བྱས་དྲིན་དུ་མི་གོ་མཁན་ཟེར་རམ” བུ་མོ་དེ་ན་རེ། “ངས་ཁྱེད་ལ་ཅི་ཞིག་བཤད་ཐལ། ཁྱེད་ནི་མི་ངན་ཐ་ཤལ་བ་ཞིག་རེད་འདུག དོན་ངོ་མར། ཁྱེད་རང་སློབ་ ཕྲུག་ཅིག་ཡིན་པ་ལས་གཞན་སུ་ཞིག་ཡིན་ནམ། ཅིའི་ཕྱིར། ཐ་ན་མགྲོན་གཉེར་ཆེན་མོའི་ཚ་བོ་ནང་བཞིན། ཁྱེད་ལ་རང་གི་འཇུར་རྟ་སྤུད་བྱེད་དངུལ་གྱི་ཆབ་མ་དེ་ འདྲ་ཡོད་ཟེར་ན། ང་ཡིད་ཆེས་དཀའ” ཁོ་མོ་ཨོང་སྟེགས་ལས་ཡར་ལངས་ནས་ཁྱིལ་ལ་འཛུལ་སོང་། “བརྩེ་དུངས་ཟེར་བ་འདི་ཅི་འདྲའི་ཆོ་མེད་གླེན་རྟགས་ཤིག་རེད་ཨང” འགྲོ་ཞོར་དུ་སློབ་མ་ན་རེ། “དེ་ནི་རྒྱུ་མཚན་གནས་ལུགས་ཀྱིས་སྟོངས་པ་ཞིག་སྟེ། དེས་ དངོས་དོན་གང་ཡང་བདེན་དཔང་མི་བྱེད་པར། དུས་དང་རྣམ་པ་ཀུན་ཏུ་འབྱུང་ཡང་མི་སྲིད་པའི་དོན་དག་ཅིག་ལབ་ནས། མི་ལ་དོན་དངོས་མ་ཡིན་པའི་དོན་དག་ ཅིག་ལ་གོ་སྐོན་བློ་འགུག་ཅི་ཐབས་བྱེད་ཅིང་། དོན་ངོ་མར། ད་རག་བར་དུ་དེ་ཉམས་སུ་མྱོང་མཁན་ཞིག་གཞར་ཡང་མི་བདོག་པས། དེང་འདིར་ང་ཚོས་དེ་ལ་མྱོང་ རོལ་བྱེད་རྒྱུ་ནི་ནམ་ཡང་གཡོལ་བཤོལ་མི་རུང་བ་ཞིག་ལགས་ཨང་། བདག་གིས་སླར་ཡང་མཚན་ཉིད་རིག་པར་ (Philosophy) གཞལ་ཞིང་། གཟུགས་འདས་ རིག་པ་ (Metaphysics.) སྦྱོང་བའི་དགོས་སྙིང་མཆི་ཨང”

             ༨
  དེ་བས། ཁོ་ཕྱིར་ཁྱིམ་ལ་ལོག་ཅིང་། ས་རྡུལ་གྱིས་ཟིན་པའི་དཔེ་དེབ་ཆེན་པོ་ཞིག་ཁྱེར་ཡོང་ནས་ཀློག་འགོ་བརྩམས་སོ།།

             སྒེར་སེམས་ཅན་གྱི་མི་བོ་ཆེ།

              ༡
  ཕྱི་དྲོ་སློབ་གྲྭ་གྲོལ་ནས་ཕྱིར་ལོག་རྗེས། བྱིས་པ་ཚོ་ནམ་རྒྱུན་མི་བོ་ཆེ་ (Giant) ཡི་སྐྱེད་ཚལ་དུ་སོང་ནས་རྩེད་མོ་རྩེ་རྒྱུར་གོམས་ལོབས་སུ་གྱུར་ཡོད། སྐྱེད་ཚལ་དེ་ ནི་ཆེ་ལ་མཛེས་པའི་ལྗང་མདོག་གི་ནེའུ་གསིང་ཞིག་ཡིན། ནེའུ་གསིང་གི་གཞི་གང་སར་མཚར་དུ་སྡུག་པའི་མེ་ཏོག་གི་ཚོམ་མཚན་དུས་ཀྱི་སྐར་ཚོགས་ལྟར་རྣམ་པར་ བཀྲ་ཞིང་། དེ་གར་ད་དུང་ཁམ་སྡོང་ (peach-trees) བཅུ་གཉིས་སྐྱེས་ཤིང་ཡོད་པ་ལ། དཔྱིད་དུས་སུ་མུ་ཏིག་མདོག་གི་མེ་ཏོག་ཟིང་སྐྱ་བཞད་ཅིང་། སྟོན་དུས་ སུ་ལེགས་པར་སྨིན་པའི་ཤིང་འབྲས་ཐོག འདབ་ཆགས་ཀྱི་ཚོགས་ཁམ་བུའི་སྡོང་མགོར་བབ་ནས་གསུང་སྙན་ལྷང་ལྷང་སྒྲོག་ཐེངས་རེ་ལ། བྱིས་པ་ཚོས་རྩེད་མོ་རྩེ་ མཚམས་བཞག་ནས་ཁོ་ཚོའི་གྲེ་འགྱུར་ལ་རྣ་བ་བླགས་ནས་ཉན་བཞིན“འདི་གར་ང་ཚོ་ཅི་འདྲིའི་སྐྱིད་པ་ལ་ཨང”ཅེས་ཕན་ཚུན་ལ་གླེང་མོལ་བྱེད།
  ཉི་མ་ཞིག་ལ། མི་བོ་ཆེ་ཁོ་རང་གི་གྲོགས་པོ་ཁིར་ནེ་ཤཱ་ཨོ་གཱི་ (Cornish ogre) བྱ་བར་ལྟ་རུ་ཕྱིན་ནས། དེ་གར་མི་ལོ་བདུན་རིང་བསྡད་རྗེས་ཕྱིར་ཡུལ་ལ་ལོག་ ཡོང་། འདས་པའི་བགྲང་བྱ་བདུན་པོ་དེའི་རིང་ལ་ཁོས་སྨྲ་བར་རུང་བའི་སྐད་ཆ་འགའ་ཞིག་མ་གཏོགས་གང་བྱུང་དུ་ལབ་རྡོལ་བྱས་མི་ཆོག་པར་འདུག དེ་བས་ཁོ་ རང་ཕྱིར་རང་གི་མཁར་རྫོང་དུ་ལོག་པའི་སེམས་ཐག་བཅད་པ་རེད།
ཁོ་ཕྱིར་རང་ཡུལ་ལ་ཐོན་དུས། བྱིས་པ་འགའ་ཁོའི་སྐྱེད་ཚལ་དུ་རྩེད་མོ་རྩེ་བཞིན་པ་མཐོང་འཕྲལ། ཁོས“ཁྱེད་ཚོས་འདི་གར་ཅི་བྱེད་ཀྱིན་ཡོད་དམ”ཞེས་ངག་རྩུབ་ པོས་དེ་སྐད་བརྗོད་པ་ན། བྱིས་པ་ཚོ་སྐྲག་ཐག་ཆོད་ནས་གཞོགས་གཞོགས་སུ་བྲོས།
  “ང་རང་གི་སྐྱེད་ཚལ་ང་རང་གི་ཡིན” མི་བོ་ཆེ་ན་རེ། “མི་ཚང་མས་དེ་དོན་ཤེས་པར་གྱིས་ཤིག ང་རང་ཉིད་མ་གཏོགས་གཞན་སུ་ཡང་ངའི་སྐྱེད་ཚལ་དུ་རྩེད་མོ་རྩེ་མི་ཆོག”
  དེ་བས། ཁོས་སྐྱེད་ཚལ་ལ་རྩིག་གྱང་མཐོན་པོའི་ར་བ་ཞིག་བསྐོར་ཞིང་། གྱང་ངོས་སུ་དྲན་སྐུལ་གླེགས་བུ་ཞིག་བཀལ་བའི་སྟེང་ལ“གཞན་ཡུལ་དུ་ཧམ་འཛུལ་བྱེད་ མཁན་ཚོར་གྱོད་འཛུགས་ཁྲིམས་གཏུགས་བྱ་ངེས་ཡིན”ཞེས་བྲིས་ཡོད།
  ཁོ་པ་མི་བོ་ཆེ་སྒེར་སེམས་ཅན་ཞིག་ཡིན་འདུག
  སྙིང་རྗེ་བའི་བྱིས་པ་ཚོ་ད་ནི་རྩེད་མོ་རྩེ་ས་ཞིག་ལར་ནས་མེད་པས། ཁོ་ཚོ་ལམ་ཁར་རྩེད་མོ་རྩེ་རུ་སོང་། ཡིན་ན་ཡང་། ལམ་ཁར་ས་རྡུལ་འཚུབ་ཅིང་རྡོ་བས་ཁེངས་ ཤིང་འདུག་པས། ཁོ་ཚོ་དེ་གར་རྩེད་མོ་རྩེ་མི་འདོད་པར་འདུག ཁོ་ཚོ་དྲན་སྐུལ་གླེགས་བུ་བཀལ་བའི་རྩིག་གྱང་མཐོན་པོའི་མཐའ་འཁོར་དུ་ཉུལ་ཞིང་འཁྱམས་ ནས། ཁོ་ཚོས་རྩིག་གྱང་ནང་ལོག་གི་སྐྱེད་ཚལ་ཡག་རབས་གླེང་།   “སྔོན་ཆད་ང་ཚོ་སྐྱེད་ཚལ་འདི་གར་ཅི་འདྲ་སྐྱིད་ཨང”ཞེས་ཕན་ཚུན་ལ་གཏམ་གླེང་སྣ་ཚོགས་བྱེད་བཞིན་མཆི།

             ༢
་ ད་ནི་དཔྱིད་ཀ་ཚེས་བྱུང་། ཡུལ་ལྗོངས་གང་སར་བྱ་བྱེའུ་རེ་འགའ་དང་མེ་ཏོག་ཁ་ཤས་བཞད་ཅིང་འདུག ཡིན་རུང་། མི་བོ་ཆེའི་སྐྱེད་ཚལ་གཅིག་པུ་ད་དུང་ཡང་སྔར་ བཞིན་དགུན་ཁ་ཡིན། བྱིས་པ་ཚོ་མ་སླེབས་པའི་ཉིན་དེ་ནས་བཟུང་། སྐྱེད་ཚལ་དེ་གར་འདབ་ཆགས་ཀྱིས་གྲེ་འགྱུར་སྒྲོག་པའི་སྤྲོ་སྣང་དབེན་ཞིང་། ཁམ་སྡོང་གིས་མེ་ ཏོག་གི་འདབ་མ་གྲོལ་རྒྱུ་ཡང་བརྗེད་པར་གྱུར།
  ཐེངས་ཤིག་ལ་ནེའུ་གསིང་གི་གཞི་རུ། མཚར་དུ་སྡུག་པའི་མེ་ཏོག་ཅིག་གིས་མགོ་བོ་དགྱེ་ནས་ཕྱི་རོལ་ཡུལ་དུ་བལྟས། ཡིན་རུང་། མཐོང་ཡུལ་དུ་སྣང་བ་ནི་གྱང་ངོས་ སུ་བཀལ་བའི་དྲན་སྐུལ་གླེགས་བུ་དེ་ཁོ་ན་ལགས་པས། བྱིས་པ་ཚོར་དགོངས་དྭངས་ཞུ་བཞིན། མེ་ཏོག་དེའང་ཕྱིར་ས་འོག་ཏུ་འཛུལ་ནས་སླར་ཡང་གཉིད་དུ་བཞུད། “ད་ལོའི་དཔྱིད་དཔལ་གྱིས་སྐྱེད་ཚལ་འདི་ཀོ་བརྗེད་འདུག”ཅེས་ཁ་བ་དང་བ་མོ་ཁོ་ནར་དུངས་པའི་མི་ཚོ་ན་རེ། “དེ་བས། ད་ལོར་ང་ཚོ་གནས་འདི་གར་འཚོ་ཞིང་ སྡོད་པར་བྱའོ”
  བ་མོས་ཁམ་སྡོང་གི་ལོ་མར་དངུལ་མདོག་གི་ཁ་དོག་བྱུགས། དཀར་བོང་བོང་གི་ཁ་བ་ལེབ་མོས་ནེའུ་གསིང་གི་གཞི་ཡོངས་སུ་གཡོགས། དེའི་རྗེས། ཁ་བ་དང་བ་མོས་ ནུབ་རླུང་མགྲོན་དུ་བོས། ནུབ་རླུང་ལྡང་བྱུང་། ནུབ་རླུང་གིས་ལྤགས་པའི་ལྭ་རིང་བགོས་ནས། ཉིན་གང་བོར། སྐྱེད་ཚལ་དུ་བུ་ཡུག་གི་ང་རོ་སྒྲོག་གིན། མཁར་རྫོང་དུད་ ཁུང་གི་རྫ་སྦུག་ (chimney-pots) ཡོད་ཚད་བཤིག
  “འདི་ནི་སྤྲོ་སེམས་འཕེལ་བའི་བྱས་ཉེས་ཤིག་ལགས་ཨང” ནུབ་རླུང་ན་རེ། “ང་ཚོས་ངེས་པར་དུ་སེར་བ་ཡང་གཟིགས་སྐོར་དུ་འབོད་པའི་དགོས་སྙིང་མཆི” དེ་བཞིན་དྲག་ཆར་བབ་ཅིང་། ཉིན་རྒྱུན་ཆུ་ཚོད་གསུམ་གྱི་རིང་ལ་སེར་བས་མཁར་རྫོང་གི་ཁང་ཐོག་ཏུ་ཤུགས་ཀྱིས་བྲབས་ནས། མཁར་རྫོང་གི་ཐོག་གཡམ་རྡུལ་དུ་ འགེམས་རྗེས། སེར་བས་གདུག་རྩུབ་ཡོད་རྒུ་བཏོན་ནས་སྐྱེད་ཚལ་དུ་སྨྱོ་རྒྱུག་བྱས། སེར་བས་སྐྱ་ལོང་ལོང་གི་ལྭ་བ་བགོས། སེར་བའི་དབུགས་རླངས་ཆབ་རོམ་དང་འདྲ།
  “ད་ལོའི་དཔྱིད་དཔལ་ཅིའི་ཕྱིར་ཏུ་འོངས་འཕྱི་བ་ཡིན་ནམ། ངས་ངོ་མ་ཧ་མི་གོ་བར་འདུག” སྒེར་སེམས་ཅན་གྱི་མི་བོ་ཆེ་སྒེའུ་ཁུང་འགྲམ་དུ་ཙོག་ནས་ཕྱི་རོལ་གྱི་ གྲང་ངར་དང་ཁ་བས་ཡོངས་སུ་གཡོགས་པའི་རང་གི་སྐྱེད་ཚལ་ལ་བལྟས་ནས་ན་རེ། “རེ་བ་ལ། མི་འགྱང་བར་གནམ་གཤིས་ལ་འགྱུར་ལྡོག་འབྱུང་བར་སྨོན” ཡིན་ ན་ཡང་། ཁོའི་སྐྱེད་ཚལ་དུ་དཔྱིད་དུས་དང་དབྱར་དུས་ཤིག་གཞར་ཡང་བསླེབ་པར་མ་གྱུར།
  སྟོན་དུས་ཀྱིས་སྐྱེད་ཚལ་རེ་རེར་གསེར་མདོག་གི་ཤིང་འབྲས་བསྐྱེད། ཡིན་རུང་། མི་བོ་ཆེའི་སྐྱེད་ཚལ་དུ་དེ་ཙམ་ཡང་གནང་མ་བྱུང་། སྟོན་དུས་ཀྱིས“ཁོ་པར་ཅི་ འདྲའི་སྒེར་སེམས་ཆེ་བ་ལ”ཞེས་དེ་སྐད་ལབ། དེའི་རྐྱེན་པས། དུས་དང་རྣམ་པ་ཀུན་ ཏུ་ཁམ་སྡོང་གི་སྐྱེད་ཚལ་དེ་གར་དགུན་དུས་དང་ཁ་བ། སེར་བ་དང་བ་མོ། ནུབ་རླུང་ཁོ་ནའི་སྟངས་སྟབས་བསྒྱུར་ཞིང་མཆིས།
  ཞོགས་པ་ཞིག་ལ། མི་བོ་ཆེ་གཉིད་ལས་སད་ནས་མལ་སའི་ནང་སྡོད་དུས། ཁོས་རོལ་དབྱངས་སྙན་མོ་ཞིག་ཐོས་འོངས། རོལ་དབྱངས་དེ་ཁོའི་རྣ་ལམ་དུ་ཅི་འདྲ་ སྙན་ཨང་། ཁོའི་སེམས་སུ། རྒྱལ་པོའི་རོལ་དབྱངས་ཚོགས་པ་དེ་གར་འགྲོ་བཞིན་འདུག་སྙམ། དེ་ནི་ངོ་མ་ལུས་བོངས་ཆུང་བའི་བྲག་བྱེའུ་དང་དམར་ (linnet) ཞིག་གིས་ཁོའི་སྒེའུ་ཁུང་ཕྱིར་རོལ་དུ་གྲེ་འགྱུར་སྒྲོག་པ་དང་མཚུངས། ཡིན་རུང་། དེ་ཡང་ལོ་ཟླ་གྲངས་མེད་ཅིག་གི་ཡར་སྔོན་ཞིག་སྟེ། ཁོའི་སྐྱེད་ཚལ་དུ་འདབ་ཆགས་ཤིག་གིས་གྲེ་འགྱུར་བསྒྲགས་པ་ཁོས་ཆེས་ཐོག་མར་ཐོས་པ་ཡིན་ཞིང་། ཁོ་པར་མཚོན་ན། དེ་ནི་འཇིག་རྟེན་སྟེང་གི་མགྲིན་དབྱངས་ཆེས་སྙན་ཤོས་དེ་ལགས། དེའི་རྗེས། ཁ་ཆར་གྱི་འབབ་རྒྱུན་ཆད་ཅིང་བུ་ཡུག་གི་ང་རོ་འཇགས། ཡངས་པོར་བརྐྱངས་པའི་སྒེའུ་ཁུང་ལས་དྲི་ཞིམ་ཞིག་ཁོའི་སྣ་ལམ་དུ་མནམས་བྱུང་། མི་བོ་ ཆེས“དཔྱིད་དཔལ་ད་གཞི་ནས་སླེབས་བྱུང་བ་འདྲ”ཞེས་དེ་སྐད་སྨྲ་བཞིན། ཁོ་མལ་ལས་ལངས་ནས་སྒེའུ་ཁུང་ཕྱི་རོལ་དུ་བལྟས།

             ༣
  ཡང་སྙིང་ཁོས་ཅི་ཞིག་མཐོང་བ་ཡིན་ནམ་ཞེས་ན། ཁོས་ངོ་མཚར་བའི་མཛེས་ལྗོངས་ཤིག་མཐོང་ཞིང་འདུག རྩིག་གྱང་གི་ཨི་ཁུང་ཆུང་ཆུང་ཞིག་ནས་བྱིས་པ་ཚོ་སྐྱེད་ ཚལ་ནང་ལོག་ཏུ་འཛུལ་འོངས་ནས་ལྗོན་ཤིང་གི་ཡལ་འདབ་འོག་ཏུ་སྡོད་ཅིང་། ལྗོན་ཕྲན་རེ་རེའི་འོག་ཏུ་བྱིས་པ་ཆུང་ཆུང་རེ་བདོག་པ་ཁོས་མཐོང་ཡོང་། བྱིས་པ་ཚོ་ སླར་ཡང་ཕྱིར་སླེབས་པས། ལྗོན་པའི་ཚོགས་དགའ་སྐྱིད་ཀྱི་སྤུ་ལོང་གཡོས་ཏེ། བྱིས་པ་ཚོའི་མགོ་ཐོག་ཏུ་དལ་བ་དལ་བར་མེ་ཏོག་གི་འདབ་མ་གྲོལ་ཞིང་ཉིང་ལག་ གི་གཡབ་མོ་གནང་གིན་གདའ། བྱ་བྱེའུ་དག་སྐྱེད་ཚལ་དུ་ལྡིང་འཁོར་རྒྱག་བཞིན་དགའ་མགུའི་གྲེ་འགྱུར་བར་མེད་སྒྲོག་ལ། མེ་ཏོག་གི་ཚོགས་ལྗང་མདོག་གི་ནེའུ་ གསིང་དུ་མགོ་བོ་དགྱེ་ནས་འཛུམ་གྱིས་བཞད།

  ཅི་འདྲའི་དང་བ་ཅིག་ཅར་འདྲེན་པའི་མཛེས་ལྗོངས་ཤིག་ལགས་ཨང་། ཡིན་རུང་། སྐྱེད་ཚལ་གྱི་གཞོགས་གཅིག་ད་དུང་ཡང་དགུན་ཁ་ཡིན་ལ། དེ་ནི་སྐྱེད་ཚལ་དེའི་ ཁད་ཐག་ཅུང་རིང་སའི་གཞོགས་ཤིག་སྟེ། དེ་གར་བྱིས་པ་ཆུང་ཆུང་ཞིག་ལངས་ནས་སྡོད་ཅིང་། ཁོ་རང་ལོ་ན་ཆུང་དྲག་པས། ལྗོན་ཤིང་གི་ཡལ་གར་སྙོབས་མི་ཐུབ་ པར་འདུག ཁོ་སྐྱེད་ཚལ་གྱི་གཞོགས་ཧྲིལ་བོར་འཕྱན་ནས་ཞེ་སྨྲེང་བའི་ངུད་མོ་འབྱིན་ལ། སྙིང་རྗེ་བའི་ཤིང་སྡོང་དེ་ད་དུང་ཡང་ཁ་བ་དང་བ་མོས་ཡོངས་སུ་གཡོགས་ ཤིང་། དེའི་མཐོངས་སུ་ནུབ་རླུང་ལྡང་ཞིང་བུ་ཡུག་འཚུབ།

  “བྱིས་པ་ཆུང་ཆུང་ལགས། ཡར་ལ་འཛེགས་ཤིག”ཅེས་སྡོང་པོས་དེ་སྐད་བརྗོད་བཞིན། རང་ནུས་ཅི་ལྕོག་སྒོས་རང་གི་ཡལ་ག་རྣམས་མར་མར་དཔྱངས་ཤིང་མསྣར། ཡིན་རུང་། བྱིས་པ་ཆུང་ཆུང་དེ་ཧ་ཅང་ཆུང་པས་དེ་ལའང་མི་སྙོབས་པར་འདུག
  མི་བོ་ཆེས་ཕྱི་རོལ་དུ་བལྟས་ཀྱིན་བལྟས་ཀྱིན་ཡིད་རབ་ཏུ་ཕྱུང་། “ད་རག་བར་དུ་ང་ལ་སྒེར་སེམས་ཅི་འདྲ་ཆེ་ཨང” ཁོ་ན་རེ། “སྐྱེད་ཚལ་འདི་གར་དཔྱིད་དཔལ་མ་ སླེབས་པའི་རྒྱུ་རྐྱེན་ད་ངས་གཞི་ནས་རྟོགས་བྱུང་། ངས་སྙིང་རྗེ་བའི་བྱིས་པ་ཆུང་ཆུང་ཕ་གི་ཡར་སྡོང་མགོར་གཞག་རྗེས། རྩིག་གྱང་འདི་མར་བསྒྱེལ་ནས། ངའི་སྐྱེད་ ཚལ་འདི་ཚེ་ཚེ་རབས་རབས་སུ་བྱིས་པ་ཚོའི་རྩེད་ར་བྱེད་དུ་གཞུག་དགོས”

  དེ་ལྟར་ཁོས་རང་གི་བྱས་ཉེས་ལ་སེམས་གཏིང་ནས་བཟོད་གསོལ་ཞུས། དེའི་སྟབས་ཀྱིས། ཁོ་དལ་བར་འོག་ཁང་དུ་ཡོང་ནས་མདུན་སྒོ་ག་ལེར་ཕྱེ་ཞིང་སྐྱེད་ཚལ་དུ་ ཚུར་འོང་གིན་ཡོད། ཡིན་ནའང་། བྱིས་པ་ཚོས་ཁོ་མཐོང་མ་ཐག་སྐྲག་ཐག་ཆོད་ནས་གཞོགས་གཞོགས་སུ་བྲོས། ཤུལ་དུ་སྐྱེད་ཚལ་དེ་སླར་ཡང་དགུན་ཁར་གྱུར། ངུ་བཞིན་པའི་བྱིས་པ་ཆུང་ཆུང་དེ་གཅིག་པུ་བྲོས་མ་བྱུང་། རྒྱུ་མཚན། ཁོའི་མིག་ཀོང་ཟུང་མཆི་མས་ཁེངས་ནས་མི་བོ་ཆེ་ཡོང་གིན་ཡོད་པའང་མི་མཐོང་བར་འདུག མི་བོ་ཆེ་ཁོའི་རྒྱབ་ཕྱོགས་ནས་ཁ་རོག་གེར་འོངས་ཏེ། ཁོ་པ་ག་ལེར་ལག་ཏུ་བླངས་ནས་ཡར་སྡོང་འགོར་བཞག་པ་ན། སླར་ཡང་ལྗོན་ཤིང་དེའི་ཡལ་འདབ་ལྷུག་པོར་ གྲོལ་ཞིང་བྱ་བྱེའུ་འགའ་འཕུར་ཡོང་ནས་ལྗོན་སྟེང་དུ་མགྲིན་སྙན་སྒྲོག བྱིས་པ་ཆུང་ཆུང་དེའི་ལག་ཟུང་བརྐྱངས་ནས་མི་བོ་ཆེའི་སྐེ་ལ་འཐམས་ཏེ་ཁོ་ལ་འོ་ཡང་ཡང་ བྱས། དེའི་ཚེ་ན་བྱིས་པ་གཞན་དག་གིས་ཀྱང་མི་བོ་ཆེ་ཁོང་བསམ་གནག་གདུག་ཅན་ཞིག་མིན་པ་མཐོང་འཕྲལ། དཔྱིད་ཀྱི་དཔལ་མོ་ལྷན་ཅིག ཁོ་ཚོ་ཕྱིར་སྐྱེད་ཚལ་ དུ་ལོག་ཡོང་།

  “བྱིས་པ་ཆུང་ཆུང་ཚོ། ད་ནས་བཟུང་སྐྱེད་ཚལ་འདི་ཁྱེད་ཅག་གི་སྐྱེད་ཚལ་ཡིན”ཞེས་མི་བོ་ཆེས་དེ་སྐད་བརྗོད་ཅིང་། སྟར་གྲི་ཆེན་པོ་ཞིག་གིས་རྩིག་གྱང་རྨང་ནས་ རྫོག་པ་རེད།
ཉིན་གུང་གི་ཆུ་ཚོད་བཅུ་གཉིས་སྟེང་སྡེ་མི་ཕལ་མོ་ཆེ་ཁྲོམ་ལ་འགྲོ་དུས། ཁོང་ཚོས་མི་བོ་ཆེ་བྱིས་པ་ཚོ་དང་ལྷན་དུ་སྔར་མཐོང་མ་མྱོང་བའི་ཆེས་མཛེས་སྡུག་ཡིད་འོང་ གི་སྐྱེད་ཚལ་དེ་གར་རྩེད་མོ་རྩེ་བཞིན་ཡོད་པ་མཐོང་།

              ༤
  ཉིན་གང་བོར་ཁོ་ཚོ་རྩེད་འཇོར་རོལ་ཞིང་། ས་རུབ་ཁར་ཁོ་ཚོ་མི་བོ་ཆེའི་རྩིབ་ལ་ཡོང་ནས་ཁོར“བདེ་མོ་བྱོས”ཞེས་དེ་སྐད་བརྗོད། “ཁྱོད་ཚོའི་རྩེད་རོགས་ཆུང་ཆུང་དེ་ག་བར་ཡོད” མི་བོ་ཆེ་ན་རེ། “ངས་ད་ཅི་སྡོང་མགོར་བཞག་པའི་བྱིས་པ་ཆུང་ཆུང་ཁོ་ག་བར་ཡོད་དམ” བྱིས་པ་དེས་ཁོར་བརྩེ་འཁྱུད་བྱས་པས། ད་ནི་ཁོ་བྱིས་པ་དེ་ལ་སྙིང་ནས་བརྩེ་བར་འདུག
  “ང་ཚོས་མ་ཤེས” བྱིས་པ་ཚོ་ན་རེ། “ཁོ་འདི་གར་མི་འདུག” མི་བོ་ཆེས“ཁྱོད་ཚོས་ཁོར་སང་ཉིན་ཡང་འདི་གར་རྩེད་མོ་རྩེ་རུ་ཤོག་ཅེས་ལབ་རོགས”ཞེས་དེ་སྐད་བཤད་ཀྱང་། བྱིས་པ་ཚོས་ཁོ་རང་ངོ་མི་ཤེས་ཤིང་ཁོ་གང་དུ་ འཚོ་ཞིང་སྡོད་པའང་མི་རྟོགས་ཟེར་བས། མི་བོ་ཆེའི་སེམས་པ་ཤིན་ཏུ་སྐྱོ་བོ་བྱུང་།
  ཉིན་གུང་སློབ་གྲྭ་གྲོལ་ཐེངས་རེ་ལ། བྱིས་པ་ཚོ་འོངས་ཏེ་མི་བོ་ཆེ་དང་ལྷན་དུ་རྩེད་འཇོར་རོལ ། ཡིན་ན་ཡང་དུས་དེ་ནས་བཟུང་། མི་བོ་ཆེ་རང་ཉིད་ཆེས་དགའ་བའི་ བྱིས་པ་ཆུང་ཆུང་དེ་ལ་སླར་ཡང་འཕྲད་རྒྱུ་མ་བྱུང་། ཁོ་རང་བྱིས་པ་ཚོར་ཅི་འདྲ་བྱམས་ཤིང་བརྩེ་རུང་། ཁོས་རང་ཉིད་ཆེས་ཐོག་མར་ཕྲད་པའི་གྲོགས་པོ་ཆུང་ཆུང་ དེ་གཅིག་པུ་དྲན་ཞིང་། ཉིན་རྒྱུན་བྱིས་པ་དེ་ཁོ་ན་གླེང་གིན་ཡོད། ཁོ་ན་རེ“སླར་ཡང་ཁོར་འཕྲད་རྒྱུ་ཞིག་བྱུང་ན་ཅི་མ་རུང” བགྲང་བྱ་མང་པོ་མང་པོ་ཞིག་རིམ་གྱིས་འདས། ད་ནི་མི་བོ་ཆེ་ལོ་ན་བགྲེས་ཤིང་བློ་རིག་ཀྱང་བརྟུལ། ཁོ་རྩེད་མོ་ཡང་རྩེ་མི་ནུས་པར་འདུག་པས། ཁོ་ཨོང་སྟེགས་ཤིག་ གི་ཐོག་ཏུ་ཙོག་པུར་སྡོད་ཅིང་། ཁོས་བྱིས་པ་ཚོ་རྩེད་འཇོར་རོལ་བར་བལྟས་ནས། རང་གི་སྐྱེད་ཚལ་ལ་སྨོན་པ་སྐྱེས།
  “ང་ལ་མེ་ཏོག་མཛེས་པོ་ཅི་འདྲ་མང་རུང” ཁོ་ན་རེ། “བྱིས་པ་ཚོ་མེ་ཏོག་གང་ལས་ཀྱང་ལྷག་པར་མཛེས་ཨང”
  དགུན་དུས་ཀྱི་ནངས་མོ་ཞིག་ལ། ལྭ་བ་གྱོན་ཞོར། མི་བོ་ཆེས་སྒེའུ་ཁུང་ཕྱི་རོལ་དུ་རྒྱང་ལྟ་བྱས། ད་ནི་དགུན་ཁ་སླེབས་འདུག ཡིན་ནའང་། ཁོ་དེ་ལ་སྡང་སེམས་སྤུ་ ཙམ་ཡང་མི་སྐྱེས་པར་འདུག རྒྱུ་མཚན། དེ་ཡང་དཔྱིད་ཀྱི་དཔལ་མོ་གཉིད་དུ་བཞུད་ཅིང་། མེ་ཏོག་གི་ཚོགས་ངལ་གསོར་གནས་པའི་ནམ་དུས་ཡིན་པ་ཁོས་གསལ་ བོར་ཧ་གོ་ཡི་ཡོད།
  གློ་རྡེག་ཏུ། ཁོ་ཧ་ལས་པའི་ངང་ལ་མིག་ཟུང་ཕུར་ཕུར་འགའ་བྱས་ནས་གཡ་ོམེད་ཅེ་རེ་བལྟས། དེ་ཡང་ངོ་མཚར་ཡིད་དུ་འོངས་པའི་མཐོང་སྣང་ཞིག་ཡིན་པ་བསྙོན་དུ་ ཅི། སྐྱེད་ཚལ་གྱི་ཁད་ཅུང་རིང་བའི་གཞོགས་ཤིག་ཏུ། ཤིང་སྡོང་ཞིག་སྙིང་ལ་སྡུག་པའི་མེ་ཏོག་དཀར་པོས་ཡོངས་སུ་གཡོགས་ཤིང་། གསེར་མདོག་གི་ཡལ་གའི་སྟེང་ དུ་དངུལ་མདོག་གི་ཤིང་འབྲས་དཔྱངས་ལ། དེའི་འོག་ཏུ་ཁོ་རང་ཆེས་དུངས་པའི་བྱིས་པ་ཆུང་ཆུང་དེ་ལངས་ནས་བསྡད་ཡོད། མི་བོ་ཆེ་དགའ་བ་འབུམ་གྱིས་མྱོས་ཏེ། ཁོ་ཐེམ་སྐས་ལས་མར་བབས་ནས་སྐྱེད་ཚལ་དུ་རྒྱུགས་ཤིང་། བྲེལ་བྲེལ་འཚབ་འཚབ་ཁོས་ནེའུ་གསིང་བགྲོད་ནས་བྱིས་པའི་གམ་དུ་བཅར། ཁོ་ཚུར་ཐག་ཉེར་ཐོན་ པ་དང་། ཁྲོས་པའི་ངོ་མདངས་དམར་པོར་གྱུར་བྱུང་། རྒྱུ་མཚན། བྱིས་པའི་རྐང་བ་དང་ལག་མཐིལ་ཟུང་དུ་སྡེར་མོ་གསུམ་ལྡན་གྱིས་བྲབས་པའི་རྨ་ཁ་བཟོས་ཤིང་ འདུག་པས། ཁོས“སུ་ཞིག་གིས་ཁྱེད་ལ་རྨས་སྐྱོན་འདི་འདྲ་བཟོས་པ་ཡིན་ནམ”ཞེས་དེ་སྐད་དྲིས།

             ༥
  “སུ་ཞིག་གིས་ཁྱེད་ལ་རྨས་སྐྱོན་འདི་འདྲ་བཟོས་པ་ཡིན་ནམ” ཁོས་ཡང་བསྐྱར་ན་རེ། “ང་ལ་ཤོད་དང་། རལ་གྲི་ཆེན་པོ་འདི་བཟུང་སོང་ནས་ངས་ཁོའི་སྲོག་ཀྱང་ ལེན་ངེས་ཡིན”
  “མིན” ལན་དུ་བྱིས་པ་ན་རེ། “འདི་ནི་བརྩེ་དུང་གི་རྨ་ཁ་ལགས”
  མི་བོ་ཆེས“ཁྱེད་རང་སུ་ཞིག་ཡིན་ནམ”ཞེས་དེ་སྐད་དྲིས་ཤིང་། གློ་བུར་གློ་བུར་ཁོ་ལ་གར་འོངས་མི་གསལ་བའི་འཇིགས་སྣང་ཞིག་སྐྱེས་ཏེ་བྱིས་པ་ཆུང་ཆུང་དེའི་ སྔུན་དུ་པུས་མོ་སར་བཙུགས་ནས་སྡོད་ཅིང་།
  བྱིས་པས་ཁོར་བལྟས་ནས་འཛུམ་དམུལ་དམུལ་ན་རེ། “སྔོན་ཆད་ཐེངས་གཅིག་ལ་ཁྱེད་ཀྱིས་ང་ཁྱེད་རང་གི་སྐྱེད་ཚལ་དུ་རྩེད་མོ་རྩེ་རུ་བཅུག་པ་རེད། དེ་རིང་ཁྱེད་ ང་དང་ལྷན་ཅིག ངའི་སྐྱེད་ཚལ་དུ་བརྩེ་མོ་རྩེ་རུ་འགྲོ ངའི་སྐྱེད་ཚལ་ལྷ་ཡུལ་ཡིན”
  ཕྱི་དྲོ་བྱིས་པ་ཚོ་སྐྱེད་ཚལ་དུ་སླེབས་དུས། མི་བོ་ཆེ་ཤིང་སྡོང་དེ་གའི་འོག་ཏུ་མེ་ཏོག་དཀར་པོས་གཡོགས་ཤིང་གྲོངས་འདུག

            ན་བུན་གྱིས་དབྱིན་ཡིག་ལས་བསྒྱུར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨོ་སི་ཁིར་ཝེལ་ཊིས་མཛད་པའི་བྱིས་སྒྲུང་ཁག་གཉིས།

2015-02-07 ཨོ་སི་ཁིར་ཝེལ་ཊི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།