ཨ་ལེ་སིའི་མོན་རའོ་ཡི་སྒྲུང《བྲོས་བྱོལ》
ཨ་ལེ་སི་མོན་རའོ་ (Alice Munro 1931) མཆོག་ནི་ཁེ་ན་ཊའི་ (Canada) ཞིང་ཆེན་ཨན་ཊ་རེའོ་ (Ontario) རུ་ཞིང་པ་ཞིག་གི་ཁྱིམ་དུ་སྐུ་བལྟམས། སློབ་ཆེན་མཐར་ཕྱིན་རྗེས། ཁོང་མོ་ཨན་ཊ་རེའོ་ནུབ་མའི་གཙུག་ལག་སློབ་ཆེན་ (University of Western Ontario) དུ་ཞུགས་ནས་སྐད་བརྡ་རིག་པ་དང་གསར་འགོད་རིག་པར་སློབ་གཉེར་ཐོས་བསམ་མཛད་ཅིང་། 1951 ལོར་གཉེན་སྒྲིག་ནས་སློབ་མཚམས་འཇོག་དགོས་བྱུང་།
ཡིན་ན་ཡང་ཁོང་མོ་ལོ་ན་བཅུའི་སྟེང་ནས་རྩོམ་རིག་གསར་རྩོམ་གྱི་ལམ་དུ་ཞུགས་ནས་སྔ་རྗེས་སུ་འཛམ་གླིང་གི་ཕུལ་བྱུང་རྩོམ་པ་པོའི་གྲས་ (One Of The World’s Premier Fiction Writers) དང་དེང་རབས་སྒྲུང་ཐུང་གི་དེད་དཔོན་ (master of the contemporary short story ཁེ་ན་ཊའི་སྒྲུང་ཐུང་གི་རྒྱལ་མོ་ (Canadian Chekhov) སོགས་ཀྱི་ཆོ་ལོ་བསྩལ་ནས་སྙན་པའི་གྲགས་པ་ས་སྟེང་ཡོངས་སུ་ཁྱབ། ཁོང་མོའི་ལྗགས་རྩོམ་གྲངས་མེད་ཅིག་དབྱིན་ཡིག་ (English) གཙོས་འཇར་མིན་ (German) དང་སི་ཕན་ནེ་ཤཱི་ (Spanish) སི་ཝེ་རྡེ་ཤཱི་ (Swedish) ཧྥ་རན་ཆི་ (French) སོགས་སྐད་ཡིག་དུ་མའི་ནང་བརྩམས་གནང་མཛད་ཡོད།
“ཁོང་མོའི་སྒྲུང་ཐུང་གསར་རྩོམ་གྱི་དམིགས་བྱ་གཙོ་བོ་བུད་མེད་ཀྱི་སྤྱི་ཚོགས་འཚོ་གནས་དང་དེ་ལ་འཇུག་པའི་ཧུར་བརྩོན། བརྩེ་དུངས་དང་དེའི་སྐྱོ་གར་བཅས་སུ་གཏོད་ཅིང་། ཁོང་མོའི་སྨྱུག་འོག་གི་མི་སྣ་དག་གིས་མི་ཚེའི་སྙིང་བོ་ཇི་ལྟར་བརྩོན་ལེན་བྱས་ནའང་། མཐར་སྤྱི་ཚོགས་ཁོར་ཡུག་གིས་དེ་དག་སྣང་མེད་དུ་བསྐྱུར་ཅིང་། ཀུན་སྤྱོད་ཐད་ཀྱི་འགལ་ཟླ་ཡང་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་མི་ཕན་ཚུན་བར་གྱི་འབྲེལ་འདྲིས་ཀྱང་སྔར་ལས་ཐབས་རྡུགས་སུ་གྱུར་བ་རེད། འདི་ནི་མདོར་ན་མི་རབས་གཉིས་བར་གྱི་ཧེ་བག་གམ་མི་ཚེའི་འགན་འཁྲི་ལ་རག་ལས་པར་འདུག”
“ཁོང་མོའི་སྒྲུང་གཏམ་གྱི་རྒྱབ་ལྗོངས་སུ་གཞིག་ཚེ། སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་གྱི་བདེན་པར་ཉམས་ཞིབ་མང་དུ་མཛད་འདུག་པ་གསལ་བོར་མཚོན་ཐུབ་ཅིང་བརྩམས་སྒྲུང་གི་མི་སྣ་མང་ཆེ་བ་བུད་མེད་ཡིན་ལ། བུད་མེད་ཕལ་བ་དག་གི་སེམས་ཁམས་ཀྱི་འགྱུར་བ་ཕྲ་རབ་དང་བརྩེ་དུངས་ཀྱི་ཉམས་མྱོང་ཅི་རིགས་བྲིས་ཏེ། བབ་ཆགས་དང་ཡིད་འོང་གི་གཏམ་རྒྱུད་ཀྱིས་ཀློག་མཁན་རྣམས་པའི་ཀློག་འདུན་བརྟས་པ་དང་ཡིད་དབང་སྐྱོམ་པར་བྱེད་ངེས”
“གཞན་ཡང་ཁོང་མོའི་སྔ་དུས་ཀྱི་བརྩམས་སྒྲུང་དག་གིས་བཟའ་ཚང་བསྒྲིགས་མ་ཐག་པའི་བུད་མེད་རྣམས་ཀྱི་བརྩེ་དུངས་དང་འདོད་མོས། བྱིས་པ་བཅས་ཀྱི་ཆེད་དུ་བརྒྱུད་མྱོང་བའི་སེམས་ངལ་མཚོན་པ་གཙོ་ཆེ་ཞིང་། ཕྱི་དུས་སུ་རྒ་བའི་སྡུག་བསྔལ་གྱིས་ཁུར་དུ་ནོན་པའི་བུད་མེད་དང་འཇིག་རྟེན་འཁོར་བའི་རྫོགས་རྒྱུ་མེད་པའི་ལས་དོན་ཙག་ཙིག་གི་ཁྲོད་ན་འདུར་རྒྱུག་བྱེད་པའི་བུད་མེད་དག་མཚོན་པ་གཙོ་བོར་བཟུང་འདུག གོང་འོག་གི་མི་སྣ་དག་ལ་རང་རང་གི་འདོད་པ་ཡོད་ཅིང་ཕངས་སེམས་ཀྱང་མཆིས། དཔའ་གདེང་བསྐྱེད་ལ་སྙིང་སྟོབས་ཞུམ་པའི་གནས་སྐབས་ཀྱང་ཡོད་པར་བསྟན”
སྔ་རྗེས་སུ་ཁོང་མོར་ཁེ་ན་ཊ་རྒྱལ་ཡོངས་རིམ་པའི་རྟོག་སྒྲུང་གསར་རྩོམ་གྱི་གཟེངས་རྟགས་ཐེངས་གསུམ་ལ་ཐོབ་པར་མ་ཟད། 2013 ལོར་དགུང་ལོ་གྱ་གཉིས་ལ་སོན་པའི་ཁོང་མོས་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ (Nobel Prize in Literature) ཞལ་བཞེས་གནང་།
ཁོང་མོའི་སྒྲུང་རྩོམ་གཙོ་བོར་ 《དགའ་སྐྱིད་གྲིབ་གཟུགས་ཀྱི་བྲོ་གར་ 》《Dance of the Happy Shades》(1968) དང་ 《སྨན་ཤར་དང་སྐྱེད་མ་ཚོའི་འཚོ་བ》《Lives of Girls and Women 》(1971) 《ཁྱེད་ཀྱིས་རང་ཉིད་སུ་ཞིག་ཡིན་སྙིང་འདོད་དམ》《Who Do You Think You Are?》(1978) 《སྤྲང་མོ་ཆུང་ཆུང》《The Beggar Maid》(1979) 《བརྩེ་དུང་གི་འཕེལ་རིམ》《The Progress of Love》(1986) 《གསང་བ་བརྟོལ་བ》《Open Secrets 》(1994) 《སྐྱེས་མ་བཟང་མོ་ཞིག་གི་བརྩེ་དུངས》《The Love of a Good Woman》(1998) 《བྲོས་བྱོལ》《Runaway》(2004) 《བརྩེ་བའི་མི་ཚེ་》《Dear Life》(2012) སོགས་བརྩམས་ཆོས་བཅུ་བཞི་ལྷག་དཔར་བསྐྲུན་འགྲེམ་སྤེལ་མཛད་འདུག་ལ། ལྷག་དོན་ 《བྲོས་བྱོལ་》 ཞེས་པའི་སྒྲུང་གཏམ་འདི་ཉིད་ཁོང་མོའི་འཐུས་ཚབ་བརྩམས་ཆོས་སུ་བགྲངས། གཏམ་རྒྱུད་འདིར་ཡིད་འགུག་ཀྱི་ནུས་པ་ཆེན་པོ་ལྡན་པ་དང་བརྗོད་བྱེད་གནད་དུ་དྲིལ་བ། ཐུན་མིན་གྱི་ཁྱད་ཆོས་འཛོམས་ཤིང་བབ་ཆགས་པ་བཅས་ག་ཙམ་བཀླགས་ཀྱང་མྱོང་བ་བསམ་གྱིས་མི་ཁྱབ་པ་མཆི་བ་བཅས་ཝེ་ཁེ་རིག་མཛོད་ (Wikipedia) ཆེན་མོ་ནས་སྒྲིག་བསྒྱུས་བྱས།
ཡུལ་མི་ཚོས་དེའུ་འབུར་ཞིག་ཏུ་འབོད་པའི་རི་ངོགས་འདིར་གྱ་གྱུར་བཏོད་པའི་རྒྱ་ལམ་སྟེང་དུ་འགྲིམ་འགྲུལ་ཡོ་ལང་མ་འཁྲིགས་པའི་སྔོན་ཏག་ཏག་ལ། རླངས་འཁོར་ཞིག་ཚུར་འོང་གིན་པ་བདག་མོ་ཁིར་ལཱས་ (Carla) ཐོས་བྱུང་། མོའི་བསམ་པར། དེ་ཁ་སྔོན་གྷི་རེ་སིར་ (Greece) གུང་གསེང་ལ་བསྐྱོད་པའི་ལྕམ་ཇེ་མའེ་སིན་ (Mrs. Jamieson) ད་ལྟ་རིང་ཕྱིར་ཐོན་པ་མིན་ནམ་སྙམ། མོས་སྒོ་ཆེན་ཁ་ནས་ལྕམ་ཇེ་མའེ་སིན་གྱི་རླངས་འཁོར་གཏོང་སའི་ལམ་ཁར་རྒྱང་ལྟ་བྱས། ཡིན་ནའང་། ལྕམ་ཇེ་མའེ་སིན་ཚང་ནས་ཁིར་ལཱ་ཚང་བར་ལ་སྤྱི་ལེ་ཕྱེད་ཙམ་ཡོད་པས། རླངས་འཁོར་ནང་གི་ཁོང་མོ་གསལ་བོ་ཞིག་མཐོང་གི་མི་འདུག
གལ་སྲིད་འགྲུལ་བ་དེ་གྲོགས་ཉེ་དུ་ཅིག་ཁོང་བཟའ་ཚོ་གཉིས་ལ་ལྟ་རུ་ཡོང་བ་ཡིན་ཚེ། ད་ནི་རླངས་འཁོར་ཇེ་དལ་དུ་གཏོང་ངེས་ཡིན་མོད། འོན་ཀྱང་་་་། བདག་མོ་ཁིར་ལཱས་ད་དུང་འགྲུལ་བ་དེ་ལྕམ་ཇེ་མའེ་སིན་_____ཁོང་མོའི་དངོས་མིང་ལ་སལ་བེ་ཡཱ་ (Sylvia) ཟེར_____མིན་པའི་རེ་བ་བཅངས།
གློ་རྒྱག་ལ་ཁ་ཚུར་འཁོར་དུས། རླངས་འཁོར་ནང་གི་མི་དེ་ཏག་ཏག་ཁོང་མོ་རེད་འདུག ཡིན་ན་ཡང་། མོས་ཆར་ཆུས་བཏོད་པའི་འཁོར་ཤུལ་འབར་འབུར་དང་འདམ་རྫབ་དག་ལ་ཕར་གཡོལ་ཚུར་འབྱོལ་བྱེད་པར་བློ་རྩེ་གཅིག་སྒྲིམ་དུ་གཏོད་པ་ལས། ལག་པ་བཀྱགས་ནས་ཁྱིམ་མཚེས་ཁིར་ལཱ་ལ་ཁམས་འདྲིའི་གཡབ་མོ་མི་གནང་བར་བལྟས་ན། ཕལ་ཆེར་མོས་ཁིར་ལཱ་མཐོང་མེད་ཤག་རེད།
ཁིར་ལཱས་ཁོང་མོའི་རྫ་མདོག་གི་དཔུང་པ་ནས་ལག་མགོའི་བར་དང་། ཁ་སྔོན་དཀར་ལ་སེར་བའི་ཁ་དོག་ད་ཆར་ཁ་བའི་མདངས་སུ་གྱུར་བའི་སྐྲ་ལོ། ད་དུང་མདུན་ཕྱོགས་ཀྱི་བགྲོད་ལམ་སྟེང་གཡོ་མེད་ཅེ་རེར་གཏད་པའི་དགའ་མགུ་དང་ཁྲོ་སྡང་གི་ཉམས་འགྱུར་སོགས་ཁྱུག་ཙམ་མཐོང་ཡོང་།
ལྕམ་ཇེ་མའེ་སིན་ཁ་ཕྱིར་འཁོར་ནས་ལྟ་དུས། རྒྱབ་ཕྱོགས་སུ་འོད་མདངས་ཤིག་འཚེར་ཞིང་། དེ་ཕལ་ཆེར་བདག་མོ་ཁིར་ལཱས་ཁོང་མོའི་རྒྱབ་གཟུགས་སུ་བསྲིངས་པའི་རེ་དོགས་དང་རེ་སྨོན་གྱི་མིག་མདངས་ཡིན་ངེས།
དེ་ལྟར་ཡང་། གཅིག་བྱས་ན་གནས་ཚུལ་འདི་ཁྱོ་བོ་ཁི་ལིར་ཁིས་ (Clark) ཤེས་མི་སྲིད། གལ་ཏེ་ཁོ་རྩིས་འཁོར་གྱི་མདུན་དུ་ཙོག་པུར་སྡོད་ཚེ། ཁོས་སྒེའུ་ཁུང་དང་རྒྱ་ལམ་ལ་རྒྱབ་གཏད་ནས་ཡོད་པ་སྨོས་མེད་རེད། ཡིན་ན་ཡང་། རིང་བོ་མ་ལོན་པར་ཁོས་གནས་ཚུལ་དེ་རྟོགས་བྱུང་། གཅིག་བྱས་ན་ལྕམ་ཇེ་མའེ་སིན་ཡང་བསྐྱར་ཟས་རིགས་ཚོང་ཁང་དུ་འགྲོ་ངེས་ཡིན་ལ། སྐབས་དེར་ཁོས་ཁོང་མོ་མཐོང་སྲིད།
ས་རུབ་འོང་དུས། ལྕམ་ཇེ་མའེ་སིན་ཚང་གི་གློག་འོད་མངོན་ཡོང་། ཡིན་ནའང་། དེང་འདིར་ད་དུང་སྟོན་ཟླ་བདུན་པ་ཡིན་པས། མུན་ཡོངས་སུ་རུབ་མི་འདུག ཧ་ལམ་ཁོང་མོ་ངལ་བས་དུབ་ཡོད་པས། གློག་འོད་ཀྱི་སུན་སྣང་ལས་གཡོལ་ཏེ་སྔ་མོ་ནས་མལ་དུ་གཟིམ་པའམ། ཡང་མིན་ན་མོས་ཚོད་ཚོད་ལ་ཁ་པར་རེ་གཏོང་ཡང་སྲིད་པ་རེད།
དབྱར་དུས་ཀྱི་སྦྲང་ཆར་རྒྱུན་མི་ཆད་པར་འཇོ། ནངས་སྔ་མོ་རེ་རེར་ཡུལ་མི་ཚོས་ཆེས་ཐོག་མར་ཐོས་པ་ནི་གནས་ངེས་མེད་དུ་འདྲུད་སྤོར་བྱ་བའི་སྡོད་ཁང་ (ནུབ་གླིང་དུ་འཚོ་སྡོད་བྱེད་སའི་འཁོར་སྒམ་ཞིག) དག་གི་ཐོག་ཁར་རྡོག་རིལ་རིལ་འགྲིལ་བའི་ཆར་སྒྲ་ཡིན། དོན་དངོས་བྱས་ན། སྟོང་བའི་དབྱིངས་ནས་དྲག་ཆར་བརྡོལ་བ་མིན་ནའང་། འཕྲལ་མར་ཟད་རལ་དུ་གྱུར་བའི་རྒྱ་ལམ་འདབ་རྫབ་ཉག་ཉིག་ནང་བྱིངས་ཤིང་། ལམ་གཞོགས་ཀྱི་རྩྭ་དང་རྩི་ཏོག་རླན་བཤེར་གྱིས་སྦངས་ལ། མགོ་ཐོག་གི་འདབ་ལོ་དག་དམིགས་མེད་འཚུབ་པའི་ཆར་རླུང་གིས་སྐྱོམ་ནས་ཤག་ཤག་འཐོར།
ཁིར་ལཱ་རྣམ་ཀུན་ཕྱི་ལ་འགྲོ་དུས། ཨོ་སི་ཁྲུ་ལེ་ཡན་ (Australian) གྱི་ཕྱིང་ཞྭ་རྙིང་པ་ཞིག་གྱོན་ཞིང་། རིང་ལ་སྟུག་པའི་སྐྲ་ལོ་བསྣོལ་མར་ལྟེབས་ནས་སྟོད་ཐུང་གི་གོང་འོག་ཏུ་འཇུག་པར་བྱེད།
ཁི་ལིར་ཁི་དང་ཁིར་ལཱ་ཁྱོ་ཤུག་གཉིས་ཉེ་འཁོར་གྱི་སྦྲག་ཡིག་དང་བརྡ་སྦྱོར་འགྲེམས་གནས་གཙོ་བོ། ཡུལ་སྐོར་སྣེ་ཤན་ཁང་གི་གསལ་བསྒྲགས་སྦྱོར་བྱང་དང་སྟབས་བདེ་ཟ་ཁང་། དེ་མིན་གྱི་དམིགས་གནས་གཙོ་བོ་ཁག་ཉུལ་རུང་། དེང་འདིར་ཕྱི་རོལ་གྱི་རྒྱ་ལམ་སྟེང་ན་འདྲུད་འཁོར་དང་འགྲུལ་བ་གཅིག་ཀྱང་མཐོང་རྒྱུ་མེད་ཁར། སློབ་གྲྭར་སྐྱོད་པའི་སློབ་མ་འགའ་ཡང་མེད།
དབྱར་དུས་མ་ཚེས་སྔོན་ནས་སློབ་ཕྲུག་ཚོ་གཅིག་རེ་གཉིས་རེ་བྱས་ནས་སློབ་གསེང་དུ་བསྐྱོད་པའམ། ལྗོངས་སྐྱོད་རླངས་འཁོར་ལ་བསྡད་ནས་དབྱར་སངས་གཏོང་བར་འགྲོ་བ་ནི་ཡུལ་ལུང་འདིའི་རྒྱུན་སྲོལ་ཞིག་ཏུ་གྱུར་ཡོད་ལ། དབྱར་གྱི་གནམ་གཤིས་ཀྱི་རྐྱེན་པས། ཐ་ན་ཚོད་ཚོད་ལ་སློབ་གསེང་བཏང་སྟེ། སློབ་ཕྲུག་ཚོ་གུང་གསེང་ལྗོངས་རྒྱུར་སོང་ནས་དུས་འདའ་སྲོལ་ཡོད།
གལ་ཏེ་བརྡ་སྦྱོར་ལ་ནར་འགྱང་ཕྲན་བུ་འཐེབས་ཚེ། ཁི་ལིར་ཁིས་ཁོང་ཚོར་སྐྱོན་བརྗོད་གནང་ངེས་ཡིན་ཏེ། ཁ་སྔོན་ཁོ་ཚོ་མི་རེ་འགའི་བར་ལ་ཁ་རྩོད་ཚིག་རྩོད་ཤོར་ཡོད་པས། ད་ནི་ཁ་རོག་གེར་བསྡད་ན་བཟང་།
བསྒྲགས་བྱང་སྟེང་སྤེལ་བའི་གླ་རྟ་གསུམ་པོ་ལས་ཁོང་བཟའ་ཚོ་གཉིས་ལ་ཡོང་འབེབ་ཕྲན་བུ་རེ་འཐོབ་ཀྱི་ཡོད། དེང་འདིར་སྐུ་ཞབས་ཁི་ལིར་ཁི་ཚང་ལ་གླ་རྟ་བཞི་ཡོད་པའི་གྲས་ཀྱི་གསུམ་_____གཅིག་གཞན་གྱི་ཡིན____ཞིང་རའི་ལྗོན་ཤིང་འོག་དང་སྔོ་ལྗང་གི་རྩྭ་ཐང་སྟེང་དུ་སྐྱོ་གདུང་གིས་རྨིག་རྡེག་གནང་གིན་གདའ།
བདག་མོ་ཁིར་ལཱས་ལྷས་ར་གཙང་སྦྲ་བཟོས་ཚར། ཉིན་རེའི་ཁྱིམ་ལས་ཙག་ཙིག་གི་སྒྲ་དབྱངས་ལ་དུང་བའི་ཁོ་མོས་ཁོད་ཡངས་ལྷས་རའི་ཁྱམས་འོག་དང་ཟོག་ལུད་ཀྱི་དྲི་ངད་ཁྲོད་དུ་དུས་འདའ་བཞིན་མཆི། ཕྱི་དྲོའི་དུས་ཚོད་ལྔ་བའི་སྟེང་ལ། སློབ་ཕྲུག་ཚོ་འཐོན་ངེས་རེད་པས། ད་ནི་ཁོ་མོ་རྩེད་ཐང་དུ་བསྐྱོད་ནས་ས་ངོས་སྐམ་ཞིང་ཡོད་མེད་ལ་ཞིབ་གཟིགས་བྱས།
དུས་རྒྱུན་འབབ་ཞོད་དེ་འདྲ་མི་ཆེ་ནའང་། བདུན་ཕྲག་སྔོན་མར་གློ་རྒྱག་ལ་ནགས་ཚལ་དུ་རླུང་འཚུབ་ལྡང་མ་ཐག མཐིང་མདོག་གི་ཨ་སྔོན་ཡོངས་སུ་རུབ་སྟེ། གནམ་མཐིལ་བརྡོལ་བ་འདྲ་བའི་དྲག་ཆར་བབས་བྱུང་།
ཆར་རླུང་སྐར་མ་བཅོ་ལྔའི་རིང་ལ་མ་གཏོགས་མ་འཚུབ་ནའང་། ཆར་རླུང་གིས་བཅག་ཅིང་བསྒྱེལ་བའི་སྡོང་ཆག་གི་ཡལ་གས་འགྲོ་ལམ་བཅད། གློག་འདོན་ས་ཚིགས་ཁག་བརྡིབས་སྐྱོན་ཐེབས། སྒོར་དབྱིབས་སུ་བཀབ་པའི་འགྱིག་གི་ཐོག་ཁེབས་ཆེན་པོ་དག་ཚལ་བ་ཚལ་བུར་གཏོར་བཞག
རྒྱ་ལམ་གྱི་མཐའ་རུ་མཚེའུ་འདྲ་བའི་འདམ་རྫིང་ཞིག་བསྐྱིལ་འདུག་པས། ས་རུབ་ནས་རྒྱང་མིག་ཆད་རག་བར་དུ་ཁི་ལིར་ཁིས་ཡུར་བ་བརྐོས་ནས་འཁྱིལ་ཆུ་ཕྱི་ལ་འདྲེན་པའི་ལས་སུ་ཞུགས།
ད་ལྟ་ཁོས་དྲ་ལམ་ཉུལ་ནས་ཐོག་ཁེབས་ཉོ་ས་ཞིག་འཚོལ་བཞིན་གདའ། ཉེར་མཁོའི་ཐོན་རྫས་ཉོ་འཚོང་ངམ། ཡང་མིན་ན་གཞན་ལ་མཁོ་མེད་དུ་གཡུགས་བཞག་པའི་གྱིག་རྫས་མཁོ་སྤྲོད་ཅེས་པའི་བརྡ་ཁྱབ་ཅིག་སྤེལ་འདུག་མོད། ཁོ་གྲོང་རྡལ་གྱི་འགྱིག་རྫས་ཐོན་སྐྱེད་ཚོང་གཉེར་ཁང་ (HWRBBS) དུ་འགྲོ་མི་འདོད། རྒྱུ་མཚན། འགྱིག་རྫས་ཐོན་སྐྱེད་ཚོང་གཉེར་ཁང་ལ་ཁོས་འཇལ་མི་ཐུབ་པའི་བུ་ལོན་བཞག་ཡོད། མ་ཟད་ཁ་སྔོན་ད་དུང་ཁོང་ཚོའི་བར་ལ་ཁ་འཐབ་ལག་འཐབ་ཤོར་རྗེས། ཁོས་འགྱིག་རྫས་ཚོང་གཉེར་ཁང་དེའི་མིང“ལམ་ཁའི་ཇག་ཚང”ཞེས་འབོད་ཀྱིན་ཡོད།
བུ་ལོན་ཆད་པའི་དོམ་པ་ཙམ་གྱིས་མི་ཚད་པར། ཁི་ལིར་ཁི་ནམ་རྒྱུན་མི་གཞན་པར་ཁ་འཛིང་ལག་འཛིང་ཐེངས་མང་ཤོར་མྱོང་། ཐོག་མར་འདྲིས་ལོབས་སླ་བའི་ཁོ་རང་གི་མཛའ་བརྩེ་ཡི་འོ་སྤྲི་དེ་གློ་བུར་གློ་བུར་བསྐྱུར་སིལ་སིལ་དུ་འགྱུར་འགྲོ། འཁོན་འཛིང་ཤོར་བའི་དབང་གིས། གྲོང་རྡལ་གྱི་ས་གནས་འགའ་ཞིག་ལ་ཁོ་བཏུད་ས་ཡེ་ནས་མེད། གྲོང་རྡལ་གྱི་སྨན་རྫས་ཚོང་ཁང་ཡང་དེའི་གྲས་ཀྱི་གཅིག་ཡིན། དེ་ཡང་མིག་སྔར་རྒན་མོ་ལོ་ལོན་ཞིག་ཁོའི་སྔུན་ལ་འཚང་བའི་དོན་རྐྱེན་ཞིག་ཡིན་ཏེ། སྐྱེད་མ་བགྲེས་མོ་དེས་བརྗེད་སོང་བའི་ཅ་ག་ཅི་ཞིག་ཁྱེར་ནས་ཕྱིར་ཡོང་དུས། སྔ་རྗེས་ལྟར་གྲལ་མཇུག་ཏུ་མི་སྒྲིག་པར་ཏག་ཏག་ལ་ཁོའི་སྔུན་སོར་འཚང་ཁ་བརྒྱབ་པས། ཁོས་སྡིགས་མོ་བཏང་བ་ཡིན། “ཁོང་མོ་རླུང་ནད་དང་འབྲེལ་བའི་སྐྲང་ནད་ཕོག་པའི་ནད་ཅན་ཞིག་རེད”ཅེས་སྨན་རྫས་ཚོང་ཁང་གི་རྩིས་གཉེར་བས་ཁོ་ལ་དེ་ལྟར་གསལ་འདེབས་ལྟ་བུ་ཞིག་བྱས་པར། ཁོས“ཨོ། དེ་འདྲ་རེད་དམ། དེས་ན་ང་ཡང་གཞང་འབྲུམ་ནད་པ་ཞིག་ཡིན”ཟེར། དེར་བརྟེན་སྨན་རྫས་ཚོང་ཁང་གི་དོ་དམ་པས་ཁོ་ལ་ཁྱོད་ནད་པ་ཡིན་མིན་འདྲི་ཡི་མེད་ཅེས་དེ་སྐད་བརྗོད་དགོས་བྱུང་།
གཞུང་ལམ་འགྲམ་གྱི་འཚིག་ཇ་འཚོང་ཁང་ (coffee shop) ཞིག་ཏུ་ཞོགས་ཟས་ཀྱི་རིན་གོང་གཅོག་པ་ཞེས་པའི་བརྡ་ཁྱབ་ཅིག་སྦྱར་ཡོད་རུང་། སྐབས་དེ་ཤེད་དུ་ད་དུང་ཞོགས་པའི་ཆུ་ཚོད་བཅུ་གཅིག་ཡོལ་ཙམ་ཡིན་པས་ཟས་རིན་མ་བཅག ཁི་ལིར་ཁིས་དེ་དོན་ཧ་མ་གོ་བར་ཁོང་ཚོར་རྩོད་ཤགས་བརྒྱབ་ནས་ལག་གི་འཚིག་ཇ་འགྱིག་ཕོར་གང་བོ་ལག་ནས་ཤོར་སོང་བའི་ཚུལ་གྱིས་ཐང་ལ་གཡུགས་བཞག དེའི་སྟབས་ཀྱིས། འཚིག་ཇ་འཚོང་ཁང་གི་ལས་མི་ཚོས་ཐང་གི་འཁོར་སྟེགས་སྟེང་དུ་བྱིས་པ་བསྙལ་ཡོད་ཅེས་ཁོ་ལ་དྲན་སྐུལ་གནང་བར། ཁོས་བྱིས་པའི་འཁོར་སྟེགས་ལེ་དབར་ཕྱེད་ཙམ་གྱི་མཚམས་སུ་ཡོད་པ་དང་། ཁོའི་ལག་གི་འཚིག་ཇ་ཐང་ལ་ལྷུང་དོན་ཁོར་སྲུང་ཤོག་མ་སྤྲད་པའི་རྐྱེན་གྱིས་ཡིན་ཟེར། ཁོང་ཚོས་ཁྱོད་རང་གིས་ང་ལ་སྲུང་ཤོག་སྤྲོད་རོགས་ཞེས་ལབ་མ་སོང་ཟེར་བའི་ལན་དུ། ཁོས་དེ་ནི་འཚིག་ཇ་ཉོ་མཁན་ཁོ་རང་གིས་འདྲི་མི་དགོས་པའི་དོན་དག་ཅིག་རེད་ཅེས་དེ་ལྟར་བརྗོད་བྱུང་།
དེར་མ་ཟད། ཁི་ལིར་ཁི་ད་དུང་ན་རེ“གློ་རྒྱག་ལ་ཁྱོད་ཁྲོ་སྡང་གི་མེ་མཆེད་འོང་གི་འདུག”
“དེ་སྐྱེས་པ་ཚོའི་གཏམ་སྤྱོད་རང་རེད”
ཁོ་ཉེ་སྔོན་རྗོ.ཊ་ཁི་ (Joy Tucker) བྱ་བའི་སྐྱེས་མ་ཞིག་ལ་འཁྲུག་འཛིང་ཤོར་བའི་གནས་ཚུལ་དེ་བཟའ་མོ་ཁིར་ལཱས་གླེང་ཙམ་མི་ཕོད། ཁོས་སྐྱེས་མ་དེ་ནི་གླེན་ཞད་ཅིག་ཏུ་འགྲེལ་ནས་དམའ་འབེབ་བྱེད། རྗོ་ལགས་ནི་གྲོང་རྡལ་གྱི་དཔེ་མཛོད་ཁང་ཞིག་གི་དོ་དམ་པ་ཡིན་ལ། ཉེ་ཆར་ཁོ་ཚོ་གླ་རྟ་ཚོགས་པའི་ཚོགས་ཁོངས་སུ་ཞུགས་ཡོད། གཅེས་མིང་ལ་ལའེ་ཛེ་ཡཱ་ (Lizzie) རུ་འབོད་པའི་གླ་རྟ་དེ་ཁོ་མོ་ཚང་གི་ཅུང་རྒོད་པའི་རྒོད་མ་རྐྱང་དམར་མ་རེད། སྤྱིར་ཁོ་མོ་ཅུང་སྐྱེས་མ་རྩེད་དགོད་ཅན་ཞིག་ཡིན་འདུག སྐབས་རེར་མོས་རྒོད་མའི་མིང་ལ་ཨ་རིའི་མི་གསོད་ལག་དམར་ཞིག་གི་མཚང་མིང“ལའེ་ཛེ་ཡཱ.བྷོ་ཊན” (Lizzie Borden) ཞེས་འབོད་ཀྱི་ཡོད།
ཁ་སང་རྒོད་མ་ལའེ་ཛེ་ཡཱ་གླ་གཏོང་བྱེད་དུས། མོས་རྩེད་དགོད་ཀྱི་རྣམ་འགྱུར་མི་སྟོན་པར། ཐད་ཀར་ཆར་རླུང་གིས་གཏོར་བའི་ཐོག་ཁེབས་བསྐྱར་བཟོ་མ་གནང་བའི་རྐྱེན་པས། ཕལ་ཆེར་ཁོ་མོ་ཚང་གི་རྒོད་མར་ཆམ་པ་དྲོས་འཁྱག་བྱུང་ཡོད་པ་འདྲ། བལྟས་ཚོད་ཀྱིས་ངོ་མ་ཡ་ང་བོ་ཞིག་ཏུ་འདུག་ཅེས་སྡིགས་མོ་བཏང་བྱུང་། དོན་དངོས་སུ། རྒོད་མ་ལའེ་ཛེ་ཡཱར་གནད་དོན་ཅི་ཡང་བྱུང་མེད་ལ། ཐ་ན་ཁི་ལིར་ཁིས་རང་ཚོད་ཀྱིས་ཁོ་མོར་བསམ་ཤེས་འགྲིག་མཐུན་གནང་མོད། དེ་ནི་རྗོ་ལགས་ཀྱི་ལན་རྐྱེན་སྟེ། ཁོ་མོ་ཚོད་ཚོད་ལ་རླུང་ལངས་ནས་ཁོང་ཚང་གི་རྟ་ར་ཟོག་ལུད་ཀྱིས་ཁེངས་འདུག་ཚུལ་དང་རྒོད་མ་ལའེ་ཛེ་ཡཱར་བདག་གཅེས་གང་ལེགས་གནང་དགོས་ལུགས་བསྙད་པར། ཁི་ལིར་ཁིས“དེ་ན་ཁྱོད་རང་ཉིད་ཀྱིས་བདག་པོ་རྒྱོབས”ཟེར།
ད་རག་བར་དུ་སྐྱེས་མ་རྗོ་ལགས་ཀྱིས་ཁོ་མོ་ཚང་གི་རྒོད་མ་ལའེ་ཛེ་ཡཱ་གླ་གཏོང་མི་བྱེད་ཅེས་ལབ་མེད་ནའང་། དེ་ཡང་ཁི་ལིར་ཁིའི་ལན་སྐྱོན་ཡིན་ཏེ། ཁོས་རྒོད་མ་ལའེ་ཛེ་ཡཱ་ནི་ཁོ་རང་ཉིད་ཀྱི་ཆེས་སྙིང་ཉེ་བའི་སྒོ་ཕྱུགས་ཤིག་ཏུ་ལྟ་ཞིང་། དེ་ལ་སུ་གང་གིས་ཀྱང་ལེགས་ཉེས་ཅི་ཡང་བཟོས་མི་ཆོག་ལ་བཤད་ཀྱང་མི་ཆོག།
དེ་བས་ཀྱང་རྙོག་འཛིང་ཆེ་ཤོས་ནི། ལྷས་ར་དང་ཞིང་ར་གང་སར་ཁ་རྟ་དག་གི་འགྲོ་ཡ་འདུག་རོགས་སུ་གྱུར་ཅིང་། ཡུན་རིང་ལ་མཐོང་རྒྱུ་མ་བྱུང་བའི་ར་མ་དཀར་དཀར་ཆུང་ཆུང་ཞིག་བདོག་པ་དེ་ཡིན། དེའི་གཅེས་མིང་ལ་ཧྥི་ལའོ་རཱ་ (Flora) ཞེས་འབོད།
འདས་པའི་ཉི་མ་གཉིས་ཀྱི་རིང་ལ་ར་མ་ཧྥི་ལའོ་རཱ་མཐོང་ཡ་མི་འདུག བདག་མོས་ར་མ་ཧྥི་ལའོ་རཱ་ཁྱི་སྤྱང་ངམ་ཁྱི་སྡོམ། ཡང་མིན་ན་གཅན་གཟན་དོམ་དྲེད་གང་རུང་གི་མཆེ་སྡེར་འོག་ཏུ་ཚུད་པ་མིན་འགྲོ་སྙམ་ནས། བདག་མོ་ཁིར་ལཱ་ཡུན་རིང་བོར་སེམས་ཚེགས་ཀྱིས་མནར་ཞིང་འདུག
མདང་ནུབ་དང་ཁེ་ཉིན་དགོང་མོ་གཉི་གར་མོས་ར་མ་ཧྥི་ལའོ་རཱ་ཁོ་ན་རྨིས་བྱུང་། ཐོག་མའི་རྨི་ལམ་དུ་ར་མ་ཧྥི་ལའོ་རཱས་ཁ་ནང་ལ་ཀུ་ཤུ་དམར་པོ་ཞིག་བཟུང་ནས་ལྷས་སུ་ལོག་ཡོང་གི་ཡོད། མདང་ནུབ་ཀྱི་རྨི་ལམ་དུ་ར་མས་བདག་མོ་ཁིར་ལཱ་ཚུར་ཡོང་གིན་པ་མཐོང་འཕྲལ་ཕར་བྲོས་འགྲོ། ར་མ་ཧྥི་ལའོ་རཱའི་སུག་བཞིར་རྨས་ཕོག་ཡོད་བཟོ་འདུག་ཀྱང་། རང་ནུས་ཅི་ལྕོགས་སྒོས་མོ་ད་དུང་འབྲོ་ཅི་ཐུབ་བྱེད། འབྲོས་བཞིན་འབྲོས་བཞིན་བདག་མོ་རྗེས་སུ་ཁྲིད་ནས་ར་མ་ཧྥི་ལའོ་རཱ་གཟེར་མ་ར་མགོས་འཛིང་རགས་བསྐོར་བའི་གཡུལ་ས་རིགས་ཤིག་ཏུ་སླེབས་ཤིང་། གཟེར་མགོའི་ལྕགས་དྲའི་བར་ལ་བཙན་ཚུགས་ཀྱིས་འཛུལ་ནས་སུག་བཞི་དང་ལུས་པོ་ཡོངས་ལ་རྨ་ཁ་བཟོས་རྗེས། ཉ་སྦྲུལ་དཀར་པོ་ཞིག་དང་འདྲ་བར་འཁྱུག་མ་འགྲོས་ཀྱིས་གར་སོང་ཆ་མེད་དུ་གྱུར།
ལོ་ངོ་གསུམ་གྱི་ཡར་སྔོན་བར་དུ་བདག་མོ་ཁིར་ལཱས“གནས་ངེས་མེད་དུ་འདྲུད་སྤོར་བྱ་བའི་སྡོད་ཁང”འདི་རིགས་ལ་དེ་འདྲའི་སྣང་འཇོག་ཆེར་བྱས་མ་མྱོང་ཁར། མོས་དེ་ལ“གཏན་འཇགས་མེད་པའི་སྡོད་ཁང”ཞེས་ཀྱང་མི་འབོད། མོ་རང་གི་ཕ་མ་གཉིས་དང་འདྲ་བར། མོས“གཏན་འཇགས་མེད་པའི་སྡོད་ཁང”ནི་ལོ་རེའི་ནམ་དུས་དང་ཧ་ཅང་འཚམས་པར་སྙམ།
ཡུལ་མི་ལ་ལ་ཞིག་ད་དུང་འདྲུད་འཁོར་ནང་འཚོ་ཞིང་སྡོད་ལ། དེ་མིན་ཁོང་ཚོར་གཏན་འཇགས་ཀྱི་གཞི་ཁྱིམ་འགའ་ཡང་མེད་ཅིང་། “འདྲུད་འཁོར་སྡོད་ཁང”དེ་དག་ཕན་ཚུན་ཧ་ཅང་འདྲ་བོ་ཡོད།
ཁོ་མོ་འདི་གར་གནས་སྤར་ནས་མི་ཚེ་འདི་ཙམ་ཁི་ལིར་ཁི་དང་མཉམ་དུ་སྐྱེལ་རྒྱུ་འདམ་ཀར་བཏང་རྗེས། མོར་མི་ཚེ་འཚོ་བའི་ཐད་ལ་ལྟ་ཚུལ་གསར་བ་སྐྱེད་འགོ་ཚུགས། དེའི་རྗེས་མོས་མངོན་གསལ་དུ་མཐོང་འོང་བ“གནས་ངེས་མེད་དུ་འདྲུད་སྤོར་བྱ་བའི་འཚོ་གནས”འདི་རང་ཡིན་ཏེ། ཡུལ་མི་ཚོས་ཅི་ལྟར“འདྲུད་འཁོར་སྡོད་ཁང”དེ་དག་ལ་དང་དོད་སྒོས་ཇེ་ལེགས་ཇེ་རྒྱས་སུ་གཏོང་བ་འབའ་ཞིག་ལགས།
“འདྲུད་འཁོར་སྡོད་ཁང”འགའ་ཞིག་གི་ནང་མཐའ་རྒྱན་ཚོས་གཞི་སྣ་ཚོགས་བྱུགས་པའི་ཡོལ་བ་འཕྱང་ཡོད་པ་མ་ཟད། དམིགས་བསལ་གྱི་ཐོག་གཡབ་དང་སྒོ་ཁྱམས། ཁང་མིག་མང་པོ་བཅས་བཟོ་བསྐྲུན་གནང་ཡོད། མོས་ཀྱང་དེ་ལྟར་རང་ཁྱིམ་ལེགས་བཟང་བདེ་མཛེས་སུ་གཏང་བར་སྒུག་མི་བཟོད་པར་གདའ།
སྐབས་དེ་ཤེད་དུ་ཁོ་མོས་ཐབས་བཀོད་འཐེན་པ་ལྟར་ཁི་ལིར་ཁི་ཁེར་མོ་ས་གནས་ག་གེ་མོ་ཞིག་ལ་བུད་སོང་། ཉིན་དུ་མར་ཁོས་ལས་བསྣོན་དྭངས་ལྕགས་རྙིང་བ་བཙལ་ཡོང་ནས་ཐེམ་སྐས་རིམ་ཅན་འགའ་གསར་དུ་ལས། ཤོག་དངུལ་ཡོད་ཚད་ཐབ་ཚང་དང་ཁྲུས་ཁང་། ཡོལ་རས་ལ་སོགས་པར་ཚོས་དང་ཚོན་བཏང་བའི་འགྲོ་གྲོན་ལ་ཤོར་ཡང་། ཁོས་དེ་ལ་སྡིགས་སྨྲེ་ཅང་མི་འདོན།
ཡིན་ནའང་། ཁོ་རང་གི་ཆེས་སྣང་བར་མི་འགྲོ་བ་ཞིག་ནི། ཁང་མིག་རེ་རེའི་ནང་དུ་གཅིག་མཚུངས་སུ་རྙིང་ཧྲུལ་དུ་གྱུར་བའི་ས་གདན་དེ་དག་ཡིན་ཞིང་། ཁོ་མོས་ཆེས་བརྗེ་སྙིང་མི་འདོད་པ་ཡང་ས་གདན་དེ་དག་རེད། ས་གདན་དེ་དག་ཚོས་མདོག་རྒྱ་སྨུག་གྲུ་བཞི་མ་ཆུང་ངུར་བཀོད་ཅིང་། རེ་རེའི་དབྱིབས་དང་ཁ་མདོག་ཚོས་གཞི་ཁམ་ནག་དང་བཙའ་མདོག རྫ་མདོག་བཅས་ཀྱི་རི་མོ་ཁྱག་ཁྱོག་ཏུ་གྲུབ་ཡོད།
ཁོ་མོས་མནོ་བསམ་བཏང་བཏང་མཐར་ད་གཟོད་གཞི་ནས་ས་གདན་རེ་རེའི་བཟོ་དབྱིབས་གྲུ་བཞི་དང་མཛེས་རིས་གྱ་གྱུ་སོགས་ཚང་མ་གྲ་འགྲིག་འཐུས་ཚང་དུ་བཀོད་སྒྲིག་གནང་བ་དང་། དེའི་རྗེས་དུས་ཚོད་གང་མང་ཞིག་སྤྱད་ནས་དེ་དག་གི་སྒྲིག་རིམ་གདིང་ཕྱོགས་ལ་ཚོད་ལྟ་ཞིབ་གཟིགས་ཡང་ཡང་བྱས། སྐབས་རེར་མོས་ཁྱིམ་ཆས་ཀྱི་སྒྲིག་བཀོད་ཚེགས་མེད་དུ་འགྲུབ་ཅིང་། ལན་རེར་མོས་བསྐྱར་ཞིབ་དག་སྒྲིག་གནང་དགོས་པར་འདུག
བདག་པོ་ཁི་ལིར་ཁིའི་སེམས་ཁམས་དྭངས་མེད་དུས། བཟའ་མོས་ད་གཟོད་སྒོ་ཕྱི་ནང་གི་ཁྱིམ་ཆས་གཙང་དག་བཟོ་ཡི་ཡོད་ལ། དེའི་རྗེས་ནམ་ཡང་བརྗེད་དུ་མི་རུང་བའི་ལས་ཀ་གཞན་ཞིག་ཡོད་པ་ནི་ཟོག་ལྷས་གསང་སྦྲ་བྱེད་རྒྱུ་དེ་ཡིན།
བདག་མོ་ཁིར་ལཱའི་སེམས་ཁམས་མི་སྐྱིད་དུས། ཁ་རྟ་ཚོས་ཁོ་མོར་མིག་གིས་མི་ལྟ་ནའང་། རུལ་མར་གྱུར་བའི་ར་མ་ཧྥི་ལའོ་རཱ་ཁོ་ན་ཚུར་ཡོང་ནས་ཁོ་མོར་འཕྲུག་གིན། གདུང་སེམས་མཉམ་སྐྱེད་མ་ཡིན་པའི་རྣམ་འགྱུར་མཚར་བོ་ཞིག་སྟོན་བཞིན། མིག་མདངས་ཁོ་མོར་གཏོད་ཅིང་། སེར་ལ་ལྗང་བའི་མིག་མདངས་དེས་ཁོ་མོར་བསམ་གཟས་ནས་ཁྲེལ་རྒོད་བྱེད་པ་དང་གཉིས་སུ་མེད་ཨང་།
ཉེ་སྔོན་ར་མ་ཧྥི་ལའོ་རཱས་རེའུ་ཞིག་བཙས་རྗེས། བདག་པོ་ཁི་ལིར་ཁིས་སྒ་ཆས་སྤྲས་པའི་ཁ་རྟ་དག་གླ་གཏོང་བྱེད་དུ་ཕྱིན་ནས་ཕྱིར་ལོག་ཡོང་སྟེ། མོ་ཞིང་ཐང་ནས་རང་ཁྱིམ་ལ་བླངས། གོ་ཐོས་སུ་ར་མས་རྟ་རྒོད་ཡིན་ཡང་འདུལ་ཐུབ་ཟེར་བས། ཁོས་ཚོད་ལྟ་ཞིག་བྱ་སྙིང་འདོད་ཡོད།
དང་ཐོག་ར་མ་ཧྥི་ལའོ་རཱ་ཁོའི་སྒོ་ཕྱུགས་འདང་ཅན་གཅུག་པུ་དེ་ཡིན་ཞིང་། ག་ས་ག་བར་ཁོའི་རྗེས་སུ་འབྲངས་ཏེ། སྤྲོ་གར་འཁྲབ་པའི་བཟོ་ལྟ་བཏོད་ནས་ཁོའི་མཐོང་ལམ་དུ་རྐང་འཁྲབ་ལག་འཁྲབ་ཀྱིས་རྒྱུག་ལ། ཞིམ་ཕྲུག་ཅིག་ལྟར་མོའི་གོམ་འགྲོས་མྱུར་ལ་རྫིག་ཉམས་ཆེ་བ། ཁྲོ་སྡང་སླ་བ་ཞིག་ཏུ་འདུག མ་ཟད་ཚུལ་འཆོས་མ་ཡིན་པའི་བརྩེ་བ་དང་དུང་བས་བརྟས་པའི་སྨན་ཤར་ཞིག་གིས་ཁོང་བཟའ་ཚོ་གཉིས་ལ་བཞད་གད་སློང་བ་དང་ཡང་ཀུན་ནས་མཚུངས།
ཡིན་ནའང་། ལོ་ན་ཚོད་རིམ་གྱིས་བགྲེས་པ་དང་བསྟུན་ནས་ར་མ་ཧྥི་ལའོ་རཱ་བདག་མོ་ཁིར་ལཱ་ལ་བརྩེ་ཞེན་ཆེ་བ་འདྲ། དེ་ལྟའི་བརྩེ་ཞེན་གྱི་ཀློང་དུ། མོ་གློ་རྒྱག་ལ་ཁ་སྔོན་གྱི་གཉོམ་ཆུང་རྩེད་མཚར་ཅན་ཞིག་ཏུ་སྣང་བའི་ར་མ་ཧྥི་ལའོ་རཱ་མིན་པར། ལྡོག་སྟེ་དབང་འདུལ་དང་ཟུར་ཟའི་རོལ་རྩེད་ལ་མཁས་པའི་ར་མ་གྲིམ་པོ་ཞིག་ཏུ་གྱུར་འདུག
བདག་མོ་ཁིར་ལཱས་ཁ་རྟ་ཚོར་བཟུང་བའི་རྣམ་འགྱུར་སྐབས་རེར་བཙན་ཞིང་ལན་རེར་གཞམས་ལ། བརྩེ་བའི་མ་བཞིན་དུ་མི་སྐྱོང་ནའང་། ར་མ་ཧྥི་ལའོ་རཱ་དང་ཁོ་མོ་གཉི་གའི་མཛའ་གྲོགས་ཀྱི་འདུ་ཤེས་དེ་དང་ཡེ་ནས་མི་འདྲ་སྟེ། ར་མ་ཧྥི་ལའོ་རཱས་བདག་མོ་ཁིར་ལཱ་ལ་མཆོག་གྱུར་གྱི་ལྟ་སྤྱོད་དང་འདུ་ཤེས་གང་ཡང་བསྐྱེད་དུ་མི་འཇུག།
བདག་མོ་ཁིར་ལཱས་ཆུ་ལྷམ་ཡུ་རིང་འཕུད་ཞོར“ཧྥི་ལའོ་རཱ་ད་རུང་མཐོང་ཡ་མི་འདུག”ཅེས་དེ་སྐད་བརྗོད་ཅིང་། བདག་པོ་ཁི་ལིར་ཁིས་དྲ་ཐོག་ཏུ“ར་མ་ཞིག་བོར་བྱུང”ཞེས་པའི་བརྡ་ཁྱབ་ཅིག་སྤེལ།
“ཐག་རིང་ལ་སོང་མེད་ཁོ་ཐག་ཡིན”ཞེས་འཐད་ལ་མ་འཐད་པའི་ངང་དེ་སྐད་ལབ་ཅིང་། དུས་རྒྱུན་ལྟར་ཁོས་ར་མ་ཧྥི་ལའོ་རཱ་ཕལ་ཆེར་ར་ཕོ་ཞིག་འཚོལ་དུ་ཕྱིན་པ་མིན་ནམ་སྙམ།
ཡིན་ན་ཡང་ལྕམ་ཇེ་མའེ་སིན་གྱི་གནས་ཚུལ་གླེང་མ་བྱུང་།
བཟའ་མོ་ཁིར་ལཱས་ཟངས་དེམ་ཐབ་ལ་བསྐྱོན་ནས་ཇ་བསྐོལ། ཁྱོ་བོ་ཁི་ལིར་ཁི་ནམ་རྒྱུན་ལྟར་གློག་ཀླད་ཀྱི་མདུན་དུ་ཙོག་སྟེ་རང་ཉིད་ལས་གཞན་སུས་ཀྱང་མི་གོ་བའི་སྐད་ཆ་ལྡབ་ལྡིབ་ཅིག་གློད་ཀྱིན་གདའ། སྐབས་རེར་ཁོ་གློག་ཀླད་ངོས་ལ་ཅེར་ནས“ཉོག་གཏམ”ཞེས་རྩོད་ཤགས་རྒྱག་སྲིད་ལ། མཚམས་རེར་ཁོ་ཧབ་དགོད་རེ་རྒྱག་ངེས། ཡིན་རུང་། ཕྱིས་སུ་བཟའ་མོས་ཁོར་འདྲི་དུས། ཁོས་རང་ཉིད་ཅི་ཙུག་ལ་བགད་པ་གསལ་བོ་ཞིག་དྲན་དཀའ།
ཁིར་ལཱས“ཁྱོས་ཇ་འཐུང་རྒྱུ་ཡིན་ནམ”ཞེས་འདྲི་དུས། ཁོ་འཕྲལ་མར་ཡར་ལངས་ནས་ཐབ་ཚང་ནང་འཛུལ་ཡོང་བའི་ཚུགས་ཀ་དེས་བཟའ་མོ་ཅུང་ཧ་ལས་སུ་འཇུག་གིན་ཡོད།
ཚམ་ཚོམ་མེད་པར་ཁོ་ན་རེ“དེ་ནས། ཁིར་ལཱ། དེ་ནས”
“ཅི་ཞིག”
“དེའི་རྐྱེན་པས། མོས་ཁ་པར་བཏང་བ་ཡིན་རྒྱུ་རེད”
“སུས”
“རྒྱལ་མོ་སལ་བེ་ཡཱས། (Queen Sylvia) ཁོང་མོ་ད་ལྟ་རིང་ཕྱིར་ཕེབས་འདུག”
“ངས་རླངས་འཁོར་སླེབས་པ་ཐོས་མ་བྱུང”
“གལ་ཏེ་ཁྱོད་ཀྱིས་ཐོས་ཀྱང་། ངས་ཁྱོད་ལ་འདྲི་མི་སྲིད”
“དེས་ན། མོས་ཁ་པར་གཏོང་དོན་ཅི་རེད”
“མོས་སང་ཉིན་ཁྱོད་ཡོང་ནས་ཁོང་མོར་ཁང་པ་གད་དར་རྒྱག་རོགས་བྱས་ན་སྙམ་ཞེས་དེ་སྐད་བརྗོད་བྱུང”
“ཁྱོས་ཁོང་མོར་ཅི་ལབ”
“ངས་ཁོང་མོར་དེ་ལོས་ཆོག་ཅེས་བཤད་པ་ཡིན། ཡིན་ན་ཡང་ཁྱོས་མོར་ཁ་པར་བཏང་ནས་གཏན་འཁེལ་བྱས་ན་བཟང”
ཁིར་ལཱ་ན་རེ“གལ་སྲིད་ཁྱོས་མོར་བཤད་ཡོད་ན། ད་ངས་ཁ་པར་བཏང་ནས་ཅི་བྱེད”ཅེས་ཁོང་གཉི་གའི་ཇ་ཕོར་ནང་ཇ་ལྡུག་ཞོར“ཁ་སྔོན་ཁོང་མོ་ཕྱི་ལ་མ་སོང་བའི་སྔོན་ཏག་ཏག་དེར། ངས་ཁོང་མོ་ཚང་གི་ཁྱིམ་གཞི་གཙང་མ་བཟོས་ཡིན། འདི་འདྲ་མགྱོགས་པོར་སྒྲུབ་དགོས་པའི་ལས་ཀ་ཅི་ཞིག་བདོག་པ་ངས་མི་ཤེས”
“ཁྱོད་ཀྱིས་ཅི་ཤེས། གཅིག་བྱས་ན་ཁོང་མོ་སོང་ཤུལ། ཁྱིམ་ལ་རྩྭ་དབྱི་ (coon) འཛུལ་ནས་ཁྱིམ་ཆས་དག་ཟེལ་སློག་སློག་བཟོས་ཡོད་ཀྱང་སྲིད་པ་རེད”
“ངས་ད་ལྟ་རིང་ཁོང་མོར་ཁ་པར་གཏོང་དགོས་དོན་མེད་སྙམ། ངས་ཇ་འདི་བཏུང་རྗེས། གཟུགས་པོ་བཀྲུ་སྙིང་འདོད”
“ཇི་ལྟར་མགྱོགས་ན་དེ་ལྟར་བཟང”
བཟའ་མོ་ཁིར་ལཱས་ལག་ཏུ་ཇ་ཕོར་བཟུང་ནས་ཁྲུས་ཁང་ནང་འཛུལ།
“ལག་འཕྱིས་འདི་དག་ཉི་མར་བསྐམ་ནི་བསྐམ་མོད། ད་དུང་གཡའ་དྲི་བྲོ་ཡི་འདུག ང་གྱོན་ཆས་སྐེམ་ཁང་ལ་འགྲོ་དགོས”
“ཁིར་ལཱ། འུ་གཉི་གས་གླེང་བྱ་འདི་མུ་མཐུད་་་”
ཁིར་ལཱ་ཁྲུས་ཁང་ནང་འཛུལ་རྗེས། ཁོས་ཁྲུས་ཁང་གི་སྒོ་ཁ་ནས་བཟའ་མོ་བོས།
“ཁིར་ལཱ། ངས་ཁྱོད་འདི་ལྟར་ཁག་གཡོལ་བྱེད་དུ་འཇུག་མི་འདོད”
བཟའ་མོའི་སེམས་ལ། ཁོ་མོ་ཁྲུས་ཁང་ཕྱི་ལ་འབུད་དུས། ཁྱོ་བོ་ད་དུང་དེ་གར་ལངས་བསྡད་ལོས་ཡོད་འདོད་ཀྱང་། ཁོ་སྔ་མོ་ནས་ཕྱིར་རྩིས་འཁོར་གྱི་མདུན་དུ་ཙོག་པུར་སྡོད་ཅིང་། གྲོང་རྡལ་དུ་འགྲོ་ཡི་ཡོད་པ་ལྟར་མོས་ཤོམ་ལྭ་གྱོན་བཞིན། ཁིར་ལཱའི་རེ་བར། ཁོང་ཁྱོ་ཤུག་གཉིས་རང་ཁྱིམ་ནས་གྱོན་ཆས་སྐེམ་ཁང་དུ་འགྲོ་བ་དང་འཚིག་ཇ་འོ་མ་ཉོ་བ། ལམ་བར་ནས་ད་དུང་ཁོང་གཉིས་ཀྱིས་དེ་སྔའི་གླེང་བྱ་གཞན་ཞིག་ལ་བསྐོར་ནས་ཁ་རྩོད་ཚིག་རྩོད་ཀྱི་སྡུག་ཡུས་འདི་དག་ལས་ཐར་རྒྱུ་བྱུང་ན་ཅི་རུང་སྙམ། མོ་འགྲུལ་ཁང་ནང་རྒྱུགས་ཡོང་ནས་རྒྱབ་ལོགས་ནས་ཁྱོ་བོའི་མགུལ་ལ་འཁྱུད་མ་ཐག། རྦ་རླབས་ལྟར་འཕྱུར་འོང་བའི་སྐྱོ་གདུང་ཞིག་གིས་ཁོ་མོ་ཁྱུར་མིད་བཏང་བཞག______མོའི་མིག་ཆུ་ལྷུང་ལྷུང་བཞུར་དོན། ཕལ་ཆེར་ཁྲུས་ཁང་གི་ཚ་དྲོད་ལན་པ་ཡིན་སྲིད______ཁོ་མོ་ཁྱོ་བོའི་སྒལ་བར་འཁྱུད་ནས་མིག་ཆུ་ཤམ་ཤམ་དུ་ངུས་བྱུང་།
ཁོས་ལག་པ་གཉིས་རྩིས་འཁོར་མཐེབ་གཞོང་སྟེང་ནས་ཡར་བཏེགས་ཀྱང་། ཁ་རོག་གེར་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་བཟུང་།
ཁོ་མོ་ན་རེ“ངའི་ཐོག་ལ་མི་ཁྲོ་བར་འཚལ”
“ཁྱོས་འདི་ལྟར་བྱེད་དུས། ང་ངོ་མ་སུན་སྣང་ཆེ། དེ་མིན་ང་ཁྲོ་བ་ལང་དོན་གཞན་ཅང་མེད”
“ཁྱོད་ཁྲོས་འདུག་པས། ངས་འདི་ལྟར་མི་བྱེད་ཐུ་མེད་རེད”
“ང་ཁྲོས་ཡོད་མེད་ལབ་མི་དགོས། ཁྱོས་ངོ་མ་ང་དངངས་སྐྲག་སྐྱེས་སུ་བཅུག་བྱུང་། རང་སེམས་ལ་བདག་པོ་ཅུང་རྒྱོབས་དང་། ད་སོང་ལ་ནུབ་འཚལ་སྐོལ་ཅིག”
འདི་ཁོ་མོའི་གཏམ་སྤྱོད་ཀྱི་མཇུག་འབྲས་ཡིན། ད་ལྟ་དགོང་དྲོའི་དུས་ཚོད་ལྔ་བ་ཟིན་འདུག་པས། འགྲུལ་བ་སུ་ཡང་ཡོང་མི་སྲིད། མོས་ཞོག་ཁོག་འགའ་ཁྱེར་ཡོང་ནས་ཤུན་པ་གཤུ་འགོ་བརྩམས། ཡིན་རུང་། མོའི་མིག་ཆུའི་བཞུར་རྒྱུན་ད་དུང་ཆད་མེད། མོས་གཙང་ཤོག་ཅིག་བླངས་ནས་མིག་ཆུ་ཕྱིས། ཡང་གཙང་ཤོག་ཚལ་བུ་གཤགས་ཤིང་བཟུང་སྟེ། ཕྱི་རོལ་གྱི་ཟམ་ཟིམ་འཇོ་བའི་ཞག་ཆར་ཁྲོད་དུ་བསྐྱོད། མོ་ལྷས་རར་འགྲོ་མི་འདོད། རྒྱུ་མཚན། དེ་གར་ར་མ་ཧྥི་ལའོ་རཱ་མེད་པས། ངོ་མ་སེམས་པ་གཡའ་ལྷང་ངེ་བ་ཞིག་ཏུ་འདུག ཁོ་མོ་སྲང་ལམ་བརྒྱུད་ནས་ཕྱིར་ནགས་ཚལ་དུ་ལོག་ཡོང་། ཁ་རྟ་དག་ཞིང་རའི་ཕར་གཞོགས་སུ་བདོག་ཅིང་། རྒོད་མ་ལའེ་ཛེ་ཡཱ་གཅིག་པུ་མ་གཏོགས། ཁ་རྟ་གཞན་དག་ཚུར་ཡོང་ནས་རྣ་བ་ཀྲོང་ཀྲོང་གིས་བདག་མོར་བལྟས། རྒོད་མ་ལའེ་ཛེ་ཡཱ་ཅུང་མ་དགའ་བའི་ཚུལ་གྱིས། མགོ་ཚུབ་རྔ་ཡབ་བྱེད་བཞིན་སྣ་ཕུ་འདེབས་ཀྱིན། བདག་མོས་ཁོང་ཚོ་མ་ཡིན་པའི་གཞན་གང་ཞིག་ལ་ཉམས་འཇོག་གནང་གིན་པ་གསལ་བོར་རྟོགས་འདུག
ཁོང་ཁྱོ་ཤུག་གཉི་གས་གྲོང་ཁྱེར་གསར་ཤོག་སྟེང་སྤེལ་བའི་སྐུ་ཞབས་ཇེ་མའེ་སིན་ (Mr. Jamieson) འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཀློག་དུས། ཆར་བ་འབབ་འགོ་ཚུགས། ལོ་ན་ནིང་བར་ཁོང་ཁྱོ་ཤུག་གཉི་གས་སྐུ་ཞབས་ཇེ་མའེ་སིན་ཚང་ནི་རང་གི་ཁྱིམ་མཚེས་ཀྱི་འདུ་ཤེས་བཟུང་ཡོད་ལ། ཁོང་ཚང་གིས་ཀྱང་ཁོང་བཟའ་ཟླ་གཉིས་ལ་དེ་ལྟའི་སྤྱོད་ཚུལ་འཛིན་གྱི་ཡོད།
ལྕམ་ཇེ་མའེ་སིན་གྱིས་མཐོ་སློབ་ཅིག་ཏུ་སྐྱེས་དངོས་རིག་པ་འཆད་འཁྲིད་གནང་གི་ཡོད། རང་ཁྱིམ་ནས་སློབ་གྲྭའི་བར་ལ་སྤྱི་ལེ་བཞི་བཅུ་ལྷག་གིས་ཆོད་པས། ཁོང་མོའི་ཉིན་གཅིག་གི་དུས་ཚོད་མང་ཤོས་ལམ་བར་དུ་འདས་འགྲོ།
སྐུ་ཞབས་ཇེ་མའེ་སིན་སྙན་ངག་མཁན་ཞིག་ཡིན། སྙན་ངག་མཁན་ནམ་རྒད་པོ་གང་ཡིན་རུང_____ཧ་ལམ་ཁོང་དང་བཟའ་མོ་ཇེ་མའེ་སིན་གཉིས་ཀྱི་བར་ལ་ལོ་ཉུ་ཤུའི་ཆེ་ཆུང་ཡོད་སྲིད_____ཁོ་རང་མི་རྩིང་ཞིང་ཚེགས་ཡངས་ཤིག་ཡིན་འདུག ཁོས་རང་གནས་ཀྱི་ས་འོག་སྦུག་ལམ་རྡོ་རྩིག་གིས་བཟོས་ནས་བཙོག་ཆུའི་ཡུར་བ་ཇེ་བརྟན་དུ་བཏང་། ཁོས་ས་སློག་ནས་སྔོ་ཚོད་འདེབས་པ་དང་ལྡུམ་རར་ཕྱི་ར་བསྐོར་བ། ནགས་ཚལ་གཅོད་འབྲེག་གིས་རྐང་ལམ་བཏོད་པ་དང་དེའི་ཤིང་ཆས་སྡོད་ཁང་ལ་ཞིག་གསོ་བྱས། དེར་མ་ཟད། ཁོས་རང་ཁྱིམ་དུ་གློག་འཐེན་པ་དང་ཆུ་ཡུར་བཟོ་བ། ད་དུང་ཐོག་ཁེབས་འགེབས་པ་སོགས་རང་ཁྱིམ་ཞིག་གསོ་དར་རྒྱས་སུ་བཏང་བ་འདི་འདྲ་གཡས་གཡོན་གྱི་ཁྱིམ་བདག་སུས་ཀྱང་མི་འཇོན་པར་འདུག
ཚགས་པར་སྟེང་གི་གནས་ཚུལ་བཀླགས་དུས། ལོ་ངོ་ལྔའི་ཡར་སྔོན་ཞིག་ལ་སྐུ་ཞབས་ཇེ་མའེ་སིན་ལ་རྒྱལ་ཡོངས་རིམ་པའི་རྩོམ་རིག་གཟེངས་རྟགས་ཤིག་ཐོབ་མྱོང་ཚུལ། ཁི་ལིར་ཁི་དང་ཁིར་ལྭ་བཟའ་ཟླ་གཉི་གས་ད་ལྟ་གཞི་ནས་རྟོགས་བྱུང་།
ཅུང་ཙམ་རྗེས་སུ། ཁྱོ་བོ་ཁི་ལིར་ཁིས“འུ་གཉིས་ཀས་ཁོར་བུ་ལོན་འཇལ་དུ་བཅུག་ཡོད་ན་ཅི་མ་རུང”ཟེར།
བཟའ་མོ་ཁིར་ལཱས་ཁྱོ་བོས་བརྗོད་པའི་སྐད་ཆ་དེའི་ཕུགས་དོན་གསལ་བོར་རྟོགས་རུང་། མོས་བསམ་བཞིན་དུ་སྐད་ཆ་དེ་རྩེད་མཚར་འབའ་ཞིག་ཏུ་ཁྱེར།
“ད་འཕྱིས་ཚར་བ་རེད” ཁོ་མོ་ན་རེ“ཁྱོད་ཤི་རྗེས། ཁྱོས་བུ་ལོན་ཅི་ལྟར་འཇལ་རྒྱུ”
“ཁོས་འཇལ་མི་ཐུབ་ནའང་། མོས་འཇལ་བཏུབ”
“མོ་གྷི་རེ་སིར་བུད་སོང”
“མོ་གྷི་རེ་སིར་འདུག་མི་སྲིད”
“དེ་དོན་ཁོང་མོས་མི་ཤེས”ཞེས་བཟའ་མོ་ཁིར་ལཱས་ཅུང་གྲུང་ཤ་དོད་པའི་སྒོ་ནས་ན་རེ“མོས་དེ་དོན་སྒྲུབ་པའི་ཆ་རྐྱེན་ཅི་ཡང་མེད”
“ངས་མོར་འདུག་ཅེས་ལབ་ཀི་མེད”
“མོར་དོན་དག་དེའི་ཁུངས་སྣེ་གང་ཡང་མེད”
“དེ་དོན་འུ་གཉི་གས་བསྒྲུབ་ཆོག”
བཟའ་མོ་ཁིར་ལཱས་དེ“མི་ཆོག”ཟེར།
དེའི་རྗེས་མོས་ཅི་ཡང་མི་སྨྲ་བས། ཁྱོ་བོས་མུ་མཐུད་བརྗོད་དོན།
“ངེད་གཉི་གས་གཏུག་བཤེར་བྱ་ཡི་ཡིན་ཞེས་བཤད་ཆོག རྣམ་ཀུན་དོན་དག་འདི་རིགས་ལས་མི་ཚོར་ཤོག་དངུལ་རེག་གི་ཡོད”
“དེ་དོན་ཁྱོས་ཅི་ལྟར་བསྒྲུབ་རྒྱུ། ཁྱོས་མྱི་ཤི་བོ་ཞིག་ཁྲིམས་ལ་སྦྱོར་མི་ཐུབ”
“མིང་དུ་གྲགས་པའི་སྙན་ངག་པ། འཇིགས་སྐུལ་ཡོད་ཚད་ཤོག་ངོར་བཀོད་ཞིང་ཤོག་བུས་ཟོས། འུ་གཉི་གས་མོར་འཇིགས་སྐུལ་བཏང་ན། མོས་གཉའ་ཆག་མགོ་སྒུར་ཞུ་ངེས་ཡིན། འུ་གཉི་གས་མོར་འདྲི་གཅོད་ག་ཙམ་བྱ་རྒྱུ”
“ཁྱོས་ཉིན་དཀར་རྨི་ལམ་གཏོང་གི་འདུག”ཅེས་བཟའ་མོ་ཁིར་ལཱ་ན་རེ“ཁྱོས་ཀུ་རེ་རྩེ་ཡི་འདུག”
“མེད། ངས་དངོས་གནས་བཤད་ནི”
ངས་དོན་དག་འདི་གླེང་མི་འདོད་ཅེས་ཁིར་ལཱས་དེ་སྐད་ཟེར་བར། ཁོས་དེས་ན་ཆོག་གི་ལབ། ཡིན་ན་ཡང་ཕྱིས་སུ་ཁོང་གཉི་གས་དོན་དག་དེ་ཡང་ནས་བསྐྱར་དུ་གླེང་ཡོང་། སྐབས་རེར་ཁོ་ལ་བསམ་ཚུལ་འདོད་ཚུལ་འདི་འདྲ་ཤིན་ཏུ་མང་རུང་། དེ་དག་ལག་ལེན་དུ་བསྟར་མི་རིགས་ཤིང་། ཐ་ན་ཁྲིམས་འགལ་ཡིན་ཡང་སྲིད།
དོན་དག་འདི་རིགས་ཐད་ཀྱི་ཁོའི་ཡིད་ཀྱི་སྤྲོ་སྣང་མཁའ་སྤྲིན་བཞིན་འཕྱུར་ཞིང་། ཁོའི་བསམ་པའི་འཆར་བཀོད་དག་ཆར་ཟིམ་བཞིན་ཉིལ་ཡོང་དུས། བཟའ་མོས་དེའི་རྒྱུ་མཚན་ཅི་ཡིན་གསལ་བོ་ཞིག་མི་ཤེས་པར་འདུག
གལ་ཏེ་ཕྱི་རོལ་གྱི་ཆར་ཞོད་འགྲམས་རྒྱུ་བྱུང་ན། གལ་ཏེ་ད་ལོའི་ནམ་དུས་འདི་ཕྱིར་རྒྱུན་ལྡན་གྱི་དབྱར་དུས་སུ་ལྡོག་རྒྱུ་བྱུང་ན། ཁོས་རང་གི་བསམ་ཚུལ་འདོད་ཚུལ་འདི་དག་བསྒྱུར་ངེས། ཡིན་རུང་དེ་དཔེ་མི་སྲིད། ཟླ་སྔོན་མར་ད་རུང་ཁོས་རང་གི་འཆར་བཀོད་འདི་དག་མངོན་སུམ་དུ་འགྱུར་ལོས་ཡོང་སྙམ་དུ་གླེང་མོད། འོན་ཀྱང་གནད་དོན་གཅིག་ཡོད་པ་ནི་ཤོག་དངུལ་ག་ཙམ་ལེན་རྒྱུ་ཡིན་མིན་དེ་རེད་པས། ཤོག་དངུལ་ཉུང་ངུ་ཞིག་གི་དོན་དུ་ལྕམ་ཇེ་མའེ་སིན་གྱིས་ཛ་དྲག་ཚབས་ཆེན་དེ་འདྲ་གནང་སྲིད། མོའི་སེམས་ལ་ཁོང་གཉི་གས་མོར་སྒྲོབ་རྫུ་གནང་གི་འདུག་སྙམ་དུ་འདོད་ངེས། ཤོག་དངུལ་འབོར་ཆེན་གྱི་དོན་དུ་ཡིན་ན་ནི། ཕལ་ཆེར་ཁོང་མོ་རྒྱལ་ངེས་ཡིན་པ་མ་ཟད། རྦད་དེ་ཁོང་མོ་ཨུ་ཚུགས་གཉའ་རེངས་ཅན་ཞིག་ཏུ་འགྱུར་ཡང་སྲིད་པ་རེད།
བཟའ་མོ་ཁིར་ལཱས་ཁྱོ་བོས་ཀུ་རེ་རྩེ་བ་མ་ཡིན་པ་མ་རྟོགས་ཁུལ་མི་བྱེད་པར། ལྡོག་སྟེ་མོས་བསམ་དོན་དེ་འགྲུབ་མི་སྲིད་ཅེས་ཁོ་ལ་དེ་སྐད་བརྗོད་པ་མ་ཟད། མོས་ད་དུང་དོན་དག་ཙག་ཙིག་གི་སླད་དུ། མི་ཚོས་ནམ་རྒྱུན་སྙན་ངག་པ་ཚོར་འདི་འདྲའི་ལྟ་ཚུལ་སྤྱོད་ཚུལ་འཛིན་གྱི་འདུག་པས། དེ་དོན་སྦེད་གསང་གི་འགྲོ་དངུལ་གཏོང་བའི་དགེ་མཚན་ཅི་ཡང་མེད་ཅེས་དེ་ལྟར་ལབ་བྱུང་།
ཁི་ལིར་ཁི་ན་རེ“ཁྱོས་ཅི་ལྟར་ཤེས་སམ”
གལ་ཏེ་ལེགས་པར་བསྒྲུབ་ཚེ། བསམ་དོན་འདི་འགྲུབ་ཁོ་ཐག་ཡིན་ཞེས་ཁི་ལིར་ཁིས་དེ་སྐད་ཟེར་ཡང་། བཟའ་མོ་ཁིར་ལཱས་གཡོ་ཐབས་དེ་ལྕམ་ཇེ་མའེ་སིན་ལ་ལྷག་ལུས་མེད་པར་བཤད། ཁོས་བློ་ཡུལ་ལས་འགོངས་པའི་གནས་ཚུལ་འདི་རྟོགས་རྗེས། ཁོས་མུ་མཐུད་གཡོ་ཐབས་བཤམས། ཁོ་ཞེ་ནས་ཁྲོ་སྲིད། དོན་དག་འདི་ཁོས་འཛམ་བུ་གླིང་ལ་བསྒྲག་ངེས། ཁོས་ལྕམ་ཇེ་མའེ་སིན་ནམ། རྒྱལ་མོ་སལ་བེ་ཡཱ་ནི་ཤོག་དངུལ་ཁོ་ན་གླེང་མཁན་ཞིག་ཏུ་གཏང་སྲིད།
“ཁྱོད་ལ་གནོད་འཚེ་གཏང་སྲིད། ཁྱོད་ངོ་ཚར་གཏད་ངེས། ང་ལ་ཡང་གནོད་འཚེ་འཐེབས་སྲིད། རྒྱུ་མཚན། ཁྱོད་ངའི་བཟའ་མོ་ཡིན་པས། འདི་ཕན་ཚུན་ལ་བརྩི་བཀུར་མ་གནང་བའི་ལན་རྐྱེན་རེད”
ཡང་ནས་བསྐྱར་དུ་ཁྱོ་བོས་ཁོ་མོར་དེ་ལྟར་ལབ། བཟའ་མོས་ཁོའི་བློ་སྣ་བསྒྱུར་ཐབས་སུ་འབད། འོན་ཀྱང་ཁྱོ་བོས་ད་དུང་བཟའ་མོར་ཨུ་ཚུགས་ནན་སྐུལ་བྱས།
“ངས་ཁྱོད་ལ་ཁག་ཐེག་བྱས་ཆོག”ཁོ་ན་རེ“ངས་ཁྱོད་ལ་ཁག་ཐེག་བྱས་ཆོག”
ཁིར་ལཱས་ཁྱོ་བོར་དེ་སྐད་ལབ་ཟིན་པས། ད་ནི་མོས་དོན་དག་གང་ཡང་གསང་མི་ཚུགས།
སྐབས་རེར་ཁོས་ང་ལ་དགའ་བོ་གནང་།
རྒན་འཁོགས་དེ་ཡིན་ནམ།
མོ་མེད་ཤུལ་དུ། ལན་རེར་ཁོས་ང་ཁྱིམ་ལ་འབོད་འགུག་གནང་།
མོ་ཉོ་ཆ་རྒྱག་གི་སོང་ཤུལ། ཁྱིམ་ན་ནད་གཡོག་མེད་དམ།
མོས་རྟིང་སྐུལ་གནང་བ་ལེགས་པས། འཕྲལ་མ་ཉིད་ལ་ཁོའི་འདོད་བློ་ཡོངས་སུ་ཚིམ་པར་བྱེད།
དེས་ན་ཁྱོས་ཅི་ཙུག་བྱས་པ་ཡིན། ཁྱོད་ཁྱིམ་ལ་སོང་ངམ།
ཁོ་མོ་ཅུང་སྐྱེངས་པའི་ཚུལ་གྱིས་མགོ་བོ་སྨད་བྱུང་།
སྐབས་ལན་རེར་་་།
ཁོས་ཁྱོད་ཉལ་ཁང་ནང་འབོད་དམ། དེས་ན་་་། ཁིར་ལཱ། དེས་ན་་་། དེའི་རྗེས་་་།
ཁོར་ཅི་ཞིག་མཁོ་མིན་ལ་ལྟ་ཕྱིར་ང་ནང་ལ་སོང་བ་ཡིན།
དེས་ན་ཁོར་ཅི་ཙུག་མཁོ་ཡི་འདུག་གམ།
སྐད་ཆ་འདི་དག་ལྟ་མཁན་ཉན་མཁན་སུ་ཡང་མེད་དུས། ཁོང་ཁྱོ་ཤུག་གཉིས་འབོལ་གདན་ཉལ་ཁྲིའི་སྟེང་དུ་བསྡད་ནས་ཕན་ཚུན་ལ་དོགས་འདྲི་དང་དྲང་གཏམ་དུ་བཤད་པའི་གསང་གཏམ་ཤབ་ཤུབ་ཡིན། མལ་ནང་གི་གསང་གཏམ་_____དེའི་ཁྲོད་ཀྱི་རྒྱས་བཤད་དག་ཧ་ཅང་གལ་ཆེན་པོ་ཡིན་པས་གླེང་ཐེངས་རེ་རེར་ཡང་ནས་བསྐྱར་དུ་བརྗོད་སྙིང་འདུག_____ནི་ངོ་མ་དགོད་བྲོ་ཞིང་། ངོ་ཚ་ལ། སྐྱུག་ལོག་པའི་བསླུ་ཐབས་ཤིག་ཡིན་པར་འདུག
མལ་ནང་གི་གསང་གཏམ་ནི“བཙོག་པ་དྲེག་པ་ཅན”ཇི་འདྲ་ཡིན་རུང་། དེ་ལ་ཞེན་ཞིང་སྤྲོ་མཁན་ཁོ་གཅིག་པུས་མི་ཚད་པར་ད་དུང་ཁོ་མོ་ཡང་ཡིན་ཞིང་འདུག ཁོ་དགའ་བདེས་ཚིམ་པར་ཞེན་ཞིང་སྤྲོ་ལ། ཁོ་མོ་ཡང་སྤྲོ་བར་འདུག་པས། སྤྲོ་སྣང་གི་དུས་ཚོད་ད་དུང་ཡོལ་མེད།
བཟའ་མོའི་སེམས་གཏམ་གྱི་ཟུར་ཞིག་དངོས་གནས་ཡིན་ཏེ། ཆགས་སྲེད་ཀྱི་མེ་འབར་བའི་བགྲེས་པོ་དེ་ཁོ་མོས་མཐོང་མྱོང་། ཁོས་དུས་ཆེན་གུང་གསེང་ཡང་ནད་ཁྲིའི་སྒང་དུ་གཏོང་གི་ཡོད་ལ། ཧ་ལམ་ཁོའི་ཁ་ལྕེ་ལྐུགས་ནས་སྨྲ་བ་མི་འཁྱོངས་ནའང་། ཁོས་ད་དུང་ཕུལ་དུ་ཕྱིན་པའི་ཕྱག་རྒྱ་སྣ་ཚོགས་བསྟན་ནས། རང་གི་འདོད་འདུན་སྐོང་བའི་ཉམས་འགྱུར་སྟོན་བཞིན། ཁོ་མོར་གྲུ་མོས་འཕུད་ཀྱིན། ཁོ་མོར་མཛུབ་མོས་རེག་གིན། ཁོ་མོ་རྦད་དེ་ཁོའི་འདོད་ཞེན་དང་ཁོའི་བསླུ་འགུག་གི་གཡོ་འོག་ཏུ་ཚུད་པར་འབད_____སྤྱིར་ཁོ་མོས་ང་མི་འཐད་ཅེས་འགོག་རྒོལ་གནང་དགོས་མོད། འོན་ཀྱང་་་། གཅིག་བྱས་ན་་་། དཔག་དཀའ་བ་ཞིག་ལ། ཁི་ལིར་ཁིར་བློ་ཕམ་ཆེ་ཨང་།
དུས་རྒྱུན་ཁོ་མོས་འདི་སྙམ་དུ་བསམ་ཞིང་ཡོད། དོགས་གནད་འདི་རིགས་སྔ་མོ་ནས་དག་སེལ་བྱེད་དགོས། མོས་ཉིན་བཞིན་སྨན་ཁང་གི་ནད་ཁྲིའི་སྟེང་དུ་བཟི་སྨན་བསྟེན་ཞིང་། སྐམ་རིད་དུ་གྱུར་ལ། ནད་སྟན་དུ་འབྱར་བའི་ཁོང་གི་ལུས་པོ་ལ་མནོ་བསམ་བཏང་། སྐབས་རེར་ལྕམ་ཇེ་མའེ་སིན་ནམ། ཡང་མིན་ན་ནད་གཡོག་ཚོ་ནད་པར་ལྟ་རྟོག་བྱེད་དུ་ཡོང་ནས་སྣང་མེད་ལ་ནད་ཁང་གི་སྒོ་མི་གཏན་དུས། མོས་སྒོ་རྩ་ནས་ནད་ཁྲིའི་ཕྱོགས་སུ་ལྐོག་ལྟ་ཡང་ཡང་བྱས། དོན་དངོས་ཐོག ཁོ་མོས་ཁོང་ལ་དེ་ལས་ལྷག་པའི་བརྩེ་ཞེན་ཞིག་བཅང་མི་སྲིད།
དྲང་མོར་བཤད་ན། ཁོ་མོར་ཤོག་དངུལ་ཅི་འདྲ་མཁོ་རུང་། མོ་ཁྱིམ་མཚེས་ཇེ་མའེ་སིན་ཚང་ལ་བཏུད་མི་ཕོད། རྒྱུ་མཚན། ལྕམ་ཇེ་མའེ་སིན་ལ་གདོན་འདྲེ་ཞུགས་ཡོད་པ་འདྲ། མོའི་གཉིད་ལམ་དུ་འཛུལ་ཡོང་ཐེངས་རེ་རེར། མོས་སྙིང་ཁོང་རུས་པའི་གཏིང་ནས་ཁོང་མོར་འགྱོད་བཤག་ཞུ་ཡི་ཡོད།
གནམ་གཤིས་ལེགས་དུས། ཐེངས་གཅིག་གཉིས་ཤིག་རིང་ཁོ་མོ་ཕྱི་ལོགས་སུ་སོང་ནས་བྲོ་མེད་ཆོ་མེད་ཀྱི་ལས་སུ་གཞོལ་ཞིང་། ཡི་མུག་དང་དངངས་སྐྲག་བསྐྱེད་པའི་རྟ་བ་ཚོར་ངོ་ཚ་དང་ཁྲོ་སྡང་གི་ཚོར་སྣང་སྐྱེས་དུས། ཏག་ཏག་ལ་ཁོ་མོ་ལས་ཀ་འདི་རིགས་ལ་འཇུག་གིན་ཡོད།
སྔོན་དུས་ཁི་ལིར་ཁིའི་སེམས་ཁམས་མི་དྭངས་པའི་དུས་སུ་ཡང་། མོ་དེ་ལྟའི་ལས་རིགས་ལ་གཞོལ་ཅི་ཐུབ་བྱས་མོད། བྱེད་ཐབས་དེས་ཁོར་རྔོ་ཅི་ཡང་མི་ཐོགས། ཡིན་ན་ཡང་། ད་རེས་སྐུ་ཞབས་ཇེ་མའེ་སིན་གྱི་གནས་ཚུལ་དེས་ཁོར་ཕན་འབྲས་ཕྲན་བུ་ཐོན་ཞིང་ཡོད་པ་གདོན་མི་ཟ།
ནད་ཁང་དུ་ལྕམ་ཇེ་མའེ་སིན་ནམ། རྒྱལ་མོ་སལ་བེ་ཡཱས་སྒེའུ་ཁུང་དག་ཕྱེ་བ་ཙམ་མ་གཏོགས་ལས་རྒྱུ་ཅང་མེད་ཅིང་། རང་ཉིད་ལ་བློ་ཡུལ་ལས་འདས་བའི་འཇིགས་དངངས་མི་བསྐྱེད་པའི་རེ་འདུན་དང་བཅས། ཁོང་མོ་མྱུར་བ་མྱུར་དུ་ཁིར་ལཱ་ལ་འཕྲད་རྒྱུ་བྱུང་ན་སྙམ་ཞིང་མཆི།
ནད་ཆས་དག་སྤར་རྗེས། ནད་ཁང་འདི་སལ་བེ་ཡཱ་ཁྱོ་ཤུག་གཉིས་ཀྱི་ཉལ་ཁང་དུ་གྱུར། ཁྱོ་བོ་འདས་རྗེས་གཟིམ་ཤག་གཙང་སྒྲ་བཟོས་པས། བལྟས་ཚོད་ཀྱིས་ཁང་མིག་འདིའི་ནང་དུ་བཀྲ་མ་ཤིས་པའི་དོན་དག་ཅིག་བྱུང་མ་མྱོང་བར་འདྲ། ཁྱོ་བོའི་འདས་མཆོད་དང་ཁོང་མོ་གྷི་རེ་སིར་ལྗོངས་རྒྱུར་སྐྱོད་པའི་གོ་སྒྲིག་ཡོད་ཚད་ཁིར་ལཱས་བསྒྲུབས་པ་ཡིན། ཉིན་དེ་དག་གི་རིང་ལ་ནམ་ཟླ་ཧ་ཅང་འཁྱག། ཁྱོ་བོ་ལའེ་ཨན་ (Leon) གྱིས་སྔོན་ཆད་བགོས་མྱོང་ཡོད་མེད་ཀྱི་གྱོན་ཆས་ཁ་ཤས་དང་ཁོང་གི་སྲིང་མོས་བསྐུར་ཡོང་བའི་ལེགས་སྐྱེས་____ད་རག་བར་ཁ་ཕྱེ་མྱོང་མེད____ཙག་ཙིག་དག་རླངས་འཁོར་གྱི་གཞུག་གི་ཨོང་སྟེགས་སྟེང་དུ་བརྩིགས་ནས་དངོས་རྫས་བསྲི་ཚགས་ཐོན་གཉེར་ཁང་དུ་བསྐྱལ། ཁོང་གི་གསོ་སྨན་དང་ཁོང་གི་སྨྲ་ར་གཞར་བྱེད། ཁོང་གི་བཟའ་བཅའ་གཙོ་བོར་གྱུར་བའི་ལྕགས་སྒམ་ནང་གི་སྐོམ་ཆུ་དང་ཁོ་རང་ཆེས་དགའ་བའི་ཤོག་སྒམ་ནང་གི་ཏིལ་འབྲས་སྐམ་པོའི་ཞོར་ཟས། ཁོང་གི་སྒལ་བར་བྱུག་རྒྱུའི་གྱིག་དམ་ནང་གི་གསོ་སྨན་དང་ཁོང་གི་མལ་སྟན་དུ་བཏིངས་པའི་ལུག་པགས་སོགས་འགྱིག་ཁུག་ཆེན་པོ་ཞིག་གི་ནང་ལ་བརྫངས་ནས་གད་སྙིགས་འདྲུད་འཁོར་ནང་འཕངས། ཁིར་ལཱས“ཅ་ག་འདི་དག་གཅིག་བྱས་ན་ཡུལ་མི་ཚོར་སྤྱོད་གོ་ཆེ་སྲིད”ཅེས་ཐེ་ཚོམ་གྱི་དྲི་གཞི་གང་ཡང་མ་བཏོན། ཐ་ན་ཁ་གཅོད་ཀྱང་ཕྱེ་མ་མྱོང་བའི་ཞོར་ཟས་དང་སྐོམ་ཆུ་གཅིག་ཀྱང་མ་བླངས། སལ་བེ་ཡཱས“རེ་བ་ལ་ངས་གྱོན་ཆས་འདི་དག་གྲོང་རྡལ་དུ་མི་འཁྱེར་བར། མེར་སྲེག་ཡོ་ཆས་ནང་བསྲེགས་བཞག་ཡོད་ན་ཅི་རུང”ཞེས་དེ་སྐད་བརྗོད་དུས་ཀྱང་། ཁིར་ལཱས་མཚར་ཉམས་ཅི་ཡང་བསྟན་མ་བྱུང་།
ཁོ་མོ་གཉི་གས་ཐབ་ཀ་དང་ཆ་སྒམ་སྟེང་གི་དུད་དྲེག་འབྲད་པ་དང་རྩིག་ལྡེབས་དང་སྒེའུ་ཁུང་ངོས་ཀྱི་ཐལ་རྡུལ་བྱི་དོར་བྱས། ཉི་མ་ཞིག་ལ་སལ་བེ་ཡཱ་འགྲུལ་ཁང་དུ་བསྡད་ནས་ལག་སོན་བྱུང་བའི་གྲོགས་ཉེ་དུ་ཀུན་གྱི་སེམས་གསོའི་འཕྲིན་ཡིག་བཀླགས། ཟླ་གཅིག་གི་ཡར་སྔོན་ཏག་ཏག་ལ་ཁྱོ་བོ་ལའེ་ཨན་གྱིས་ཁོང་མོར་འདི་སྐད་ལབ་མྱོང་། ཁྱོད་ཀྱིས་ཡོད་ཤག་བྱེད་སྲིད་པའི་རྩོམ་མཁན་གང་དེ་ལ་མ་ཟིན་ནམ། འབྲི་འཕྲོར་ལྷག་པའི་ཟིན་ཐོ་དང་ཡིག་ཚགས་སོགས་དགོས་ངེས་ཀྱི་ཡིག་ཆ་འགའ་ཡང་མེད། ཡོད་ཚད་ཁོས་སྔ་མོ་ནས་སྤེལ་ཟིན་པས་ད་ནི་བློ་འགྱོད་ཅང་མེད་ཟེར།
ཁ་ལྷོ་རུ་གཏད་ཅིང་ཐིགས་ཆུ་ཕྲུམ་ཕྲུམ་འཛིར་བའི་རྩིག་ལྡེབས་སུ་སྒེའུ་ཁུང་ཆེན་པོ་ཞིག་ཡོད། དེ་ལས་འཕྲོས་པའི་ཆར་ཆུ་ཙར་ཙར་གྱི་ཉི་ཐིག་སམ། ཡང་མིན་ན་སྐས་འཛེག་སྟེང་གི་ཁིར་ལཱའི་གཅེར་རྗེན་གྱི་ཞབ་གཟུགས་དང་ཕྱག་གཟུགས། ཁོ་མོའི་འཁྲུལ་མེད་དུ་མངོན་པའི་ཞལ་གཟུགས། ཁུར་མོང་མེ་ཏོག་གི་དབྱིབས་སུ་བསླས་པའི་སྐྲ་ལོའི་སྟེང་གི་སྐྲ་རྒྱན་ཐུང་ངུ་བཅས་ཀྱི་གྲིབ་རིས་གང་ཡིན་ཆ་མི་འཚལ་བར་བལྟས་ཀྱིན་བལྟས་ཀྱིན། སལ་བེ་ཡཱ་ཧ་ཅང་ཡ་མཚན་སྐྱེས།
ཁིར་ལཱས་སྒེའུ་ཁུང་གི་ཤེལ་ཡོལ་ངོས་སུ་ཟེགས་ཆུ་གཏོར་ནས་ཤེད་ཤུགས་ཀྱིས་འབྱིད་ཀྱིན་གདའ། སལ་བེ་ཡཱས་ཁོ་མོར་བལྟས་འདུག་པ་མཐོང་འཕྲལ། མོས་ལས་མཚམས་བཞག་ཅིང་། ཁོ་མོ་འབུར་བརྐོས་སེང་གཟུགས་སུ་བཀོད་ཅིང་བཙུགས་པའི་ཝ་ཁ་ཞིག་དང་འདྲ་བར་མོས་ལག་པ་གཉིས་བརྐྱངས་འོང་བ་དང་། ཁོ་མོ་གཉིས་དུས་གཅིག་ཏུ་གད་མོ་དབང་མེད་ཤོར།
སལ་བེ་ཡཱ་ཆུ་མོ་ཤང་ཤང་བཞུར་འདྲའི་རྩེ་དགོད་ལས་གཡོལ་ཏེ། སླར་ཡང་འཕྲིན་ཡིག་དེ་དག་ངོས་ཀྱི་སེམས་གཏམ་ངོ་མ་དང་རྫུན་མ། ནོངས་འགྱོད་དང་རེ་སྨོན་སོགས་ཀྱི་ཐ་སྙད་རེ་རེ་བཞིན་ཀློག་གིན། ཡིག་འཕྲིན་དེ་ཚོ་པགས་སྟན་དང་ཞོར་ཟས་དེ་ག་ནང་བཞིན་གད་སྙིགས་སུ་འདོར་དགོས་མིན་སེམས་ཐག་ཆོད་པོ་བྱུང་།
ཁིར་ལྭས་སྐས་འཛེག་མར་བླངས་པའི་ཁྲོག་སྒྲ་དང་ཁྱམས་ཁའི་རྡོག་སྒྲ་དུས་གཅིག་ཏུ་ཐོས་འཕྲལ། མོ་གློ་རྒྱག་ལ་ངོ་ཚ་བྱུང་། མོ་སྔར་གནས་སུ་འགུལ་ཙམ་མི་གནང་བར་མགོ་བོ་བྲང་ཁར་དུད་དེ་སྡོད་ཅིང་། ཁིར་ལཱ་ཁྱིམ་ལ་ཡོང་ནས་ཁོང་མོའི་རྒྱབ་ལོགས་ནས་ཐབ་ཚང་ནང་འགྲོ་ཞོར། རྡོག་ལམ་གྱི་ཟེའུ་དང་གཙང་ཤོག་སོགས་ཕྱིར་ཁྲུས་གཞོང་གི་གཤམ་དུ་བཞག “བྱེའུ་ཞིག་ལྟར”ཁིར་ལཱ་འཕྲལ་མར་སྡོད་མ་ཚུགས་ཀྱང་། མོས་སལ་བེ་ཡཱའི་དང་ཁར་སྨད་པའི་མགོ་ལ་འོ་ཡང་མོ་ཞིག་བསྐྱལ་ནས་བུད་སོང་། མོས་རང་གཞན་སུས་ཀྱང་མི་གོ་བའི་སྐད་ཆ་ལྡབ་ལྡིབ་ཅིག་ལབ་ཀྱིན་བུད་སོང། རྣམ་ཀུན་མོས་དེ་ལྟའི་སྐད་ཆ་ལྡབ་ལྡིབ་ཅིག་སྨྲ་སྲིད།
དུས་དེ་ནས་བཟུང་འོ་དེ་ནམ་ཡང་སལ་བེ་ཡཱའི་དྲན་སྣང་དུ་འཇགས་པར་གྱུར། ལར་འོ་དེ་ལ་ནང་དོན་གཞན་གང་ཡང་མེད་མོད། དེ་ནི་གདུང་སེམས་མཉམ་སྐྱེད་ཀྱི་སེམས་གསོ་ཞིག་ལོས་ཡིན། མ་ཟད་ཁོ་མོ་གཉིས་ད་རག་བར་རེ་ཆད་ཡིད་གདུང་གི་ལས་དོན་མང་པོ་མང་པོ་ཞིག་མཉམ་དུ་མྱངས་པའི་བློས་ཐུབ་ཀྱི་གྲོགས་མོར་གྱུར་ཞིང་ཡོད་པ་ཤུགས་སུ་མཚོན་པའམ། གཅིག་བྱས་ན་སྐབས་དེར་ཕྱི་རོལ་ཏུ་དྲོ་འཇམ་གྱི་ཉི་འོད་ལྷག་ལྷག་འཕྲོས་ཡོད་སྲིད་ལ། སྐབས་དེ་ཤེད་དུ་ཁིར་ལཱས་ཡུལ་གྱི་ཁ་རྟ་དག་ཡིད་ལ་དྲན་ནས་ཕྱིར་རང་ཁྱིམ་ལ་ལོག་སྙིང་འདོད་ངེས།
དེ་ལྟར་ཡང་། སལ་བེ་ཡཱའི་མིག་ལམ་དུ། འོ་དེ་ནི་བཀྲག་མདངས་འཚེར་བའི་མེ་ཏོག་རྐང་གཅིག་སྟེ། ཟླ་རེ་འམ། བདུན་རེའི་ཟླ་མཚན་འཁྱུག་ཙམ་འཁྱུག་ཙམ་འབབ་པ་ནང་བཞིན། རང་སེམས་སུ་མེ་ཏོག་གི་འདབ་མ་ལྷུག་པོར་གྲོལ་བ་མཐོང་ཡོང་།
སྔོན་དུས་ཁོང་མོར་འཛིན་གྲོགས་བུ་མོ་གཞན་དང་མི་མཚུངས་པ་ཞིག་ཡོད། བུ་མོ་དེའི་སྤྱང་གྲུང་དང་སྒེར་སེམས། ཧུར་བརྩོན། ཐ་ན་རང་བྱུང་ཁམས་ལ་བཅངས་པའི་འདོད་ཞེན་བཅས་ཀྱིས་ཁོང་མོར་རྣམ་ཀུན་རང་ཉིད་ཀྱི་བྱིས་དུས་དྲན་གསོ་བྱས་བྱུང་། སྐབས་དེ་ཤེད་དུ་མོའི་མཐའ་འཁོར་གྱི་སྨན་ཤར་གང་མང་ཞིག་མཛའ་དུངས་རིགས་ཤིག་ལ་སྙིང་ནས་རེ་ཞིང་འཁྲེངས་ནས་ཡོད་ལ། སྤྱིར་དེ་ལྟའི་མཛའ་དུངས་ནི་ཁོ་མོ་ཚོ་རང་ཉིད་ཀྱི་བློ་ཡིད་ལས་འགོངས་ནའང་། དེས་ཁོང་མོར་གཞོམ་གཞིག་བྲལ་བའི་སྙིང་སྟོབས་བསྐྱེད་མྱོང་།
ཁིར་ལཱ་བུ་མོ་དེ་རིགས་དང་ཡེ་མི་འདྲ། བརྒྱ་ལ་ཁོ་མོར་སལ་བེ་ཡཱའི་མི་ཚེ་ཆ་མཚུངས་ཤིག་བགྲང་རྒྱུ་ཡོད་དུ་ཆུགས། དེ་ནི་མོས་མཐོ་སློབ་ཏུ་ངོ་ཤེས་པའི་སྨན་ཤར་ཁ་ཅིག་སྟེ། ཁོ་མོ་ཚོའི་མྱུར་ལ་དལ་བའི་བློ་རིག་དང་ཕོད་ཅིང་མི་ཕོད་པའི་རྩེད་འགྲན། རྩིང་ཞིང་ཡངས་པའི་སེམས་ཁམས་དང་ལྷན་སྐྱེས་སུ་གྲུབ་པའི་སྤྲོ་སྣང་རིང་ལུགས་འབའ་ཞིག་ཡིན་ངེས།
སལ་བེ་ཡཱ་ཕྱིར་སླེབས་པའི་ཕྱི་ཉིན། མོས་ཁིར་ལཱ་ལ་གྷི་རེ་སིར་བསྐྱོད་པའི་མཐོང་ཐོས་མྱོང་གསུམ་བརྗོད་ཀྱིན་ཡོད།
“ང་གྲོགས་མོ་འགའ་དང་ལྷན་དུ་སོང་བའི་གྲོང་གསེབ་ཆུང་ཆུང་དེ་ཧ་ཅང་སྐྱིད། སྐབས་རེར་ལྗོངས་སྐྱོད་རླངས་འཁོར་ལམ་འཛོལ་ཐེབས་པ་ལྟར། གྲོང་གསེབ་དེ་གར་སྡོད་ངེས་ཡིན། ལྗོངས་རྒྱུ་བ་ཚོ་རླངས་འཁོར་ལས་བབས་ཏེ་མཐའ་འཁོར་དུ་རྒྱང་གཟིགས་བྱེད་དུས། ཁོང་ཚོ་རྦད་དེ་མགོ་འཐོམས་འགྲོ། རྒྱུ་མཚན། ཁོ་ཚོ་ངོ་མཚར་ཡིད་འོང་གི་གནས་གང་ལའང་ཐོན་མེད་ལ། མིག་དབང་འཕྲོག་པའི་ཅ་དངོས་གཅིག་ཀྱང་ཉོ་རྒྱུ་མེད”
མཐའ་གཞུག་ལུས་པོ་རྒྱགས་ཤིང་གྱོལ་བས་འགྲོ་འདུག་ལ་དཀའ་ཚེགས་ཆེ་བ་དང་ཚ་གདུག་མི་འཕྲོད་པའི་ཁིར་ལཱ་དེ་གར་ཙོག་པུར་སྡོད་ཅིང་། ཁང་མིག་དེའི་ནང་ཁོ་མོའི་བསམ་གཞིག་སྣ་ཚོགས་ཀྱིས་ལྟེམས་ཤིང་འཕྱོ། མོས་ཉབ་ཉོབ་ཀྱི་འཛུམ་རེ་སྟོན་བཞིན། ཐམ་ཐོམ་ངང་ལ་བདེན་ཁའི་མགོ་བོ་ལྕོག་ལྕོག་བྱེད།
“དང་ཐོག་ང་ཡང་མགོ་འཐོམས་སོང་། ཚ་བ་རབ་ཏུ་ཆེ། ཉི་མ་ཚ་ཟེར་ཆེ་ཟེར་བ་དངོས་གནས་བདེན་པ་རེད། ཧ་ཅང་ངོ་མཚར་བ་ཞིག་ཏུ་འདུག དེའི་རྗེས་ཚ་གདུག་ཆེ་བའི་ས་ཆ་འདིར་ཅི་ལྟར་དུ་འཚོ་ཞིང་སྡོད་པ་ངས་གསལ་བོར་རྟོགས་བྱུང་། ལར་འདི་ནི་ཆེས་སྤྱིར་བཏང་གི་ལས་དོན་ཙག་ཙིག་རེད་ཀྱང་། དེ་དོན་བསྒྲུབ་པ་ལ་ཕལ་ཆེར་ཉིན་ཧྲིལ་བོ་ཞིག་འདས་འགྲོ། དཔེ་བཞག་ན། ཁྱོད་ལམ་ཁ་ནས་མར་སྤྱི་ལེ་ཕྱེད་ཙམ་རིང་ལ་རྐང་ཐང་དུ་བསྐྱོད་ནས་བྱུག་སྣུམ་ཉོ་བ་དང་། ཕར་གཞོགས་སུ་སྤྱི་ལེ་ཕྱེད་ཙམ་བགྲོད་ནས་བག་ལེབ་བམ་རྒུན་ཆང་ཉོ་བ་ན། ཞོགས་པའི་དུས་ཚོད་ཡོལ་འགྲོ། དེའི་རྗེས་ཁྱོད་ཤིང་སྡོང་གི་བསིལ་གྲིབ་འོག་ཏུ་བསྡད་ནས་དྲོས་ཇ་འཐུང་བ་དང་དྲོས་ཇ་བཏུང་ཚར་རྗེས། ཉི་མ་ཚ་གདུག་ཆེ་བས། ཁྱོས་སྒོ་མོ་གཏན་ཏེ་མལ་ཁྲིའི་སྟེང་ལྟག་ཉལ་དུ་སྡོད་པའམ། དཔེ་ཀློག་གནང་རྒྱུ་མ་གཏོགས་ལས་དོན་གཞན་གང་ཡང་བསྒྲུབ་མི་ཐུབ། ཕྱི་དྲོར་བསིལ་གྲིབ་གུག་པ་ཤེས་འཕྲལ། ཁྱོད་ཡར་ལང་ནས་ཆུ་རྐྱལ་གཏག་ཏུ་འགྲོ་ངེས”ཞེས་བཤད་མཚམས་འདིར་སླེབས་དུས་ཁོང་མོ་ན་རེ“ཨོ། ངས་རྦད་དེ་བརྗེད་འདུག”ཅེས་མོ་མྱུར་མོར་ཡར་ལངས་ནས། ཁ་སྔོན་ཉོས་ཡོང་པའི་གསོལ་རས་ལེན་དུ་སོང་། དྲང་མོར་བཤད་ན་མོས་གསོལ་རས་དེ་ད་རག་བར་བསྐྱུད་སོང་བ་མ་ཡིན་པར། སྐབས་དེ་ཤེད་དུ་མོས་གསོལ་རས་དེ་ཁིར་ལཱར་སྟེར་མ་འདོད། རྒྱུ་མཚན། ཁ་བརྡ་བཤད་དུས་མོས་རང་སེམས་ལྷོད་ལ་འབབ་འདོད་ཅིང་། མཚོ་ཁ་དང་ཆུ་རྐྱལ་ལ་སོགས་པའི་གཏམ་གླེང་བརྗོད་དུས་ཀྱང་། མོས་དེ་ལྟར་རང་སེམས་ལྷོད་ལ་འབབ་པའི་བསམ་བཀོད་འཐེན་ཡོད། ད་ནི་ཁོང་མོས་ད་ཅིའི་བཤད་འཕྲོར་མཐུད་ནས་ན་རེ“ངས་ཁྱོད་ལ་ཆུ་རྐྱལ་སྐོར་གླེང་བས། ངས་གཞི་ནས་གསོལ་རས་འདི་ཡིད་ལ་དྲན་བྱུང་། འདི་ནི་སྒྱུ་རྩལ་འདྲ་བཤུ་བྱས་བའི་དངོས་པོ་ཆུང་ཆུང་ཞིག་སྟེ། ལི་མར་བཀོད་པའི་རྟ་ཕོ་འདི་ཡུལ་མི་ཚོས་མཚོ་གཏིང་ནས་རྙེད་པ་ཡིན་སྐད། རྙེད་ནས་ཀྱང་རྣམ་ཀུན་དེ་ལ་ཚང་མས་སྣང་འཇོག་གནང་གི་འདུག དངོས་པོ་འདི་ཕལ་ཆེར་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པར་བཟོ་སྐྲུན་གནང་བ་ཞིག་ལོས་ཡིན་སྙམ”
ཁིར་ལཱ་ཁོང་མོ་ཚང་ལ་ཡོང་ནས་གཡས་གཡོན་དུ་ཁྱིམ་ལས་ཅི་ཞིག་ཡོད་མེད་ལ་མིག་བཤེར་རྒྱག་དུས། སལ་བེ་ཡཱས“ཨོ། དེ་གར་དོག་ཙམ་ཙོག་དང་། ང་ཡུལ་སྐོར་སྤྲོ་འཆམ་ནས་ཕྱིར་ཐོན་རྗེས། ཁ་བརྡ་གློད་སའི་གྲོགས་ཉེ་དུ་གཅིག་ལའང་འཕྲད་རྒྱུ་མ་བྱུང”ཟེར།
ཁིར་ལཱ་ཨོང་སྟེགས་གི་ཟུར་ཞིག་ཏུ་སྒྱིད་པ་གཉིས་ཁ་ཁར་འབྱེ་ཞིང་ལག་པ་གཉི་ག་པུས་མོ་ཟུང་གི་བར་ལ་བཙུར་ཏེ་སྡོད་ཅིང་། བལྟས་ཚོད་ཀྱིས་ཁོ་མོ་མི་མེད་ལུང་སྟོང་ཞིག་ཏུ་ལོས་ཡོད་འདོད། ཕ་རོལ་བོར་གུས་ལུགས་མཚོན་ཆེད། ཁོ་མོ་ན་རེ“གྷི་རེ་སིར་ལྗོངས་རྒྱུར་བསྐྱོད་ནས་ཨེ་སྐྱིད་ཐལ”
སྐབས་དེར་སལ་བེ་ཡཱས་ཕྱེད་ཙམ་གཙང་ཤོག་ཁུད་དུ་གཅུད་པའི་ལེགས་སྐྱེས་དེ་ལག་ཏུ་བཟུང་ནས་ལངས་ནས་བསྡད་ཡོད།
“བཤད་ཚུལ་ལ་འདི་ནི་ཡུལ་ལུང་དེའི་རྟ་རྒྱུག་འགྲན་བསྡུར་གྱི་མཚོན་རྟགས་ཤིག”ཅེས་སལ་བེ་ཡཱ་ན་ར“རྟ་རྒྱུག་གི་མཇུག་མཐའི་བང་འགྲན་ལ། མཇུག་མཐའི་ཧུར་བརྩོན་ལྷོད་མེད་བསྐྱེད་ཅིང་། རྟ་བ་_____བྱིས་པ་ཞིག____དེས་ཀྱང་རྟ་ཕོའི་བང་རྩལ་ལ། རྟ་ལྕག་གིས་ཅི་ཙམ་སྐུལ་ཡོད་པ་ཁྱོད་ཀྱིས་ངང་ངམ་ཤུགས་སུ་རྟོགས་ཡོང”
རྟ་བ་དེའི་བྱུང་རབས་ལོ་རྒྱུས་ཀྱིས་ཁོང་མོར་ཁིར་ལཱ་དྲན་དུ་བཅུག་མྱོང་བའི་གནས་ཚུལ་གྱི་ཟུར་ཙམ་ཡང་གླེང་མ་བྱུང་། རྒྱུ་མཚན་ཅི་ཡིན་ད་ཆ་ཁོང་མོས་ཀྱང་མི་ཤེས་པར་འདུག སྐབས་དེར་རྟ་བ་དེ་ལོ་ན་བཅུ་འམ་བཅུ་གཅིག་ལ་སོན་ཙམ་ཡིན་འདུག གཅིག་བྱས་ན་ཁོས་ཤེད་ཤུགས་ཡོད་ཚད་ཀྱིས་རྟའི་སྲབ་མཐུར་ནས་བཟུང་ཞིང་། བྱིས་བློ་མ་དག་པའི་དཔྲལ་བའི་ངོས་སུ་ཁྲོ་གཉེར་གཅིག་ཏུ་བསྡུས། རུས་སུ་མ་བཅད་པའི་བྱ་དགར་དམིགས་པ་རྩེ་གཅིག་ཏུ་གཏད་ཡོད་ཀྱང་སྲིད་པ་རེད།
ཕྱོགས་གཅིག་ནས། ངང་ཚུལ་འདི་ན་ནིང་དཔྱིད་མགོར་ཁིར་ལཱས་ཁོ་མོ་ཚང་གི་སྒེའུ་ཁུང་དག་བྱི་དོར་བྱེད་ཚུལ་དང་ཀུན་ནས་མཚུངས་ཏེ། ཁོ་མོའི་སྨད་གཡོགས་འོག་གི་བརྟན་ཞིང་བརླང་བའི་ཞབ་ཟུང་། ཁོ་མོའི་གཅེར་རྗེན་དུ་མངོན་པའི་ཕྲག་ཟུང་། ཁོ་མོའི་ཤེད་ཤུགས་ཡོད་ཚད་ཀྱིས་ཤེལ་སྒོ་འཕྱིད་པའི་ཚུགས་ཀ། དེའི་རྗེས་སལ་བེ་ཡཱར་རྩེད་དགོད་སློང་བའམ། ཕེབས་བསུ་གནང་བ་ལྟ་བུའི་ཁོ་མོའི་གུས་ཚུགས་དང་ཧ་ཅང་འདྲ་བོ་འདུག
“ཨོ། རེད་རེད”ཅེས་ཁིར་ལཱས་གཡུ་མདོག་གི་ལི་མའི་རྟ་ཕོ་དེ་ལ་མནོ་བསམ་གཏོང་བཞིན“ཁྱེད་ལ་བཀའ་དྲིན་ཆེ”ཞེས་དེ་སྐད་ལབ་བྱུང་།
“དེ་ཟེར་སྲོལ་ག་ལ་ཡོད། ངས་ད་ལྟ་རང་འཚིག་ཇ་ཞིག་བསྐོལ་ཡོད། འུ་གཉི་གས་འཚིག་ཇ་བཏུང་ན་ཅི་འདྲ་རེད། གྷི་རེ་སིའི་འཚིག་ཇ་ང་རང་ཆེས་དགའ་བའི་འཚིག་ཇ་ལས་ཅུང་ཁ་བོ་འདུག་ཀྱང་། བག་ལེབ་ཧ་ཅང་ཞིམ་པོ་འདུག ད་དུང་དོག་ཙམ་སྡོད་དང་། འཚིག་ཇ་ཐུངས། བྲེལ་བ་མ་བྱེད་ཅིག ངས་ཉོག་གཏམ་བཤད་ནས་ཁྱོད་སུན་དུ་བཅུག་སོང་། འདི་གར་ཅི་འདྲ་རེད། འདི་གའི་འཚོ་བ་བཟང་ངམ”
“འདི་གར་ད་རག་བར་དུ་ཆར་བ་ཤུགས་འབབ་བྱེད་ཀྱི་འདུག”
“ཨོ་ལེ། ངོ་མ་འབབ་ཞོད་ཆེ་གི”ཞེས་སལ་བེ་ཡཱས་ཁང་མིག་ཆེན་པོ་དེའི་ཕུག་གི་ཐབ་ཚང་ནང་ནས་དེ་སྐད་ལབ་ཅིང་། མོས་འཚིག་ཇ་ལྡུག་ཞོར་དུ། ད་དུང་གསོལ་རས་གཞན་ཞིག་ཉོས་ཡོང་ཡོད་པ་དེ་གནས་སྐབས་སུ་གསང་ཉར་བྱ་རྒྱུའི་སེམས་ཐག་བཅད། ཁོང་མོར་མཚོན་ན། གསོལ་རས་དེ་ལ་རིན་ཐང་ཅི་ཡང་མེད____ཡིན་ན་ཡང་ལི་མའི་རྟ་ཕོ་དེའི་རིན་གོང་ཁིར་ལཱའི་ཚོད་དཔག་ལས་ཡོངས་སུ་འདའ་ཡོད____དེ་ནི་མོས་ལམ་ཁར་ཉོས་པའི་རྡེའུ་ཟིང་སྐྱ་སྙིང་རྗེ་བོ་ཞིག་ཡིན་པར་འདུག
“འདི་ཁིར་ལཱ་ལ་ཉོས་པ་ཡིན”ཞེས་ཁོ་མོས་ཁ་སྔོན་རང་གི་གན་དུ་སྐྱོད་ཀྱིན་པའི་གྲོགས་མོ་མའེ་གྷེ་ (Maggie) ལ་བལྟས་ནས་ན་རེ“འདི་ལ་རིན་ཐང་ཅི་ཡང་མེད་པ་ངས་ཤེས་ཡོད། ཡིན་ན་ཡང་། ངས་ཁོ་མོར་ས་ཆ་འདིའི་དངོས་རྫས་ཕྲན་བུ་རེ་ལེགས་སྐྱེས་སུ་སྟེར་སྙིང་འདོད”
སལ་བེ་ཡཱས་ཁ་སྔོན་ཁིར་ལཱ་རང་གི་གྲོགས་མོ་མའེ་གྷེ་དང་སའོ་རེ་ཡཱ་ (Soraya) གཙོས་གྲོགས་པོ་གྲོགས་མོ་གཞན་དག་ལ་ངོ་སྤྲོད་མཚམས་སྦྱོར་གནང་དོན། ཁོང་མོར་མཚོན་ན། ལོ་ན་ནིང་གི་ཆེས་ཡ་ང་བའི་དཔྱིད་དུས་དེར། ཁོང་མོར་གདུང་སེམས་མཉམ་བསྐྱེད་གནང་བ་ནས་བཟུང་། ཁིར་ལཱ་དང་ཁོང་མོ་གཉིས་ཀྱི་ད་ལྟའི་མཛའ་འབྲེལ་གྱི་གནས་བབ་སྔར་བས་དོན་སྙིང་གིས་ཕྱུག་ཚུལ། ཁོ་མོ་གཉིས་བར་ལ་སྨྲ་བསམ་བརྗོད་འདས་ཀྱི་མཛའ་གཅུགས་ཤིག་གིས་དམ་དུ་བཅིངས་ཤིང་ཡོད་ལུགས་བརྗོད་བྱུང་།
“དེ་ནི་བདེ་ཞིང་སྐྱིད་པའི་གྲོགས་པོ་འགའ་ལྷན་འཛོམས་བྱུང་བ་དང་ཀུན་ནས་མཚུངས”ཞེས་གྲོགས་མོ་མའེ་གྷེ་དང་སའོ་རེ་ཡཱ་གཉི་གས་སྙིང་ཉེ་ཉེ་དང་སེམས་དུང་དུང་གི་གད་མོ་རེ་དགོད་ཀྱང་། དེ་དོན་ལ་ཅི་མི་སྙམ་དུ་འདོད་ཡོད།
སའོ་རེ་ཡཱས་དམར་ནག་ཏུ་གྱུར་བའི་ལག་པ་སྦོམ་པོ་ཟུང་རྐྱོང་ཙམ་གྱིས“ང་ཚོར་རྣམ་ཀུན་བློ་གཏད་ཆོག་པའི་གྲོགས་མོ་ཞིག་ཡོད”ཅེས་དེ་སྐད་ལབ་པར། མའེ་གྷེ་ན་རེ“སྐབས་ལན་རེར་ང་ཚོ་ཚང་མ་ཁོ་མོའི་རྩིབ་ལ་འདུས་ཤིང་འཚང་སྟེ། ཁོ་མོ་འཕྲོག་རྩོད་བྱེད་ཀྱི་ཡོད”
“འཕྲོག་རྩོད”ཅེས་པའི་མིང་བརྡ་རྫོབ་པོ་འདིས་སལ་བེ་ཡཱར་ཕོག་ཐུགས་བཟོས་སོང་བ་འདྲ།
“རྒྱུ་མཚན། ཁྱོ་བོ་ལའེ་ཨན་དང་ངེད་གཉིས་ལ་ཤུལ་མ་ཐོགས་པས”ཞེས་ཁོང་མོ་ན་རེ“གཅིག་བྱས་ན་འདི་ནི་ཨ་མ་ཞིག་གི་བརྩེ་གདུང་ལས་ཕྱུང་བའི་གླེན་རྟགས་ཤིག་ཡིན་ངེས”
ཡིན་རུང་། དེང་གི་སྨན་ཤར་ཚོ་བདག་མོ་ཁིར་ལཱ་དང་ཡེ་མི་འདྲ། ཚང་མ་དེ་འདྲའི་ཞི་འཇམ་བག་ཡངས་ཤིག་མིན་པ་སལ་བེ་ཡཱས་ཕྱིར་དྲན་གནང་གི་ཡོད། ཁ་སྔོན་ཁོང་མོ་གྷི་རེ་སི་ན་ཡོད་དུས། དོ་ཁུར་དང་གཏོང་ཕོད་ཡོད་མེད་ཀྱི་གྲོགས་ཕོ་མོ་གང་མང་ཞིག་ཁོང་མོའི་འགྲོ་ཡ་འདུག་རོགས་ཡིན།
ཕལ་ཆེར་གསོལ་རས་དེས་ཁོང་མོར་སྡང་སེམས་ཤིག་བསྐྱེད་ཡོད་བཟོ་འདུག ཧ་ལམ་སྡང་སེམས་དེའི་དབང་གིས། མོས་ཇ་ཕོར་གསུག་འཐེན་ཞིག་བྱས་ཡོད་ཤག་རེད།
“གྷི་རེ་སིའི་ཡུལ་དུ་ཁྱོད་རང་ཆེས་དགའ་སྙིང་འདོད་པ་ཞིག་ནི”ཞེས་སལ་བེ་ཡཱས་ཅུང་བློ་ཧུར་པོའི་སྒོ་ནས“ར་མ་རེད་ཅིང་། ར་མ་དེ་དག་རང་གི་ལོ་ན་ཚོད་ལས་གཟུགས་བོངས་ཤིན་ཏུ་ཆུང་ཁར། ལ་ལ་ཞིག་ཁྲ་ཁྲ་དང་རེ་འགའ་ཞིག་དཀར་དཀར་རེད། ར་མ་དེ་དག་བྲག་ངོས་ནས་ས་མཆོངས་གནམ་མཆོངས་བྱེད་སྟངས་དེ་ནི་ངོ་མ་ཡུལ་ལུང་དེའི་མི་མ་ཡིན་ (ཡུལ་ལྷར་གོ) འགའ་ཞིག་དང་གཉིས་སུ་མི་འདུག”ཅེས་དེ་ལྟར་སྨྲ་བཞིན། རྫ་ནི་རྫུན་ནེ་ངང་ལ་ཁོང་མོ་བགད་བྱུང་། ཁོང་མོ་རང་དབང་མེད་པར་བགད་བྱུང་། “གལ་ཏེ། ར་མ་དེ་དག་གི་རྭ་སྟེང་ལ་མཛེས་རྒྱན་སྤྲས་ཡོད་ཚེ། ང་དེ་འདྲ་ཧ་ལས་ཧོན་འཐོར་མི་སྲིད། ཁྱེད་ཚང་གི་ར་མ་ཆུང་ཆུང་དེ་ཅི་འདྲ་རེད། ངས་ཁོ་མོའི་མིང་མི་དྲན་པར་འདུག”
ཁིར་ལཱ་ན་རེ“ཧྥི་ལའོ་རཱ”
“ཧྥི་ལའོ་རཱ”
“མོ་བོར་སོང”
“བོར་སོང་ངམ། ཁྱོས་མོ་བཙོངས་པ་ཡིན་ནམ”
“མོ་མཐོང་ཡ་མི་འདུག ངེད་གཉི་གས་མོ་གར་སོང་གང་ཡོད་མི་ཤེས”
“ཨ་ཙི། སྐྱོ་བ་ལ། སྐྱོ་བ་ལ། དེས་ན་ད་མོ་ཕྱིར་འོང་མེད་པ་རེད་དམ”
དྲིས་ལན་མ་བྱུང་། སལ་བེ་ཡཱས་ཁོ་མོར་མིག་ཧྲིག་གེར་བལྟས། ད་རག་བར་དུ་མོས་དེ་ལྟར་ལྟ་མི་ཕོད། མོས་ཁིར་ལཱའི་མཆི་ཞགས་འཁོར་བའི་མིག་ཟུང་དང་ནག་དྲེག་ཆགས་པའི་ངོ་གདོང____དྲང་མོར་བཤད་ན་ཧ་ཅང་བཙོག____ད་དུང་ཁོ་མོ་རེ་ཆད་ཡིད་གདུང་གིས་བཟི་ཡོམ་ཡོམ་དུ་འདུག་པ་མཐོང་བྱུང་།
ཁིར་ལཱ་ཁོང་མོའི་ཅེར་མིག་ལས་གཡོལ་མ་བྱུང་། མོས་མ་ཁར་སོ་བཏབ་ནས་མིག་གཉིས་བཙུམས་ནས་བསྡད། མགྲིན་པ་བརྣངས་ཏེ་ངུ་ཟུག་མི་ནུས་པའི་ཅེ་སྤྱང་ཞིག་ལྟར། མོ་སྐབས་རེར་མདུན་ལ་གཡོ་ཙམ་ལན་རེར་རྒྱབ་ཏུ་འཁྱོམ་ཙམ་བྱེད། དེའི་རྗེས་མོས་སྐྱོ་གདུང་གི་ངུད་མོ་བྱེད། མོས་ངུ་ངག་འབྱིན། མོས་མིག་ཆུ་བཀུ། མོས་ཤུགས་རིང་འཐེན། མོའི་མཁུར་ཚོས་ཟུང་གི་སུལ་ཏུ་མཆི་མ་རྡོག་རིལ་རིལ་འགྲིལ། ཁོའི་སྣོམ་བྱེད་ཟུང་གི་བུ་ག་ནས་སྣབས་ཆུ་ལྷུག་ལྷུག་ལུད། མོས་མཐའ་འཁོར་ལ་བལྟས་ནས་མིག་ཆུ་དང་སྣབས་ཆུ་འབོ་ས་ཞིག་བཙལ། དེ་འཕྲལ་སལ་བེ་ཡཱ་མྱུར་མོར་སོང་ནས་གཙང་ཤོག་སྤར་མོ་གང་ཁྱེར་ཡོང་།
“ད་སེམས་ཚེགས་མ་བྱེད། འདི། གཙང་ཤོག སྐྱོན་ཡོད་ནི་མ་རེད”ཅེས་མོས་དེ་སྐད་སེམས་གསོ་གཏོང་གིན། མོས་ཁིར་ལཱ་རང་གི་པང་དུ་བཟུང་ན་སྙམ། གཅིག་བྱས་ན་མོར་དེ་ལས་གདུང་བ་བསྐྱེད་སྲིད་པས། མོས་དེ་ལྟར་བྱེད་སྙིང་མི་འདོད། གཅིག་བྱས་ན་ཁིར་ལཱར་ཡང་དེ་ལྟར་བྱེད་པའི་སེམས་འདུན་མེད་སྲིད། དྲང་མོར་བཤད་ན། འཁུན་སྒྲ་དེས་ཁོང་མོར་ཇི་འདྲའི་དངངས་འཚབ་སྐྱི་གཡའ་བ་ཞིག་བསླངས་ཡོད་ཨང་།
ཁིར་ལཱས་ཡང་ནས་བསྐྱར་དུ་སྐད་ཆ་ལྡབ་ལྡིབ་ཅིག་ལབ།
“ངོ་མ་བྱ་བཙོག་གི”ཁོང་མོ་ན་རེ”ངོ་མ་བྱ་བཙོག་གི”
“མ་རེད་མ་རེད། དེ་འདྲ་མ་རེད། སྐབས་ལན་རེར་ང་ཚོ་མི་སུ་ཞིག་ཡིན་རུང་། ངུ་སྙིང་སྐྱེས་དུས་ཡོད་པ་རེད། སྐྱོན་ཡོད་ནི་མ་རེད། སེམས་ཁུར་མི་གནང་བར་འཚལ”
“ངོ་མ་འཇིགས་སུ་རུང་བ་ཞིག་རེད”
ཁིར་ལཱས་ཁད་ཁད་ཀྱིས་འཕྱུར་བའི་གདུང་བ་མ་ལུས་ཕྱི་རུ་བྱོ་རྗེས། སླར་ཡང་ཞེ་སེམས་ལྷོད་ལ་བབས་པའི་ངང་ཚུལ་དེར། སལ་བེ་ཡཱས་ངོ་མ་བཟོད་དཀའ། ངང་ཚུལ་དེ་ནི་རྣམ་ཀུན་ཁོང་མོའི་གཞུང་ལས་ཁང་གི་མིག་ཆུས་བརླན་པའི་སློབ་མ་ཚོའི་གྲས་ཀྱི་གཅིག་དང་འདྲ་བོ་ཡོད། དེ་ཚོའི་གྲས་ཀྱི་ལ་ལ་ཞིག་རང་རང་གི་བསམ་འདུན་བཞིན་མ་འགྲུབ་པའི་རྒྱུགས་འབྲས་ཀྱི་དོགས་གནད་གླེང་ནས་ཕེ་འདེབས་པ་དང་། རེ་ཟུང་གི་མིག་ཆུ་ཕ་མའི་སྡིགས་མོའམ། བརྩེ་དུང་གི་རྩོད་གླེང་། ཡང་མིན་ན་མངུལ་སྦྲུམ་པའི་དཀའ་རྙོག་གི་དོན་དུ་ལུད་ཡོང་གི་ཡོད།
“ཁྱོད་ངུ་དོན་ར་མའི་དོན་དུ་ཡིན་ནམ”
“མིན”
“དེ་ན་ཅི་ཙུག་གི་ཆེད་དུ་ཡིན་ནམ”
ཁིར་ལཱས“ངས་ངོ་མ་སྲོན་དཀའ”ཟེར།
མོས་སྲོན་དཀའ་བའི་དོན་དག་ག་རེ་ཡིན་ནམ།
ཡང་སྙིང་ཁྱོ་བོའི་ལན་རྐྱེན་ཡིན་རྒྱུ་རེད། ཁོ་ནམ་རྒྱུན་བཟའ་མོའི་སྟེང་ལ་ཚིག་པ་ཟ་ཡོང་། ཁྱོ་བོ་མོའི་སྟེང་ལ་སྡང་སེམས་ཆེ་བ་འདྲ་བས། ཁོ་མོར་ངོ་མ་བྱ་ཐབས་མི་འདུག འདི་ལྟར་ཁོའི་མཉམ་དུ་འཚོ་བ་འཕྱིད་པ་དེས་ཁོ་མོ་སྨྱོ་རུ་འཇུག་གིན་གདའ། སྐབས་རེར་མོས་རང་ཉིད་སྨྱོས་འདུག་སྙམ་དུ་བསམས།
“ཁིར་ལཱ། ཁོས་ཁྱོད་ལ་གཅར་རྡུང་བྱེད་ཀྱི་འདུག་གམ”
མི་སྲིད། ཁྱོ་བོས་མོར་གཅར་མི་སྲིད་ཀྱང་། ཁྱོ་བོ་མོའི་སྟེང་ལ་སྡང་སེམས་ཆེ། ཁྱོ་བོས་མོར་མཐོང་ཆུང་བྱེད། མོ་ངུ་ཐེངས་རེར་ཁྱོ་བོས་སྲོན་མི་ཐུབ། ཁྱོ་བོ་སྨྱོས་འདུག་པ་འདྲ་བས། མོ་རང་དབང་མེད་པར་ངུ་སྙིང་སྐྱེས། མོར་ངོ་མ་བྱ་ཐབས་བྲལ་ཞིང་འདུག
སལ་བེ་ཡཱས“སྤྱིར་དོན་དག་འདི་ཅི་ལྟར་ཐག་གཅོད་བྱེད་རྒྱུ་དེ་ཁྱོད་རང་ཉིད་ཀྱིས་ཤེས་རྒྱུ་རེད”ཅེས་དེ་སྐད་ལབ་བྱུང་།
“གལ་ཏེ་ནུས་ན་ནི། ང་ཁོ་དང་ཁ་འགྱེ་ངེས་ཡིན”ཞེས་ཁིར་ལཱས་ཡང་བསྐྱར་ངུ་བཤད་བྱས་བྱུང“ངས་ཁྱིམ་ཚང་འདིའི་ཡོད་ཚད་ཁོར་བྱིན་བྱས་ནས་ང་ས་ཆ་གཞན་ཞིག་ལ་འབྲོ་ངེས་ཡིན། འོན་ཀྱང་ངས་དེ་ལྟ་མི་ཕོད། ང་ལ་ཤོག་དངུལ་མེད། འཇིག་རྟེན་མི་ཡུལ་འདིར་ང་འགྲོ་སའི་གནས་ཤིག་ཡེ་ནས་མེད”
“ཨེ། གསོན་དང་། དེ་དངོས་གནས་ཡིན་ནམ”ཞེས་སལ་བེ་ཡཱས་ཅིག་ཤེས་མདོག་མཁས་མདོག་བཏོད་ནས“ཁྱོད་ལ་ཕ་མ་མེད་དམ། ཁྱོས་ང་ལ་ཁྱོད་ཤར་རྒྱུད་གྲོང་ཁྱེར་ཁན་སི་ཐོན་ (Kingston) དུ་འཚར་ལོངས་བྱུང་བའི་གནས་སྟངས་བཤད་ན་འགྲིག་གམ། དེ་གར་ཁྱོད་ལ་ཡུལ་མི་གཅིག་ཀྱང་མེད་པ་ཡིན་ནམ”ཞེས་དེ་སྐད་དྲིས།
ཁོ་མོའི་ཕ་མ་གཉི་ག་ཁེ་ན་ཊའི་ (Canada) ནུབ་གླིང་མངའ་སྡེ་ཁའོ་ལམ་བྷེ་ཡཱ་ (British Columbia) རུ་གནས་སྤར་ཟིན། ཁོང་གཉིས་ཁིར་ལཱ་ལ་ཁྱོན་ནས་མི་དགའ། སྔོན་ཆད་ཁོ་མོ་ཁ་རོག་ལ་བྲོས་སོང་ནས་གཉེན་སྒྲིག་རྗེས། ཁོང་གཉི་གས་མོའི་ཤི་གསོན་ལ་ཁ་ཡ་མི་བྱེད།
ཁོ་མོར་མིང་སྲིང་འདྲ་ཡོད་དམ།
ཁོ་མོར་ལོ་ན་དགུས་ཆེ་བའི་མིང་པོ་ཞིག་ཡོད། ཁོ་གཉེན་སྒྲིག་ནས་ལྷོ་རྒྱུད་གྲོང་ཁྱེར་ཐའོ་རོན་ཐོ་ (Toronto) རུ་འཚོ་ཞིང་། ཁོ་ཡང་ཁོ་མོར་མི་དགའ། ཁོས་ཀྱང་ཁོ་མོར་ཁ་ཡ་ཁྱོན་ནས་མི་བྱེད། ཁོའི་བཟའ་མོ་ནི་ཞེན་པ་ལོག་པའི་བུད་མེད་གཡོ་སྒྱུ་ཅན་ཞིག་ཡིན་པར་འདུག
“ཁྱོས་བུད་མེད་ཀྱི་སྐྱབས་གནས་ལ་བསམ་གཞིག་བྱས་མྱོང་ངམ”
“ཁོ་ཚོས་ཁྱོད་ལ་བརྙེས་བཅོས་དང་དམའ་འབེབ་ཐེབས་རག་བར་དུ། ཁྱོད་རང་མི་འདོད། བསམ་སྦྱོར་འདི་སྐྱེས་འགྲོ་ཀུན་པོས་རྟོགས་སྲིད་ཅིང་། འདི་ང་ཚོ་བུད་མེད་རྣམས་ཀྱི་ཡིད་རབ་ཏུ་གདུང་བའི་སྐྱོ་གར་ཞིག་ཡིན་ངེས”
སལ་བེ་ཡཱ་འཛུམ་དམུལ་དམུལ་ངང་ལ“ད་ནི་དཀའ་གནད་འདིར་བསམ་གཞིག་བྱེད་པའི་དུས་ལ་བབ་ཡོད་དམ”ཟེར།
དེའི་རྗེས་ཁིར་ལཱ་ངུ་མ་དགོད་ཀྱིས“དེ་ངས་ཤེས་ཡོད”ཅེས་ཁོ་མོ་ན་རེ“ང་ངོ་མ་སྨྱོས་འདུག་པ་འདྲ”
“ཉོན་དང”ཞེས་སལ་བེ་ཡཱས“ང་ལ་དོག་ཙམ་གསོན་དང་། གལ་ཏེ་ཁྱོད་ཕྱི་ལ་འབྲོ་བའི་ཤོག་དངུལ་ཡོད་ཀྱང་། ཁྱོད་ག་བར་འགྲོ་རྒྱུ། ཁྱོས་ཅི་ཙུག་ལས་རྒྱུ”ཞེས་དེ་སྐད་དྲིས་བྱུང་།
“ང་ལྷོ་རྒྱུད་གྲོང་ཁྱེར་ཐའོ་རོན་ཐོ་རུ་འགྱོ་རྒྱུ”ཞེས་གྲ་སྒྲིག་དང་སེམས་ཐག་ཆོད་པའི་སྒོ་ནས་ཁིར་ལཱས“ཡིན་ན་ཡང་། ང་ཕུ་བོའི་ཉེ་བར་བཏུད་མི་འདོད། དེ་ལས་ང་རང་འདྲུད་འཁོར་སྡོད་ཁང་ཅིག་ཏུ་འཚོ་བ་དང་། ང་ལ་རྟ་རའི་ལས་ཀ་འོས་མོ་ཞིག་རེག་ངེས་ཡིན”ཟེར།
“ཁྱོད་ལ་ལས་རིགས་དེ་བསྒྲུབ་པའི་གདེང་ཚད་ཡོད་དམ”
“ང་སྔོན་ཆད་ཁི་ལིར་ཁིར་ཕྲད་པའི་དབྱར་གཞུང་དེར། ངས་རྟ་ར་ཞིག་ན་ལས་ཀ་ལས་ཀྱི་ཡོད། ད་ཆར་ང་ལ་སྔར་བས་ཀྱང་ལས་རིགས་དེའི་ཐད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཐོབ་ཡོད”
“དེ་ན་ཤོག་དངུལ་མེད་པས། ད་རག་བར་ཁྱོད་ལ་བྱ་ཐབས་ཟད་པ་ཡིན་ནམ”
ཁིར་ལཱས་དབུགས་རིང་འབྱིན་བཞིན“ཨོ་ལེ། ཤོག་དངུལ་མེད་པས། ང་ལ་ངོ་མ་བྱ་ཐབས་ཤིག་མི་འདུག”ཟེར།
“རེད་རེད”ཅེས་སལ་བེ་ཡཱས“དེ་ན་ངའི་བསམ་ཚུལ་ལ་གསོན་དང་། ཁྱོད་འདྲུད་འཁོར་སྡོད་ཁང་དུ་འདུག་དགོས་དོན་མེད་སྙམ། ཁྱོད་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ནས་ཐའོ་རོན་ཐོ་གྲོང་ཁྱེར་དུ་སོང་ཆོག་ལ། དེ་གར་ངའི་གྲོགས་མོ་ཞིག་གི་ཁྱིམ་དུ་བསྡད་ཆོག ཁོ་མོའི་མིང་ལ་རའོ་ཐི.སི་ཊལ་སི་ (Ruth Stiles) ཟེར། ཁོ་མོ་ཚང་གི་ཁང་ཁྱིམ་ཧ་ཅང་ཆེ་ཁར། མོ་གཅིག་པུ་བསྡད་ཡོད་པས། ཁྱོད་དེ་གར་སྡོད་པར་ཁོ་མོས་སྡང་སྡིགས་འདྲ་བསྟོན་མི་སྲིད། ལས་ཀ་ཞིག་རྙེད་རག་བར་དུ་ཁྱོད་དེ་གར་སྡོད་དང་། ངས་ཁྱོད་ལ་འཚོ་བའི་རོགས་དངུལ་བསྐུར་ཆོག ཐའོ་རོན་ཐོ་གྲོང་ཁྱེར་མཐའ་འཁོར་ན་རྟ་རའི་ལས་རིགས་མང་པོ་ཡོད་ངེས”ཟེར།
“ཨོ་ལེ། དེ་གར་རྟ་རའི་ལས་རིགས་མང་པོ་བདོག་སྲིད”
“ཁྱོད་རང་གིས་བལྟས་ན་ཅི་འདྲ་རེད། དེས་ན། ངས་ཁ་པར་བཏང་ནས་སྤྱི་སྤྱོད་རླངས་འཁོར་དུས་ཚོད་ག་ཚོད་སྟེང་འགྲོ་ཡི་ཡོད་མེད་དྲིས་ན་ཅི་འདྲ་རེད”
ཁིར་ལཱས་དེ་ཆོག་གི་ཟེར། ཁོ་མོ་འཇིགས་སྣང་གིས་འདར་སིག་སིག མགོ་བོ་དགྱེ་ནས་གཡས་གཡོན་ལ་ལྟ་བཞིན། ཉེར་མཁོའི་ཅ་ག་རྩག་རྩིག་བསྡུ་གསོག་བརྒྱབ།
“ངོ་མ་ངའི་རྣར་མི་འགྱོ་གི”ཞེས་ཁོ་མོ་ན་རེ“ངས་ཁྱེད་ལ་སྐྱིན་པ་འཇལ་ཁོ་ཐག་ཡིན། ཁྱེད་ལ་ངོ་མ་བཀའ་དྲིན་ཆེ། ངས་ཁྱེད་ལ་སྐྱིན་པ་འཇལ་ཁོ་ཐག་ཡིན། དེ་མིན་ངས་ཁྱོད་ལ་ཅི་ཙུག་བཤད་དགོས་པའང་མི་ཤེས”
སྐབས་དེ་ཤེད་དུ་སལ་བེ་ཡཱས་འགྲུལ་སྐྱོད་རླངས་འཁོར་ཞབས་ཞུ་ཁང་ལ་ཁ་པར་གཏོང་གི་ཡོད།
“ཉོན་དང་། ངས་རླངས་འཁོར་འགྲོ་བའི་དུས་ཚོད་ཤེས་སོང”ཞེས་ཁོང་མོས་ཞིབ་ཏུ་ཐེངས་གཅིག་ཉན་རྗེས་ཁ་པར་གྱི་སྒོ་གཏན་བྱུང” “ཁྱོས་ང་ལ་གཡར་དངུལ་སྟེར་བ་ངས་ཤེས་ཡོད། གལ་སྲིད་ཁྱོད་ཕར་སོང་ནས་ལྕམ་རའོ་ཐི་ཚང་ནས་འདུག་རྒྱུ་ཡིན་ན། ངས་མོར་ལབ་ཆོག ཡིན་ན་ཡང”ཞེས་ཁོང་མོས་ཁིར་ལཱའི་དོར་ཐུང་དང་སྟོད་ཐུང་ལ་བལྟ་ནས“ཁྱོས་གྱོན་པ་འདི་དག་གྱོན་ནས་འགྱོ་སྲོལ་མི་འདུག”ཟེར།
“ཡིན་རུང་། ད་ང་ཕྱིར་ཁྱིམ་ལ་གོན་པ་ལེན་དུ་འགྲོ་མི་ཕོད”ཅེས་ཁིར་ལཱ་ཅུང་ཞེད་སྣང་ངང་ན་རེ“ང་འདི་ལྟར་སོང་ཡང་མི་ལེགས་པ་ཅི་ཡོད”
“ནུབ་མོར་འགྲུལ་སྐྱོད་རླངས་འཁོར་ནང་ཧ་ཅང་འཁྱག་པས། ཁྱོད་གྲང་ངར་གྱིས་ཕྱིད་ཀྱི་རེད། འུ་གཉིས་ཀྱི་གཟུགས་པོའི་རིང་ཚད་གཅིག་པ་མིན་ནམ། གཅིག་བྱས་ན་ང་ལ་ཁྱོས་གྱོན་ཆོག་པའི་གྱོན་པ་འདྲ་ཡོད་སྲིད”
ཁིར་ལཱ་ན་རེ“ཁྱོད་ང་ལས་ལྡབ་བཅུས་སྐམ་ཞིང་རིད་འདུག”
“ངོ་མ་སྔོན་ཆད་ང་འདི་འདྲ་སྐམ་གྱོང་ཞིག་མིན་པ་འདྲ”
མཐའ་གཞུག་ཁོ་མོ་གཉི་གིས་སྲིང་སྐུད་ཁམ་ནག་གིས་འཐག་པའི་སྟོད་གོས་_____འདི་སྔོན་ཆད་སལ་བེ་ཡཱས་རང་ལ་མི་མཛའ་བར་དོགས་ནས་མ་བགོས་པའི་སྟོད་ཐུང་ཞིག་སྟེ། བཟོ་ལྟ་ཧ་ཅང་ངོ་མཚར་བོ་ཞིག་ཏུ་འདུག_____ཤིག་དང་དར་གོས་ཀྱི་ནང་ལཱ་དཀར་པོ་ཞིག་གྱོན་རྒྱུ་བྱས། ཡིན་ན་ཡང་ཁིར་ལཱའི་རྐང་བ་གཉིས་སལ་བེ་ཡཱའི་རྐང་བའི་ཆེ་ཆུང་ལས་ལྡབ་འགྱུར་གྱིས་ཆེ་བས། མོས་རས་ལྷམ་དེ་གཉིས་རང་དགར་མི་གྱོན་ཐུ་མེད་རེད།
ནངས་མོ་དེར་སེམས་ཁམས་ཧ་ཅང་སྐྱིད་པས། ཁིར་ལཱ་གཟུགས་པོ་བཀྲུ་བར་བུད་སོང་། སལ་བེ་ཡཱས་གྲོགས་མོ་རའོ་ཐི་ལ་ཁ་པར་བཏང་། ཕྱི་དྲོ་དེར་འཚོགས་འདུ་ཞིག་ཡོད་པས། རའོ་ཐི་ཕྱི་ལོགས་ལ་འགྱོ་དགོས་མོད། འོན་ཀྱང་མོས་ལྡེ་མིག་ཐོག་རྩེག་གཉིས་པའི་ཁང་བདག་ཚང་ལ་འཇོག་ཟེར་བས། ཁིར་ལཱ་སོང་ནས་ཁོང་ཚང་གི་སྒོ་དྲིལ་གནན་པས་ཆོག།
“རླངས་འཁོར་འབབ་ཚིགས་ནས་གླ་གཏོང་རླངས་འཁོར་གླ་དགོས། མོས་དེ་ལྟར་བྱ་ཐུབ་བམ”ཞེས་གྲོགས་མོ་རའོ་ཐིས་དེ་ལྟར་སེམས་ཁྲལ་གནང་།
སལ་བེ་ཡཱ་དགོད་བཞིན“སེམས་ཁུར་གནང་དགོས་ནི་མ་རེད། ཁོ་མོ་དཀའ་སྡུག་ལ་འཕྲད་པའི་གང་ཟག་ཅིག་ཡིན་པ་ལས། ཞ་འཐེང་དུ་གྱུར་བའི་བྱ་གག་ཅིག་མ་རེད་མོ”ཟེར།
“དེས་ན་བཟང་གི། ཁོ་མོ་བདེ་མོ་འཚམས་པོར་ཡོང་ཐུབ་ན་བཟང་གི”
སལ་བེ་ཡཱས་ཡང་བསྐྱར“ཁོ་མོ་རྐང་ལག་ཞ་འཐེང་དུ་གྱུར་བའི་བྱ་གག་ཅིག་མ་རེད་མོ”ཞེས་ཁིར་ལཱས་རས་ཀྱིས་བཟོས་པའི་རྐང་སྣམ་ཞིག་དང་སྲིང་སྐུད་ཀྱིས་འཐེག་པའི་སྟོད་ཐུང་ཚད་དང་རན་པ་དེ་གྱོན་བཞིན་པར་བལྟས་ནས། ད་ཅི་ཉམ་ཐག་ཡིད་མུག་ཏུ་སྣང་བའི་གཞོན་ནུ་མ་དེས་ཤོམ་ལྭ་འདི་དག་གོན་རྗེས། ཇི་འདྲའི་འཇོ་སྒེག་ཡིད་འོང་གི་སྨན་ཤར་ཞིག་ཏུ་གྱུར་འདུག་ཨང་སྙམ།
ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་ཉི་ཤུའི་སྟེང་སྤྱི་སྤྱོད་རླངས་འཁོར་གྲོང་རྡལ་འདི་གར་འདུག་ངེས། སལ་བེ་ཡཱས་དྲོས་ཇར་སྒོ་ང་འགའ་བརྔོས་རྗེས། ཅོག་ཁེབས་སྔོ་ནག་ཅིག་བཀབ་པའི་མདུན་ཅོག་དེའི་འཁྲིས་སུ་བསྡད་དེ། ཆུ་ཤེལ་འདྲ་བའི་ཤེལ་ཕོར་འགའ་མར་བླངས་པ་དང་དེ་ནས་རྒུན་ཆང་དམ་བུ་གང་གི་ཁ་གཅོད་ཕྱེས།
ཁིར་ལཱས་གཟུགས་པོ་གཙང་མར་བཀྲུས་རྗེས། གཡར་ལྭ་དག་བགོས་ནས་ཁྲུས་ཁང་གི་ཕྱི་ལ་ཐོན་འོང་། སལ་བེ་ཡཱས“ད་ཁྱོས་ཟ་མ་ཟོ”ཞེས་དེ་སྐད་འགྲུལ་གཙི་བྱས། མོའི་དཀར་ལ་འཇམ་ཞིང་གྲོ་ཐིག་གིས་ཁེངས་པའི་ལུས་པོ་ཆུ་རིས་ཤིག་ཤིག མོའི་ལྷུག་པོར་ཞོམ་ཞིང་ཆུ་ཟིལ་ཕྲུམ་ཕྲུམ་གྱི་སྐྲ་ལོ་ནག་ཀྲིག་ཀྲིག ད་ཅི་སུ་ལུར་འཁྱིལ་བའི་དབྱིབས་ཀྱང་ད་ནི་ཟིང་ཟིང་དུ་གཟེངས་འདུག མོས་ང་ལྟོགས་ཀི་ཟེར་མོད། འོན་ཀྱང་འདར་སིག་སིག་གི་ལག་པས་སྒོ་ང་བརྔོས་མ་ཚེབ་ཐུར་གང་ཡང་ཁ་ནང་ལ་འཇོག་མི་ཐུབ་པར་འདུག
“ཅི་ཙུག་ལ། ང་འདི་ལྟར་སྐྲག་འདར་འཆོར་དོན་ངས་ངོ་མ་མི་ཤེས”ཞེས་ཁོ་མོ་ན་རེ“དངོས་གནས་བྲེལ་འཚུབ་ལངས་འདུག་པ་འདྲ། དོན་དག་འདི་འདི་འདྲའི་སླ་མོ་ཞིག་ཡིན་པ་ངའི་སེམས་ལའང་མ་དྲན”
“ཨོ་ལེ། ཇི་འདྲའི་གློ་རྒྱག་ཅིག་རེད་ཨང”ཞེས་སལ་བེ་ཡཱས་གཡོ་ཟོལ་རྫབ་རྫུབ་ངང་ལ“གཅིག་བྱས་ན་འདི་དོན་དངོས་སུ་འགྱུར་མི་སྲིད་ནའང་ཐང”ཟེར།
“ཡིན་ན་ཡང་། འདི་དོན་དངོས་རེད། ད་ཡོད་ཚད་དོན་དངོས་སུ་གྱུར་འདུག་པ་འདྲ། འདི་སྔོན་ཆད་ང་རང་ག་བྱེད་འདི་བྱེད་ཆ་མ་འཚལ་བའི་གནས་སྐབས་དེ་དང་ཧ་ཅང་འདྲ་བོ་འདུག”
“འདི་གཅིག་བྱས་ན། ཁྱོས་རང་སེམས་ནས་དོན་དག་ཅིག་ཐག་གཅོད་དུས། ཁྱོས་ངོ་མ་སེམས་ཐག་གཙང་མར་བཅད་ཟིན་པའམ། ཡང་མིན་ན་དོན་དག་འདི་འདི་ལྟར་སྒྲུབ་དགོས་པ་ཞིག་གམ། རང་བཞིན་གྱིས་འདི་ལྟར་འགྲུབ་པ་ཞིག་ཡིན་སྲིད་ཀྱི་རེད”
“ཁྱེད་ཀྱི་གྲོགས་མོ་དེ་ཡང”ཞེས་ཁིར་ལཱས་རང་རྟོན་གྱིས་ཁེངས་པའི་དགྱེ་འཛུམ་ཞིག་སྟོན་བཞིན“ཁྱོད་ལྟ་བུའི་གྲོགས་མོ་བཟང་མོ་ཞིག་ཡིན་ངེས”ཟེར་ཞོར། ལག་གི་སོ་གྲི་དང་ཚེབ་ཐུར་མར་བཞག་ནས་རྒུན་ཆང་གི་ཤེལ་ཕོར་ཡར་བཏེགས་ཏེ“སྤྱིར་ངས་ཆང་བཏུང་ན་མི་བཟང་མོད”ཅེས་ཁོ་མོ་ཅུང་དོགས་མི་བདེ་བའི་ངང་ལ“འོན་ཀྱང་གྲོགས་མོ་དེའི་ཆད་དུ། ངས་ཆང་ཕོར་གང་བོ་འདི་བཏུང་ཆོག”ཟེར།
“ང་ཡང་དེ་བཞིན་ཡིན”ཞེས་སལ་བེ་ཡཱས་གཡོ་རྫུའི་སྤྲོ་ཉམས་ཤིག་བཏོད་ཅིང་། ཡུད་ཙམ་རྗེས་སུ་མོས་སླར་ཡང་ན་རེ“ཁྱོས་ཁོར་ཁ་པར་གཏོང་རྒྱུ་ཡིན་ནམ། ཡང་ན་ཅི་ཙུག་བྱེད་རྒྱུ། ཁོས་ཀྱང་ཤེས་ན་ལེགས། ཁོས་ཁྱོད་ཡུལ་ན་ལོས་ཡོད་སྙམ་དུ་སྡོད་པའི་གནས་སྐབས་འདིར། མ་མཐར་ཡང་ཁོས་ཁྱོད་གར་སོང་གང་ཡོད་གསལ་བོར་ཤེས་ན་ལེགས”
“ཁ་པར་མི་གཏོང”ཞེས་ཁིར་ལཱ་གློ་རྒྱག་ལ་འདྲོག་ལང་བྱུང“ངས་ཁ་པར་གཏོང་མི་ཕོད། ཡང་མིན་ན་ཁྱོས་་་”
“མི་ཐུབ”སལ་བེ་ཡཱ་ན་རེ“མི་ཐུབ”
“མིན། ངས་ཁ་པར་བཏང་ན། དེ་གླེན་རྟགས་བསྟན་པ་མ་ཡིན་ནམ། གནས་ཚུལ་འདི་ངས་ཁོར་མ་བཤད་ན་དགའ། ངས་ཁོར་ཐད་ཀར་ལབ་མི་ཕོད། ངས་བྱ་ཕོད་པ་ཞིག་ནི་ངེད་ཚང་གི་ཡིག་སྒམ་ནང་བརྡ་འཕྲིན་ཞིག་འཇོག་རྒྱུ་དེ་ཡིན་མོད། འོན་ཀྱང་རབ་ཡིན་ན། བརྡ་འཕྲིན་དེ་ཡང་ཁོས་ལམ་སང་མ་མཐོང་ན་འདོད། མ་ཟད་འུ་གཉི་གས་རླངས་འཁོར་བསྐོར་ནས་གྲོང་རྡལ་ལ་འགྲོ་དུས་ཀྱང་། རབ་ཡིན་ན། དེ་འདྲ་བྲེལ་བྲེལ་འཚབ་འཚུབ་ངང་ལ་མ་སོང་ན་དགའ། ང་ངེད་ཚང་གི་ལྟག་རྒྱབ་བསྐོར་ནས་འགྱོ་སྙམ། གལ་སྲིད་ངས་བརྡ་འཕྲིན་ཞིག་བྲིས་ན____བརྒྱ་ལ་ངས་བརྡ་འཕྲིན་ཞིག་བྲིས་པའི་དབང་དུ་ཆུགས། ཁྱོས་དེ་ཡིག་སྒམ་ནང་འཕང་ནུས་སམ_____ཁྱོད་ཕྱིར་ཡོང་ནས་བརྡ་འཕྲིན་དེ་ངེད་ཚང་གི་ཡིག་སྒམ་ནང་འཕེན་ཐུབ་བམ”
ཐབས་ཤེས་གཞན་མེད་པས། སལ་བེ་ཡཱས་དེ་ལྟར་བྱ་རྒྱུ་ཁས་བླངས། མོས་ཤོག་བུ་དང་སྨྱུ་གུ་ཁྱེར་ཡོང་། མོས་རྒུན་ཆང་ཉུང་ཙམ་བླུགས། ཁིར་ལཱ་བསམ་གཞིག་གི་ཀློང་དུ་ཙོག་པུར་བསྡད་ནས། མོས་བརྗོད་སྙིང་འདོད་པའི་སྐད་ཆ་ཁ་ཤས་ཡིག་གེར་བྲིས།
ང་ཐང་རིང་ཞིག་ལ་བུད་སོང་། ཕྱིས་འབྱུང་གི་གནས་ཚུལ་ངས་ཁྱོད་ལ་འཕྲིན་ཡིག་ཏུ་བསྐུར་ཡོང་ཞེས་པའི་སྐད་ཆ་འདི་སལ་བེ་ཡཱ་རླངས་འཁོར་འབབ་ཚིགས་ནས་ཕྱིར་ལོག་པའི་ལམ་བར་ནས། མོས་འཕྲིན་ཡིག་གི་ལྟེབ་རྩེག་བཤིགས་ནས་བཀླགས་པ་ཡིན། བཀླགས་ནས་ཀྱང་མོའི་སེམས་ལ། ཁིར་ལཱས་ཅི་ཙུག་འབྲི་དགོས་སྙིང་གསལ་བོར་རྟོགས་འདུག་སྙམ།
འདི་ད་ཅི་ཁོ་མོས་ད་ནི་ཅི་ཆ་སྙམ་དུ་མགོ་འཐོམས་ཤིང་སྡོད་པའི་གནས་སྐབས་དེར། མོས་བརྡ་འཕྲིན་ཞིག་བྲིས་ན་ལེགས་ཚུལ་བསྙད་པ་དེ་རེད། གཅིག་བྱས་ན། སྐབས་དེ་ཤེད་དུ་ཁོ་མོ་དངོས་གནས་ཐམ་ཐོམ་ངང་ལ་ག་བྱེད་འདི་བྱེད་ཆ་མ་འཚལ་བར་ལུས་ཡོད་ངེས།
རྒུན་ཆུང་གིས་ཁོ་མོས་གློད་སྙིང་འདོད་པའི་སྐད་ཆ་རེ་རེ་བཞིན་མགྲིན་པའི་ཕྱི་ལ་བྲུས་ཀྱང་། དེ་སྡུག་ཡུས་དང་སེམས་ཚེགས་གང་གི་རམ་འདེགས་ལ་བརྟེན་ནས་ཕྱུང་བ་ཞིག་མིན་ཤས་ཆེ། སྐབས་དེར་མོས་སྔོན་ཆད་རྟ་ར་ཞིག་ནས་ལས་ཀ་ལས་མྱོང་ལུགས་དང་____དེ་དུས་ཁོ་མོ་མཐོ་སློབ་དང་ཁ་གྱེས་པའི་ལོ་དེ། ལོ་ན་བཅོ་བརྒྱད་ལ་སོན་ཙམ་ཡིན____དེ་གར་ཁོ་མོ་དེང་གི་ཁྱོ་བོ་ཁི་ལིར་ཁི་ལ་ཕྲད་ཚུལ། ཕ་མ་གཉི་གས་ཁོ་མོ་མུ་མཐུད་མཐོ་སློབ་ཏུ་ཞུགས་དགོས་པའི་ཁ་ཏ་རེ་སྐུལ་གནང་བར་མོས་དང་དུ་བླངས་ནས། རང་ཉིད་མ་འོངས་པར་ཕྱུགས་ནད་སྨན་པ་ཞིག་བྱ་བའི་རེ་འདུན་བཅངས་པ། མཐོ་སློབ་ཏུ་ཁོ་མོ་གཞན་གྱིས་མཐོང་ཆུང་ཁྱད་གསོད་ཐེབས་པའི་གྲས་ཀྱི་སློབ་མ་གཅིག་ཡིན་ཁར། ཁོ་མོ་གཞན་གྱི་ཁ་འཕྱས་སྙིང་འཕྱས་གཏོང་ཡུལ་དུ་གྱུར་རུང་། མོས་དེ་ལ་ཁ་ཡ་མི་བྱེད་པར། བློ་སེམས་རྩེ་གཅིག་གིས་རང་གི་མི་ཚེའི་རེ་སྙེག་གི་ལམ་ལ་ཞུགས་ཏེ། འབྱུང་འགྱུར་ཁོ་མོ་ཕྱུགས་ཟོག་གི་སྨན་པ་བྱས་ནས། གྲོང་འདབས་ཤིག་ཏུ་འཚོ་བ་སྐྱེལ་རྒྱུའི་ཆོད་སེམས་གཏན་པོར་བཅངས་ཡོད་ལུགས་བརྗོད་བྱུང་།
ཁི་ལིར་ཁི་སྔོན་ཆད་རྟ་ལ་ཞོན་སྟངས་སློབ་མཁན་དགེ་རྒན་མཆོག་ཏུ་གྱུར་བ་ཤིག་ཡིན་པས་མི་ཚད། བུད་མེད་ཚོའི་ཡིད་སེམས་འཆོར་བའི་གསར་ཡག་ཅིག་འདུག་ཚོད་རེད། བུད་མེད་གང་མང་ཞིག་རང་དབང་མེད་པར་ཁོའི་རྗེས་སུ་འབྲངས་ནས། ཁོའི་སློབ་སྟོན་འོག་རྟ་ལ་བཞོན་དུས། ཁོ་མོ་ཚོས་ཁོ་པ་རང་གི་དགེ་རྒན་ཡིན་པའི་འདུ་ཤེས་འཛིན་ཞིང་། དེ་ལྟ་དེ་ལྟར་ཁིར་ལཱས་ཀྱང་ཁོར་ཀུ་རེ་རྩེད་མཚར་སྣ་ཚོགས་བྱེད་ལ། དང་ཐོག་ཁོ་ཡང་ཁོ་མོའི་རྩེད་མཚར་ལ་དགའ་མོད། བསྡད་ཀྱིན་བསྡན་ཀྱིན་ཁོས་དེ་དོན་སྣང་མེད་རྒྱ་ཡན་ལ་བཏང་ཡོང་། དེ་བས། ཁོ་མོས་ཁོའི་སེམས་པ་འགུག་ཐབས་སུ། ཁོའི་འཚོལ་སྙེག་དང་ཁོའི་འཆར་གཞི་ལྟར། གྲོང་རྡལ་དེ་གའི་ས་ཆ་ག་གེ་མོ་ཞིག་ནས་རྟ་ལ་ཞོན་སྟངས་འཆད་འཁྲིད་གནང་སའི་སློབ་གྲྭ་ཞིག་དང་རྟ་ར་ཞིག་གསར་དུ་འཛུག་རྒྱུར་གྲོས་གླེང་བྱས།
ཉི་མ་ཞིག་ལ། མོ་ལས་ཀར་ཡོང་དུས། ཁོས་སྒ་ཆས་དག་ཡར་གདང་ཆའི་སྟེང་ལ་འགེལ་བ་མཐོང་འཕྲལ། ཁོ་མོ་ངོ་མ་ཁོར་ཇི་འདྲ་དགའ་ཞིང་དུངས་པ་ཚོར་འོང་། གཅིག་བྱས་ན། འདི་འདོད་བརྩེ་ཡི་དབང་དུ་གྱུར་བ་ཡིན་ངེས། ངོ་མ་འདི་འདོད་སྲེད་འབའ་ཞིག་གི་དབང་དུ་གྱུར་བ་ལོས་ཡིན།
ལོ་དེའི་སྟོན་ཁར། ཁི་ལིར་ཁིས་ཁོ་མོ་སློབ་བྱོལ་གནང་དགོས་པའི་བླང་བྱ་བཏོན་རུང་། མོས་དང་ལེན་མ་བྱས། ངས་ད་དུང་ལོ་གཅིག་ལ་སློབ་སྦྱོང་བྱ་དགོས་ཞེས་ཁོ་མོས་དེ་ལྟར་བཤད།
ཁི་ལིར་ཁི་མི་རིག་རྒོད་ཅིག་ཡིན་རུང་། ཁོས་མཐོ་སློབ་མཐར་ཕྱིན་རག་བར་དུ་སྒུག་མི་བཟོད། ཐ་ན་ཁོས་རང་གི་ཁྱིམ་མིའི་བར་གྱི་འབྲེལ་བ་སྔ་མོ་ནས་བཅད་ཟིན། ཁོའི་སེམས་ལ། ཁྱིམ་མི་ཟེར་བ་འདི་ཟུངས་ཁྲག་གི་འཁོར་རྒྱུན་འགག་བྱེད་ཀྱི་དུག་སྐྱོན་ཞིག་ཏུ་ངོས་འཛིན་བྱེད།
སྔོན་དུས་ཁོ་སེམས་ནད་སྨན་ཁང་གི་སྨན་ཞབས་པའམ། ལྷོ་རྒྱུད་གྲོང་ཁྱེར་ལེ་ཐི་བྷི་རེ་ཇེ་ (Lethbridge) ནང་ཚུགས་པའི་རླུང་འཕྲིན་ཁང་གི་རྩེད་རིགས་ལེ་ཚན་གྱི་གཙོ་སྐྱོང་བ། ཐན་ཊིར་བྷེ་ (Thunder Bay) གྲོང་ཁྱེར་ཉེ་འགྲམ་གྱི་གླུ་གར་ཚོགས་པའི་ལས་མི། གོམས་བྱང་དུ་གྱུར་བའི་སྐྲ་བཞར་མཁན། ཡང་མིན་ན་དམག་ཆས་ཚོང་ཁང་གི་ཚོང་གཉེར་བ་གང་རུང་ཞིག་བྱ་སྙིང་འདོད་ཡོད། ལས་རིགས་འདི་དག་ཁོས་ཉེ་སྔོན་དགའ་མ་ཁིར་ལཱ་ལ་གླེང་མྱོང་། དེར་བརྟེན། ཁིར་ལཱས་ཁོར་ཇེ་པི་སེ་རའོ་བེར་ (Gypsy Rover) ཞེས་པའི་མཚང་མིང་ཞིག་བཏགས། མཚང་མིང་ངམ་གཅེས་མིང་འདི་མཉམ་ལེན་རོལ་དབྱངས་ཤིག་དང་འབྲེལ་བ་དམ་ཟབ་མཆིས་ཏེ། ཡ་ཐོག་གི་གླུ་དབྱངས་འདི་སྔོན་ཆད་མོའི་ཨ་མ་ལགས་ཀྱིས་ལེན་རྒྱུར་དགའ་ཞིང་། ཕྱིས་སུ་ཁོ་མོས་ཉིན་རྒྱུན་ཁོང་ཚང་གི་ཉེ་འདབས་གཡས་གཡོན་གང་སར་གླུ་དབྱངས་འདི་རང་ལེན། དེའི་མོད་ལ། མོའི་ཨ་མ་ལགས་ཀྱིས་དོན་དག་ཅིག་འབྱུང་རྒྱུ་ཡིན་པ་གསལ་བོར་རྟོགས་འདུག
མདང་ནུབ་ཁོ་མོ་གོས་གདན་བཏིངས་པའི་བྱ་སྤུའི་འབོལ་ཁྲིའི་སྟེང་གཟིམས་པ་ཡིན། དོ་ནུབ་ཁོ་མོ་འཁྱག་ལྷང་ལྷང་གི་ཐང་ངོས་སུ། འཁྱམ་པོ་འདྲ་བའི་སྙིང་སྡུག་གི་འཁྲིས་སུ་ཉལ་སྲིད།
མིག་སྔར་ཨ་མ་ལེགས་ཀྱིས་ཁོ་མོར“ཕོ་གསར་དེས་ནམ་ཉི་མ་ཞིག་ལ་ཁྱོད་སྡུག་ལ་གཏོད་པ་ཁོ་ཐག་རེད”ཅེས་དེ་སྐད་གསུང་ལ། མོའི་ཕ་ཡར____ཁོང་འཆར་འགོད་པ་ཞིག་ཡིན____གྱིས་མག་པ་ཁི་ལིར་ཁི་ནི་གང་ཡང་མི་འཇོན་པའི“མྱི་རྡུགས”ཤིག་ཏུ་འདོད་ཁར། ཁོས་ད་ས་མར་གྱོན་ཆས་ནང་འཛིན་བཟུང་རྒྱང་ཕུད་དུ་བཏང་བའི་འདྲེ་ཤིག་ཅིག་ལྟར། ཁི་ལིར་ཁིའི་མཚང་ལ“འཁྱམ་པོ”ཞེས་འབོད་ཀྱི་ཡོད།
དེ་ལ་ཁི་ལིར་ཁིས“འཁྱམ་པོ་ཞིག་གིས་ཤོག་དངུལ་མང་པོ་བསོགས་ནས་ད་ལྟའི་ཕྱུགས་ར་འདི་འདྲ་ཞིག་ཉོ་ཐུབ་བམ”ཞེས་དང་། ཡང“ད་ངས་ཁྱོད་ལ་རྩོད་གླེང་མི་བྱེད”ཅེས་དེ་ལྟར་ལབ།
ཁོ་མོ་ཁོང་གི་ཤ་ལས་ཆད་པའི་གཅེས་ཕྲུག་མིན་རུང་། ཁོས་དེ་ལྟར་ཁོ་མོར་ཤ་ཚ་ཚ་དང་སྙིང་ཉེ་ཉེ་གནང་གི་ཡོད།
དེའི་རྐྱེན་པས། ཁོ་མོ་ཤུག་ཤུག་ཏུ་ཁི་ལིར་ཁི་ཚང་ལ་གནས་ལ་བྲོས་པ་ཡིན་མོད། ཕ་མ་གཉི་གས་མོར་དེ་ལྟའི་ལྟ་ཚུལ་སྤྱོད་ཚུལ་འཛིན་པར་རྒྱུ་མཚན་ཡེ་ནས་མེད་པ་ག་ལ་ཡིན། ཁོང་གཉི་གས་ནམ་ཉི་མ་ཞིག་ལ་དཀའ་རྙོག་འདི་འདྲ་ཞིག་འབྱུང་རྒྱུ་ཡིན་པ་སྔ་མོ་ནས་ཁ་ཚོན་བཅད་འདུག
“ཁྱོད་ཐའོ་རོན་ཐོ་གྲོང་ཁྱེར་དུ་གནས་བཟུང་གཞིས་ཆགས་རྗེས། ཁྱོས་ཕ་མ་གཉིས་ལ་འབྲེལ་འདྲིས་བྱེད་རྒྱུ་ཡིན་ནམ”ཞེས་སལ་བེ་ཡཱས་དེ་སྐད་དྲིས།
ཁིར་ལཱས་སྨིན་མ་གྱེན་དུ་བསྡོགས་ཤིང་། འགྲམ་ཤ་ནང་དུ་འཐེན། ཁ་སྒོར་སྒོར་དུ་གདངས་ནས“མིན”ཟེར།
ངོ་མ་ཁོ་མོ་རྒུན་ཆང་གིས་ཅུང་བཟི་ཞིང་ཡོད་པ་འདྲ།
སལ་བེ་ཡཱ་རླངས་འཁོར་འབབ་ཚིགས་ནས་ཕྱིར་ཡོང་སྟེ། བརྡ་འཕྲིན་ཡིག་སྒམ་ནང་འཕངས་པ་དང་མདུན་ཅོག་ཐོག་ཏུ་ཐང་མར་བརྡལ་བའི་བཟའ་བཏུང་གི་ཡོ་བྱད་དག་གཙང་མར་བཀྲུས། རྔོ་སླང་དག་མར་ཕྱིས། ལག་ཕྱིས་དང་ཅོག་ཁེབས་སྔོ་པོ་དག་གོས་འཁྲུད་གཟེབ་སྣོད་ནང་བླངས། སྒོ་དང་སྒེའུ་ཁུང་ཡངས་པོར་བརྐྱངས། བློ་འགྱོད་དང་སུན་སྣང་གིས་མནར་ཏེ། ཁོ་མོ་ཐམ་མེ་ཐོམ་མེར་ཁྱིམ་ལས་ཙག་ཙིག་འདི་དག་ལས་པར་གཞོལ།
རླངས་འཁོར་གྱི་དུད་རླངས་ལྟར། ཁང་ཁྱིམ་ཧྲིལ་བོར་འདག་རྫས་ཀྱི་དྲི་ངད་ཁྱབ་འདུག་པས། མོས་ད་ཅི་ཁིར་ལཱས་སྤྱད་པའི་ཀུ་ཤུ་རྟགས་ཅན་གྱི་འདག་རྫས་དེ་ཁྲུས་ཁང་གི་ཕྱི་ལ་བཞག
མཇུག་མཐའི་དུས་ཚོད་དམ། ཆར་བ་འབབ་མཚམས་ཆད་ཐེངས་རེར། མོ་སོས་དལ་ལྷོད་འཇགས་སུ་སྡོད་མི་ཚུགས། ཁོང་མོ་དེ་སྔོན་ཁྱོ་བོས་གཙང་བདེར་བསྐྲུན་པའི་རྐང་ལམ་དེད་ནས་སྤྲོ་འཆམ་ལ་ཆས་འགྲོ། ས་ཆ་འདི་སྔོན་ཆད་ཆུ་ལོག་གིས་འཁུར་གྲབས་བྱས་པའི་ཤུལ་དུ། ག་ས་ག་བར་འདམ་རྫབ་ཀྱིས་ཁེངས་འདུག་པས། ཁོས་དེ་གར་རྡོ་ཧྲུག་བླུགས་ནས་རྐང་ལམ་ཕྲ་མོ་ཞིག་བཏོད། དཔྱིད་དུས་སུ་ནམ་རྒྱུན་ཁོང་བཟའ་ཟླ་གཉིས་ལམ་ཕྲན་འདི་རང་དུ་ཞུགས་ནས་ཀླུ་ཤིང་མེ་ཏོག་ (orchid) བཏུ་བར་བསྐྱོད་པ་དང་། ཁོང་མོས་ཁྱོ་བོར་རི་སྐྱེས་མེ་ཏོག་རེ་རེ་ཡི་མིང་དྲན་གསོ་བྱས_____སུམ་སྐྱེས་མེ་ཏོག་ (trillium) གཅིག་པུ་མ་གཏོགས་མེ་ཏོག་གཞན་ཚང་མའི་མིང་ཁོས་བརྗེད་འདུག____དེ་བས། ཁོས་རང་གི་བཟའ་མོའི་གཅེས་མིང་ལ་དབྱིན་ཡིག་གི་ཉིན་ཐོ་འབྲི་མཁན་ཞིག་གི་རུས་མིང་ཊོ་རེ་ཐི.ཝོར་ཊི་སི་ཝོར་ཐི་ (Dorothy Wordsworth) ཞེས་འབོད་ཀྱི་ཡོད།
ན་ནིང་དཔྱིད་ཀ་ཞིག་ལ་ཁོང་མོ་ཕྱི་རོལ་ལ་སོང་ནས་མཆེ་དབྱིབས་མུ་མེན་མེ་ཏོག་ (dogtooth violet) (ཀུ་མུད་མེ་ཏོག་གི་རིགས་ཤིག) ཚོམ་བུ་བཏོགས་ཡོང་ནས་ཁོར་སྟེར་དུས། ཁོ་རྦད་དེ་ཨ་ཐང་ཆད་ཅིང་ཐེ་ཚོམ་གྱི་མིག་ཟུང་བགྲད། སྐབས་རེར་ཁོས་བཟའ་མོར་ཡང་དེ་ལྟར་མིག་བགྲད་ནས་ལྟ་ཡི་ཡོད།
ད་ཅི་མོས་ཁིར་ལཱ་སྤྱི་སྤྱོད་རླངས་འཁོར་ནང་འབུད་རག་བར་དུ་མིག་སྐྱེལ་བྱས། མོས་ཁིར་ལཱ་དཀའ་རྙོག་སྡུག་ཡུས་འདི་རིགས་ལས་བསྐྱབས་པ་ཡིན་ཕྱིན། ཁིར་ལཱས་ཁོང་མོར་དྲིན་གཟོ་ཞུས་པ་དེ་ཡང་ལྷག་བསམ་ཟོལ་མེད་ཅིག་ལོས་ཡིན་མོད། གྱེས་ཁ་མའི་གཡབ་མོ་དེས་ཁོང་མོ་སེམས་ཚེགས་ལ་གཏད་ཡོད་བཟོ་འདུག
དགོང་ཁའི་དུས་ཚོད་དྲུག་པ་ཡས་མས་ཤིག་ལ། མོས་ཐའོ་རོན་ཐོ་གྲོང་ཁྱེར་དུ་སྡོད་པའི་གྲོགས་མོ་རའོ་ཐི་ལ་ཁ་བཏང་ནས། ཁིར་ལཱ་བདེ་འཇགས་ངང་འབྱོར་ཡོད་མེད་འདྲི་དུས། མོར་ཁ་པར་སྐུད་ལམ་དུ་བཞག་པའི་སྐད་འདི་འདྲ་ཞིག་འབྱོར་བྱུང་།
“ཝེ། རའོ་ཐི་ཡིན་ནམ”ཞེས་སལ་བེ་ཡཱས་དེ་སྐད་དྲིས།
“སལ་བེ་ཡཱ་་་། ཁྱོས་འདི་གར་མངགས་པའི་གྲོགས་མོ་ལམ་བར་ནས་དཀའ་སྡུག་འདྲ་མ་མྱངས་པར། བདེ་མོ་འཚམས་པོར་འབྱོར་བར་སྨོན། སྤྱིར་ཁོ་མོ་གཅིག་པུ་ཡོང་ཐུབ་མིན་ཁྱོད་ཀྱིས་ལོས་ཤེས་མོད། མོ་ད་དུང་ལོ་ན་ཆུང་བས་་་། ང་ལ་འབྲེལ་གཏུགས་བྱོས། ཆོག་གམ། གནས་སྐབས་སུ་བདེ་མོ”
མ་ཉལ་བའི་སྔོན་ཏག་ཏག་ལ་མོས་ཡང་བསྐྱར་ཁ་པར་ཐེངས་གཅིག་བཏང་རུང་། སླར་ཡང་སྐད་འཕྲིན་དེ་ག་རང་གྲགས་ཡོང་བས། མོས“ང་སལ་བེ་ཡཱ་ཡིན། ཁིར་ལཱ་དེ་གར་ཐོན་ཡོད་མེད་ལ་ལྟོས་དང”ཞེས་ཕྱིར་ལ་སྐད་ཅིག་བཞག་ནས། ཁ་པར་སྒོ་གཏན་བྱུང་།
དེ་དུས་ཕལ་ཆེར་དགོང་མོའི་ཆུ་ཚོད་དགུ་བ་བཅུ་བ་ཡས་མས་ཤིག་རེད་པས། སྨག་ཡོངས་སུ་རུབ་མི་འདུག གྲོགས་མོ་རའོ་ཐི་ད་དུང་ཕྱི་ལོགས་ཤིག་ན་ཡོད་ཚོད་རེད་པས། ཁིར་ལཱས་ངོ་མི་ཤེས་པའི་ཁྱིམ་ཚང་ཞིག་གི་ཁ་པར་གྲགས་རུང་དེ་མ་བླངས་པ་ཡིན་སྲིད། མོས་ཐོག་རྩེག་གཉིས་པའི་ཁང་བདག་ཚང་གི་མིང་དྲན་གསོ་བྱས། ཁང་བདག་ཚང་ད་དུང་ཉལ་མེད་པ་ཁོ་ཐག་ཡིན་མོད། མོས་ཁང་བདག་ཚང་གི་མིང་མི་དྲན་པར་འདུག སྐབས་དེ་ཤེད་དུ་མོས་ཁོང་ཚོར་ཁ་པར་གཏོང་བར་ཁད་ཐག་ཧ་ཅང་རིང་བས་་་།
སལ་བེ་ཡཱ་མལ་དུ་ཕྱིན་ཡང་གཉིད་སྐྱིད་པོ་ཞིག་གཏན་ནས་མ་ཁུགས། མོས་ཉལ་ཐུལ་སྲབ་མོ་ཞིག་བཟུང་ནས་འགྲུལ་ཁང་གི་འབོལ་ཁྲིའི་སྟེང་གན་རྐྱལ་དུ་ལོག་ནས་བསྡད། ཁྱོ་བོ་ལའེ་ཨན་གྲོངས་རྗེས་ཀྱི་ཟླ་ངོ་གསུམ་གྱི་རིང་ལ་མོ་མཚན་རྒྱུན་འགྲུལ་ཁང་གི་འབོལ་ཁྲི་འདིའི་སྟེང་དུ་ཉལ་གྱིན་ཡོད། མོས་རང་ཉིད་འདི་གར་ཉལ་ན་གཉིད་ཁུག་གི་འདུག་སེམས་ཀྱི་མེད་ལ། ཁ་ལྷོ་རུ་གཏད་པའི་འགྲུལ་ཁང་གི་སྒེའུ་ཁུང་ལ་ཡོལ་བ་འཐེན་མེད་པས། མོས་མིག་གིས་མ་རིག་ཀྱང་། ཁ་གནམ་ལ་འཁོར་ནས“དཀར་གསལ་ཟླ་བ་ཤར་བྱུང”ཞེས་དེ་སྐད་ཁེར་ལབ་རེ་རྒྱག་ངེས།
དེའི་རྗེས། ཁོ་མོ་ངོ་མི་ཤེས་པའི་འགྲུལ་བ་མང་པོ་ཞིག་གི་མཉམ་དུ། སྤྱི་སྤྱོད་རླངས་འཁོར་ལ་བསྡད་ནས་ས་ཆ་ག་གེ་མོ་ཞིག་ལ་སྐྱོད་བཞིན་པ་རྨིས་བྱུང་། ས་ཆ་དེ་གྷི་རེ་སི་ཡིན་ནམ། འཕྲུལ་འཁོར་འདིས་ངོ་མ་འཇིགས་ཡེར་བའི་ཁྲོག་སྒྲ་བཅོམ་སྒྲ་མཛེར་མཛེར་པོ་ཞིག་འབྱིན་ཡོང་། གཉིད་ལས་སད་མ་ཐག ཁོང་མོས་རང་གི་མདུན་ཕྱོགས་ཀྱི་སྒོ་མོ་རྡུང་གིན་པ་ཚོར།
སྒོ་རྡུང་མཁན་དེ་ཁིར་ལཱ་ཡིན་ནམ།
སྤྱི་སྤྱོད་རླངས་འཁོར་གྲོང་རྡལ་འདི་ལས་བརྒལ་རག་བར་དུ། ཁིར་ལཱས་རང་ཉིད་སུ་ཞིག་གིས་མཐོང་བར་སྐྲག་ནས་མགོ་སྒུར་སྒུར་དང་གཉའ་སྒོང་སྒོང་བྱས་ནས་བསྡད་རུང་། མོས་ད་དུང་རང་ཉིད་སུ་ཞིག་གི་མཐོང་ཉེན་ལས་གཡོལ་དགོས་པར་འདུག མོའི་མིག་ལམ་དུ་ཁྱོ་བོ་ཁི་ལིར་ཁི་མངོན་ཡོང་སྙམ་དུ་དོགས་ཏེ། ཁྱོ་བོ་ཚོང་ཁང་ཞིག་ནས་ཕྱིར་བུད་དེ། ཁྲོམ་སྲང་གི་བཞི་མདོ་ནས་སྤྱི་སྤྱོད་རླངས་འཁོར་ལ་སྒུག་ཅིང་། ཁོ་མོ་མ་མཐོང་ཁུལ་གྱིས་རྒྱུན་ལྡན་དུ་སྣང་བའི་ཕྱི་དྲོ་ཞིག་ལ་ཕྱིར་དྲན་བྱས། ཨོ་མ་རེད། ཁོང་གཉི་གའི་གཡོ་ཇུས____གཙོ་བོ་ཁོས་ཁ་ཡག་མགོ་བསྐོར་བཏང་བའི་གཡོ་ཐབས་ཤིག་ཡིན____ལག་ཏུ་བསྟར་བའི་ཕྱི་དྲོ་དེ་ཕྱིར་དྲན་བྱས། ཉིན་ཞག་ཅི་འདྲའི་མང་པོ་ཞིག་གི་རིང་ལ་མོས་གཡོ་ཐབས་འདིའི་མཇུག་འབྲས་ཁོ་ནར་ངང་སྒུག་བྱས་མྱོང་ཨང་།
ཐེངས་ཤིག་ལ། ཁོང་ཁྱོ་ཤུག་གཉིས་གྲོང་འདབས་སུ་བསྐྱོད་དུས། ཁིར་ལཱས་མགོ་བོ་ཡར་ལ་བཀྱགས་ནས་དབུགས་རིང་འབྱིན་བཞིན། མུ་མེན་མདངས་སུ་འཚེར་བའི་ཞིང་ཐང་ལ་རྒྱང་མཇལ་བྱས།
ཡིད་ཀྱི་སྨོན་པ་དབང་མེད་འཆོར་བའི་ལྕམ་ཇེ་མའེ་སིན་གྱི་ད་ཆའི་དུས་བདེ་ཞོད་འཇགས་ཀྱི་འཚོ་བའི་སྣང་བརྙན་ལ་གཞིགས་ནས། ཀློག་པ་པོ་ཁྱེད་ཀྱིས་བདག་མོ་ཁིར་ལཱ་འདི་ལྟར་བྲོས་བྱོལ་དུ་འགྲོ་བར་ཡང་ཁག་མི་འདུག་ཨང་སྙམ་དུ་འདོད་སྲིད་མོད། དོན་ངོ་མར། གང་ཟག་ཅིག་གིས་དེ་ལྟར་ཡིན་འཇོག་ཏུ་རློམ་ཆོག་པ་ཞིག་ནི། ཁིར་ལཱའི་རྐང་མགོའི་རས་ལྷམ་དེ་གཉིས་ཁོ་ན་ལོས་ཡིན། མོས་རང་ཉིད་ལ་གཞན་སུ་ལས་ཀྱང་ལྷག་པའི་འཇོན་ནུས་དང་ལྡན་པར་མ་ཟད། ཐ་ན་རང་ཉིད་ནི་བློ་གྲོས་ཀྱིས་ཀུན་ནས་ཕྱུག་པར་ཡིད་ཆེས་ཀྱིས་ཁེངས་ཡོད།
སྔོན་དུས་མོས་རང་གི་མི་ཚེ་འཚོ་བའི་སྣང་བརྙན་ངོ་མ་དེ་ལྕམ་ཇེ་མའེ་སིན་ལ་གསལ་སྟོན་ཐེངས་གཅིག་བྱས། འོན་ཀྱང་དེ་ནི་རང་ཉིད་ལ་ཟུར་ཟ་དང་འཕྱ་དམོད་འཐེབས་རྒྱུ་མ་གཏོགས། རང་ཉིད་ལ་ཤ་ཚ་སྙིང་རྗེ་ཡི་སེམས་གསོ་གང་ཡང་བསྐྱེད་མི་སྲིད་པ་འདྲ་བས། ད་རག་བར་གྱི་མོའི་མི་ཚེ་མྱོང་བརྒྱུད་དུ། མོས་འཇིག་རྟེན་འཚོ་བའི་རེ་ལྟོས་ཅི་ཙུག་བཅང་འོས་སམ། མོས་ལྕམ་ཇེ་མའེ་སིན་ནམ། རྒྱལ་མོ་སལ་བེ་ཡཱའི་མི་ཚེ་རེ་འདུན་མིག་དཔེར་འཛིན་ནམ་ཅི།
ཉིན་འདི་ཚོར། ཉི་མ་ཧ་ཅང་དྲོ་མོད། གུང་ཚིགས་ཀྱི་དུས་སུ། དེ་རིང་གི་གནམ་གཤིས་རྒུན་ཆང་ཤེལ་ཕོར་གྱི་མདངས་སུ་འགྱུར་ཞིང་། ཨ་སྔོན་གྱི་གཞུ་རུ་ཆར་སྤྲིན་མ་ཡིན་པའི་དབྱར་སྤྲན་ཐོལ་ཐོལ་གྱིས་ལ་ལོང་དུ་འཕྱུར་མ་ཐག རླུང་འཚུབ་ལྡང་སྟེ་ལམ་འགྲམ་གྱི་རྩི་ཤིང་དང་རྩྭ་ཡན་མེ་ཏོག་དག་སོ་སོའི་ནེམ་ལྗང་གི་སྐྱེད་ཚལ་སྟུག་པོ་ནས་ཐག་རིང་ལ་ཁུར་སོང་།
སྟོན་ཟླ་བདུན་པའི་ཉི་འོད་ཀློང་དུ། གྲོང་འདབས་ཀྱི་གནམ་ངོ་ཡོངས་སུ་རུབ་ཅིང་། སྐྱེས་དངོས་ཡོད་ཚད་ཤིག་ཤིག་ལྡེམ་ལྡེམ་དུ་གཡོས། འགྲོས་མྱུར་བའི་ཆར་རླུང་ཤུར་ཤུར་རྒྱུ་ཡང་། མོས་དེ་ནི་ཁ་སྔོན་གྱི་དྲག་ཆར་དེ་འདྲ་ཞིག་ཏུ་མཐོང་མ་བྱུང་། རྒྱུ་མཚན། འཐའ་འཁོར་གྱི་ཞིང་ཐང་དུ་འདམ་ཆུ་བསྐྱིལ་མེད་ལ། སྐྱེས་དངོས་ཡོད་ཚོད་གང་ཞིག་ཏུ་ཁུར་སོང་བའི་རྗེས་ཤུལ་ཙམ་ཡང་མི་སྣང་ཁར། ཕྲ་ལ་རིང་བའི་མ་རྨོས་ལོ་ཏོག་གི་སོག་མ་དང་བསྟར་ལ་བརྒྱུས་པའི་འབྲུ་མཛོད་ཁང་སོགས་ལ་ཆར་ལོག་གི་གནོད་སྐྱོན་ཅི་ཡང་འཐེབས་པར་མི་འདུག
གནས་ཚུལ་འདི་ཁོ་མོས་ཁྱོ་བོ་ཁི་ལིར་ཁི་ལ་ལབ་འོས། གཅིག་བྱས་ན་བདེན་ཅོག་ཅོག་གི་རྒྱུ་མཚན་འདིའི་སྟབས་ཀྱིས། ཁོང་གཉིས་འབྱོར་ཕྱུག་འཕེལ་བའི་ས་ཆ་གཞན་གང་ལའང་མ་འགྲོ་བར། བརླན་བཤེར་ཆེ་ཞིང་ཡིད་མུག་བསྐྱེད་པའི་གྲོང་འདབས་འདི་ག་རང་དུ་གཞིས་ཆགས་པའམ། ཡང་ན་ས་ཆ་འདི་ངོ་མ་དེ་འདྲ་ཞིག་ཡིན་སྲིད་དམ།
དེ་ཡང་བདེན་ཏེ། གནས་ཚུལ་འདི་མོས་ཁྱོ་བོ་ཁི་ལིར་ཁི་ལ་གླེང་མི་སྲིད། ཐ་ན་མོས་རང་གི་ཁྱོ་བོ་འམ། གླ་རྟ་དག་ལ་གློ་བུར་བའི་འགྱུར་ལྡོག་བློ་ངོར་མི་ཤོང་ཞིག་ཐེབས་པར་ཡང་མནོ་བསམ་གཏོང་མི་སྲིད། བརྒྱ་ལ་ར་མ་ཧྥི་ལའོ་རཱ་ཕྱིར་ཡོང་བའི་དབང་དུ་ཆུགས་ཀྱང་། གནས་ཚུལ་དེ་ཁོ་མོས་ཐོས་མི་སྲིད་ནའང་ཐང་།
འདི་ནི་མོས་རང་ཁྱིམ་རྒྱབ་ཏུ་དོར་ནས་བྲོས་བྱོལ་དུ་ཕྱིན་པ་ཐེངས་གཉིས་པ་ཡིན། ཐོག་མའི་བྲོས་བྱོལ་གྱི་རྣམ་པ་དེ་ནི་གོང་བསྙད་མཉམ་ལེན་རོལ་དབྱངས་ (Beatles song) ཀྱི་འགྱུར་ཁུགས་དང་ཧ་ཅང་འདྲ་བོ་ཡོད། དེ་དུས་ཀྱང་མོས་ཐོ་རངས་དུས་ཚོད་ལྔ་བར་བརྡ་འཕྲིན་ཞིག་བྲིས་ནས་ཟས་ཅོག་ཐོག་ལ་འཕངས་རྗེས། རང་ཁྱིམ་ནས་ཕྱིར་བུད་དེ་སྲང་ལམ་གཡས་གཡོན་གང་སར་རླངས་འཁོར་གྲངས་མེད་བཞག་ཡོད་པའི་ཆོས་ཁང་ནང་ལ་ཁྱོ་བོ་ཁི་ལིར་ཁིར་འཕྲད་པར་བྲོས་ཡོང་བ་ཡིན། ཆོས་ཁང་གི་འདོན་དབྱངས་དང་བསྟུན་ནས། ཁོ་མོས་སྙན་པའི་གྲེ་བ་དབྱངས་སུ་བཀུག་ཅིང་། དེ་ལྟར་མོས་རང་ཁྱིམ་ལ་བདེ་མོ་བཞག།
དེ་རིང་མོས་ནངས་མོ་དེའི་ཞོགས་པའི་ཉི་ཟེར་ཁོང་ཚོའི་རྒྱབ་ཕྱོགས་ནས་ཅི་ལྟར་འཕགས་ཤིང་འཕྲོས་པ་དང་། སྐབས་དེ་ཤེད་དུ་མོས་ཁི་ལིར་ཁིའི་བ་སྤུའི་གསེབ་ཀྱི་མཁྲིག་མའི་ཆུ་ཚོད་ལ་ག་ཙམ་བལྟས་པ། རླངས་སྣུམ་གྱི་དྲི་མ་དང་ས་སྣུམ་གྱི་དྲི་མ། འཕྲུལ་ཆས་ཀྱི་དྲི་མ་དང་རྟ་ལུད་ཀྱི་དྲི་མ་སོགས་ཅི་ཙམ་བརྔུབས་མྱོང་ཚུལ་སོགས་ཕྱིར་དྲན་གནང་གིན་གདའ།
སྟོན་ཟླ་བདུན་པ་ཡིན་པའི་ནངས་མོ་དེའི་གྲང་རླུང་འཕྲུལ་འཁོར་གྱི་སྲུབས་ཁ་དག་ནས་འུར་འུར་ཤུར་ཤུར་འཚང་ཡོང་། ད་རག་བར་དུ་འདི་ལྟ་བུའི་འགྲུལ་འཁོར་ཞིག་ཁོ་མོ་ཚང་གི་ཁྱིམ་མི་སུས་ཀྱང་བསྐོར་མྱོང་མེད།
འཁྱག་རླུང་དེ་ཁོ་མོ་སྡོད་སའི་སྲང་ལམ་དེ་ཕྱོགས་ནས་ཁད་ཁད་ཀྱིས་ལྡང་འོང་དུས། ཁྱོ་བོ་ཁི་ལིར་ཁིས་འདུ་འཛི་རབ་ཏུ་རྒོད་པའི་འགྲིམ་འགྲུལ་རྒྱུ་ལམ་དུ་ཨུ་ཚུགས་ཀྱིས་འཚང་ཁ་བརྒྱབ་ནས། ཕ་རོལ་བོར་སྡིགས་མོ་གཏོང་བ་དང་སྡང་མིག་བགྲད་པ་ལས། འཁྲིས་ཀྱི་དགའ་མར་ཁ་ཡ་ཁྱོན་ནས་མི་བྱེད། ཐ་ན་མོས་ཕར་ལ་འཛུལ་པའི་སྤྲོ་ཉམས་ལ་ཁོས་ཕྱིར་ལ་ཉོབ་མདངས་རེ་བསྟན། འགལ་རྐྱེན་འདི་དག་གིས་ཁོ་མོ་ཐབས་ཟད་འུ་ཐུག་བཟོས་སོང་།
དུས་རྒྱུན་གཞན་ལ་འགྲིག་མཐུན་མི་གནང་བར། གྲོགས་མེད་ཁེར་རྐྱང་ལ་གཞན་པར་འཁོན་འཛིང་གིས་དུས་འདའ་བའི་ཁོ་རང་གི་མི་ཚེ་ནང་ལ། ཁོར་རང་གི་དགའ་མ་དང་གླ་རྟ་ཞིག་ལས་ཅི་ཡང་མེད།
མོས་རང་གི་ཁྱོ་བོ་ནི་ཁོང་གཉིས་ཀྱི་མི་ཚེ་འཚོ་བའི་བཀོད་འདོམས་པ་དང་། རང་ཉིད་ནི་མུན་དོང་དུ་བཅུག་པའི་བཙོན་མ་ཞིག་ཏུ་གྱུར་ནས། ཁོའི་བཀའ་གསུང་དང་དུ་ལེན་པ་དང་། ཁོར་འགྲོ་ལུགས་བསྟུན་མཁས་བྱེད་པ། ཁོར་ཁ་ཡག་ངོ་བསྟོད་རྐྱང་རྐྱང་འཐེན་དགོས་པ་ཞིག་ཏུ་མཐོང་གི་ཡོད།
སྔོན་ཆད་ཨ་མ་ལགས་ཀྱིས་ཁོ་མོར་སྤྲིངས་པའི་འཕྲིན་ཡིག་ཏུ“ཁྱོས་རང་གི་རྒྱབ་ལོགས་ན་ཅི་ཞིག་བསྐྱུར་ཞིང་ཡོད་པ་ཤེས་མེད་པ་འདྲ”ཅེས་དེ་སྐད་གསུང་མོད། མོས་དེ་ལ་ཡིག་ལན་ཙམ་ཡང་མ་བསྐུར། ནངས་མོ་དེར་ཁོ་མོ་འཁྱགས་འཇིགས་ཀྱིས་འདར་སིལ་སིལ་གནས་ལ་འབྲོ་དུས། མོས་རང་གི་རྒྱབ་ཕྱོགས་སུ་ཅི་ཙུག་བསྐྱུར་ཞིང་ཡོད་པ་གློ་རྒྱག་ལ་དྲན་རུང་། མོ་དེ་ལྟར་ཐམ་མེ་ཐོམ་མེར་གང་ཞིག་ལ་འབྲོ་སྙིང་སྐྱེས། མོས་རང་ཡུལ་གྱི་ཁྱིམ་གཞི་དང་ལྷས་ར། གུང་གསེང་དང་པར་སྒྲོམ། ཐབ་ཚང་དང་ཁྲུས་ཁང་། སྤྲོ་འཆམ་གླིང་ག་དང་ཟེགས་ཆུ་གཏོར་བྱེད་ཀྱི་འཕྲུལ་ཆས་སོགས་ཡོད་ཚད་ཅི་མི་སྙམ་དུ་སྣང་མེད་ལ་གཡུགས་ཏེ། མོས་བརྡ་འཕྲིན་སྟབས་བདེ་ཞིག་བྲིས་ནས་གནས་ལ་བྲོས་སོང་། ནང་མི་ཚོར་བཞག་པའི་བརྡ་འཕྲིན་ནང་མོས་ཡིད་རྟོན་འཕེར་བའི་སྐད་ཆ་འགའ་ཞིག་བྲིས་ཡོད།
ངས་རྣམ་ཀུན་གོང་བསྙད་ཀྱི་སྐད་ཆ་འདི་ལས་ལྷག་པའི་སྤྱི་ཚོགས་འཚོ་བའི་གནས་ཚུལ་ཁུངས་བཙན་ཞིག་དགོས་སྙིང་འདུག་པ་རྟོགས་ཀྱང་། ངས་ཁྱོད་ཀྱིས་དེ་དོན་རྟོགས་པའི་རེ་བ་བཅང་མི་སྲིད།
གྲོང་རྡལ་དེའི་ཆེས་ཐོག་མའི་རྡོ་སྣུམ་ས་ཚིགས་སུ་རླངས་འཁོར་བསྡད་བྱུང་། སྔོན་ཆད་ཁྱོ་བོ་ཁི་ལིར་ཁི་དང་ཁོ་མོ་གཉི་གས་རླངས་འཁོར་བསྐོར་ནས་རྡོ་སྣུམ་ས་ཚིགས་འདི་རང་དུ་ཡོང་ནས་རིན་གོང་ཁེ་བོའི་རྡོ་སྣུམ་ཉོ་ཡི་ཡོད། སྐབས་དེ་དག་ཏུ། ས་ཆ་འདིའི་གྲོང་དང་གྲོང་ཁྱེར་ཀུན་ཁོང་ཁྱོ་ཤུག་གཉིས་འཁོར་ས་འཁྱམ་སའི་འཇིག་རྟེན་ཡིན། སྐབས་ལན་རེར། ཁོང་གཉི་གས་ཡུལ་སྐོར་སྤྲོ་འཆམ་པའི་ཚུགས་ཀ་བཏོད་ནས། ཚྭ་ཆུའི་ནང་བསྙལ་བའི་ལོ་འཁོར་པད་ཚལ་སིལ་གཏུབ་མ་དང་ཕག་རྐང་སྲེག་མ། ཞོག་ཁོག་གི་འཁུར་གོར་དང་ཝུ་ཆང་སོགས་མགྲོན་ཁང་ཆང་ཁང་གི་ཐུན་མོང་མ་ཡིན་པའི་ཟས་རིགས་སྣ་ཚོགས་ཀྱི་བྲོ་བ་ལོངས་སུ་སྤྱད་ཅིང་། ཕྱིར་ཡུལ་ལ་ལོག་དུས། ཁོང་གཉི་གས་ཡུལ་མཐའ་འཁོབ་ཀྱི་རྐྱལ་སྟོང་མགོ་སྟོང་ཚོ་ནང་བཞིན་ལམ་རིང་ཐུང་ལ་སྣ་གླུ་རྐྱང་རྐྱང་ལེན་ངེས།
ཡིན་ན་ཡང་ཕྱི་སྐྱོད་སྤྲོ་འཆམ་གྱི་བསམ་བྱ་ཡོད་ཚད་ཤོག་དངུལ་དང་དུས་ཚོད་ཆུད་ཟོས་སུ་བཏང་བ་འབའ་ཞིག་ཏུ་སྣང་རུང་། ཁོང་ཁྱོ་ཤུག་གཉི་གས་ད་དུང་འཇིག་རྟེན་འཁོར་བའི་སྙིང་བོ་རྟོགས་རག་བར་དུ། གཡས་གཡོན་གྱི་མི་ཕལ་མོ་ཆེས་ཅི་ཙུག་ལས་ཀྱིན་པར་ལད་མོ་བྱས་ནས་བག་མེད་རྒྱ་ཡན་གྱི་འཚོ་བ་བསྐྱལ།
ད་ཆར་ཁིར་ལཱས་ངུད་མོ་རྐྱང་རྐྱང་འདེབས་བཞིན་མཆི་མོད། འོན་ཀྱང་ཁོ་མོའི་མིག་ཀོང་དུ་འཇིག་རྟེན་འཁོར་བའི་སྙིང་བོ་མ་རྟོགས་པའི་མིག་ཆུ་འབའ་ཞིག་ལྟེམས་ཤིང་འཕྱོ།
བྲོས་བྱོལ་གྱི་གོམ་ཁ་མདུན་ནས་མདུན་དུ་བསྒྱུར་དུས། ཁོ་མོ་ཐའོ་རོན་ཐོ་གྲོང་ཁྱེར་དུ་འབྲོ་སྙིང་འདོད། ཡིན་རུང་དེ་གར་སྐྱོད་པའི་གླ་གཏོང་རླངས་འཁོར་དང་། དེ་གར་འཚོ་བའི་ཁང་ཁྱིམ། དེའི་ནང་གི་ཉལ་ཁྲི། འདི་དག་ཚང་མ་ཁོ་མོར་ཚོན་ན་ཆ་རྒྱུས་ཅི་ཡང་མེད་ཅིང་། སང་གནངས་ད་དུང་མོས་ཁ་པར་བྱང་བུ་སྔོག་བཤེར་གྱིས་རྟ་རའི་ལས་གནས་ཁག་ཏུ་བསྐྱོད་ནས་ལས་ཀ་ཡོད་མེད་རྩད་འདྲི་གནང་དགོས།
དེར་མ་ཟད། ཁོ་མོ་ས་འོག་འགྲུལ་འཁོར་དང་ཡང་མིན་ན་སྲང་ལམ་འགྲུལ་འཁོར་ལ་སྡོད་པ། གླ་རྟ་གསར་བ་འགའ་ཞིག་ལ་བདག་སྐྱོང་བྱེད་པ། ངོ་ཤེས་གསར་བ་ཚོར་ཁ་བརྡ་གློད་པ། ཉིན་རྒྱུན་ཁྱོ་བོ་ཁི་ལིར་ཁི་མ་ཡིན་པའི་མི་སྡེ་ཆ་མེད་རྒྱུས་མེད་ཅིག་ཏུ་འཚོ་བ་འཕྱིད་པ་སོགས། འབྱུང་འགྱུར་གྱི་འཚོ་གནས་འདི་ངོ་མ་ཁོ་མོས་དཔག་དཀའ། མོས་ས་ཆ་འདི་འདྲ་ཞིག་ནས་འཚོ་བ་འདི་འདྲ་ཞིག་སྐྱེལ་དོན། ཁྱོ་བོ་ཁི་ལིར་ཁི་དང་འབྲེལ་བ་གཏན་ནས་མེད་ཀྱང་སྲིད་པ་རེད།
དེ་རིང་གི་ཁོ་མོའི་འཆར་སྣང་ཞིག་ལ། མ་འོངས་འཇིག་རྟེན་ནི་མྱོང་རྒྱུས་ཅི་ཡང་མེད་ལ། ཧ་ཅང་འཇིགས་སུ་རུང་བ་ཞིག་སྟེ། ཁོ་མོ་མི་ཡུལ་འདིར་འཚོ་ཞིང་གཞེས་ཐབས་ཤིག་ཡེ་ནས་མེད་པ་འདྲ།
སྤྱིར་ཁོ་མོ་དེ་ལྟའི་འཇིག་རྟེན་ཞིག་ཏུ་འཚོ་མི་སྲིད་ནའང་། ག་བྱེད་འདི་བྱེད་མེད་པར་མོ་མཐའ་འཁོར་དུ་འཁྱམས་ཤིང་ཉུལ་ནས། གན་ལས་དགོས། འདི་འགྲུབ་དགོས་ཞེས་རང་ཉིད་ལ་དེ་སྐད་བློས་བླངས་བྱས་ནས། འདི་ལྟར་བྲོས་བྱོལ་དུ་འགྲོ་བ་དང་། སྤྱི་སྤྱོད་རླངས་འཁོར་འདི་འདྲ་ཞིག་ལ་སྡོད་པ། ད་རུང་རང་ངོ་ཟིན་པའི་རེ་འདུན་ཞིག་ཡིད་ལ་བརྣགས་ཤིང་མཆིས་པ་འདི་ཅི་འདྲའི་ཨ་མཚར་མཚར་ཞིག་རེད་ཨང་།
ལྕམ་ཇེ་མའེ་སིན་གྱིས་______གཅིག་བྱས་ན་མོས་རང་ཉིད་ལ་དེང་གི་འཚོ་གནས་འདི་ཙམ་གྱིས་འདོད་པ་ཚིམ་ན་འགྲིག་ཅེས་དེ་སྐད་བརྗོད་ཀྱི་ཡོད་ཀྱང་སྲིད_____རང་ལ་སྡང་མིག་བགྲད་མཁན་དང་སྡུག་ལ་གཏོད་མཁན། ཚིམ་མེད་ཚོར་མེད་ཀྱི་གསང་རྒྱ་གང་རུང་ཞིག་གིས་ཁོ་མོ་ཡོངས་སུ་བསྐོར་ཞིང་མེད་བཞིན་དུ། མོས་ད་དུང་རང་གི་མིག་སྔའི་འཚོ་གནས་ལ་སྔར་བས་ཀྱང་འགན་སྲུང་བྱ་དགོས་པར་འདུག་ཅེས་དེ་ལྟར་ལབ་སྲིད་པ་རེད།
ཡིན་ནའང་། དོན་ངོ་མར་མོས་མི་ཚེ་འཚོ་བའི་བྱ་གཞག་ཅི་ཙུག་ལ་འགན་སྲུང་གནང་དགོས་ཡོད་དམ། མོ་མུ་མཐུད་འཇིག་རྟེན་མི་ཡུལ་འདིར་འཚོ་ཞིང་གནས་པ་ཅི་ལྟར་དུ་ངེས་སམ།
ད་ཅི་མོ་བྲོས་བྱོལ་ལ་འགྲོ་དུས། ཁྱོ་བོ་ཁི་ལིར་ཁིས་ད་དུང་རང་གི་འཚོ་བའི་རེ་འདུན་ཁོ་མོའི་མི་ཚེར་བཅོལ་ཡོད། ཡིན་རུང་མོ་བྲོས་བྱོལ་དུ་ཕྱིན་ཚར་རྗེས། ཁོ་མོས་ཁོའི་འཚོ་བའི་རེ་འདུན་ལ་འཐོབ་འབྲས་ཅི་ཙུག་འཇོག་སྲིད་དམ། མི་ཚེ་འཚོ་བའི་ཁེ་དབང་བརྩོན་ལེན་ལ། འདི་ལས་ལྷག་པའི་གསལ་ཁ་ཅི་ཞིག་མཁོ་འམ། སུ་ཡིས་བཏོད་དམ།
མོས་ན་སྲོན་བྱས་ནས་མ་ངུས་ཀྱང་། མོ་རང་དབང་མེད་པར་དངངས་འདར་ཤོར་ཡོང་། མོ་ལོག་ལམ་དུ་ཕྱིན་འདུག མོས་རང་སེམས་གསོ་བཞིན། མུ་མཐུད་ལོག་ལམ་དུ་བསྐྱོད་དགོས་པ་འདྲ།
སྔོན་དུས་སྐབས་རེར་ཁོ་མོ་རང་མལ་དུ་ངུ་ཤོར་བ་དང་ན་སྲོན་བྱེད་དུས། ཁྱོ་བོ་ཁི་ལིར་ཁི་དེ་གར་འགྲོ་ཞོར་ལ་མོར“རང་སེམས་ལ་བདག་པོ་རྒྱོབས་དང”ཞེས་དེ་སྐད་ལབ་མྱོང་། དེ་རིང་ཡང་མོས་དེ་ལྟར་སྡུག་སྲོན་མི་བྱེད་ཀ་མེད་རེད་ཨང་།
སྤྱི་སྤྱོད་རླངས་འཁོར་གྲོང་རྡལ་གཞན་ཞིག་ཏུ་བསྡད་བྱུང་། འདི་ད་ཅི་ཁོ་མོ་སྤྱི་སྤྱོད་རླངས་འཁོར་ནང་བུད་རྗེས་ཀྱི་གྲོང་རྡལ་ས་ཚིགས་གསུམ་པ་དེ་ཡིན། ལམ་བར་གྱི་གྲོང་རྡལ་ས་ཚིགས་གཉིས་པ་ད་ཅི་ནས་བརྒལ་ཟིན་མོད། མོས་དེ་ལ་དོ་སྣང་མ་བྱུང་།
སྤྱི་སྤྱོད་རླངས་འཁོར་འདི་གར་འདུག་ངེས། ཁ་ལོ་བས་འགྲུལ་བ་རེ་རེའི་མིང་ནས་འབོད་སྲིད། ཡིན་རུང་འཇིགས་དངངས་ཀྱི་ཀློང་དུ་ཚུད་ནས། མོས་ཅི་ཡང་མི་གོ། མོས་ཅི་ཡང་མི་རིག། མི་འགྱང་བར་ཁོ་ཚོ་གཞུང་ལམ་སྟེང་ལ་འབྱོར་ངེས། ཁོ་ཚོ་ཐའོ་རོན་ཐོ་གྲོང་ཁྱེར་ཕྱོགས་སུ་འཐེན་པའི་ལམ་དུ་ཞུགས་སྲིད། ཡིན་རུང་ཁོ་མོ་མགོ་འཁོར་ངེས་རེད།
ཁོ་མོ་མགོ་འཁོར་ངེས་རེད་པས། མོས་སྡོད་གནས་ཁ་བྱང་གསར་བ་ཞིག་བསྟན་ནས། གླ་གཏོང་རླངས་འཁོར་ལ་སྡོད་པ་དང་། སང་ཞོགས་སྔ་མོར་ལང་ནས་སོ་བཀྲུས་རྗེས། ད་གཟོད་གཞི་ནས་འཚོལ་ཞིང་སྙེག་པའི་འཇིག་རྟེན་དེ་གར་བསྐྱོད་ན་ཅི་འདྲ།
ད་ནི་མོའི་རྐང་བ་ཟུང་མོ་རང་གི་ལུས་པོར་ཐོགས་མེད་པ་འདྲ། མོའི་ལྟེབ་ཆགས་ཤོར་བའི་རྐང་ཤག་ནང་གི་པུས་མོ་ཟུང་ཅི་ཞིག་གི་རྗིད་ཤུགས་ཀྱིས་མནན་ནས་འགུལ་མི་ཐུབ། རྟ་ཆག་གྱོལ་བོ་ཞིག་ལྟར་ཁོ་མོ་ཐང་ལ་འགྱེལ་གྲབས་འདུག
གྲོང་རྡལ་འདི་གར་སྒུག་སྡོད་པའི་འགྲུལ་བ་དང་ཁོང་ཚོའི་ཅ་ག་མོད་པོ་ཞིག་སྤྱི་སྤྱོད་རླངས་འཁོར་ནང་བརྫངས་བྱུང་། འགུལ་སླེ་ནང་བྱིས་པ་སྙལ་བའི་བུད་མེད་ཅིག་གིས་སྐྱེས་པ་ཞིག་ལ་གྱེས་ཁའི་གཡབ་མོ་གནང་གིན་གདའ། ལྟག་རྒྱབ་ཀྱི་ཁང་རྩེག་དེ་____རླངས་འཁོར་ས་ཚིགས་སུ་བཟའ་བཏུང་གི་ཞབས་ཞུ་སྒྲུབ་པའི་སྟབས་བདེ་ཟ་ཁང་ཞིག____ཟང་ཟིང་ལང་ལོང་དུ་འདུག གཤེར་རྫས་བཞུས་པ་ལྟར། ཁང་རྩེག་གི་སྒེའུ་ཁུང་དང་རྩིགས་སྲུབས་དག་ནས་གཤེར་ཁུ་རྦ་རླབས་ལྟར་འཕྱུར་ཡོང་། ཁོང་ཁྲོའི་ངང་ལ། ཁིར་ལཱས་རང་གི་རྒྱགས་ཤིང་ཆེ་བའི་ལུས་པོ་དང་ལྕི་ཞིང་འཐེང་བའི་རྐང་ཟུང་མདུན་ཕྱོགས་སུ་དྲུད་མ་ནུར་གྱིས་འཚང་ཁ་བརྒྱབ་ནས། ཁོ་མོ་ཁ་སྦུབ་ཏུ་འགྱེལ་སོང་། མོས“ང་ཐང་ལ་འབབ་ཏུ་ཆུགས་དང”ཞེས་སྐད་བརྒྱབ་བྱུང་།
ཁ་ལོ་བས་རླངས་འཁོར་ཇེ་དལ་ལ་བཏང་ནས། ཅུང་ཁྲོས་པའི་ངང་ལ“ངས་ཁྱོད་ཐའོ་རོན་ཐོ་གྲོང་ཁྱེར་དུ་འགྲོ་ཡི་ཡོད་པ་ལོས་ཡིན་བསམ་བྱུང”ཞེས་དེ་སྐད་ཟེར། གཡས་གཡོན་གྱི་འགྲུལ་བ་ཚོ་ཅུང་ཡ་མཚར་བའི་ངང་ཁོ་མོར་ཧད་འདུག ཁོ་མོ་ལུས་སེམས་གཉི་གའི་དཀའ་སྡུག་གི་ནང་ལྷུང་ཡོད་པ། སུས་ཀྱང་ཚོར་གྱིན་མེད་པ་འདྲ།
“ང་འདིར་འབབ་རྒྱུ”
“རྒྱབ་ལོགས་ན་ཁྲུས་ཁང་ཡོད”
“མི་དགོས། ང་འདིར་འབབ་རྒྱུ”
“ཁྱོས་ཨེ་ཤེས། ངས་སྒུག་མི་ཐུབ། གཤམ་གྱི་འཁོར་སྒམ་ནང་ན་ཁྱོད་ཀྱི་ཅ་ག་མེད་དམ”
“མེད། ཨོ་ཡོད། ཨོ་མེད”
“ཅ་ག་མེད་དམ”
རླངས་འཁོར་ནང་གི་འགྲུལ་བ་ཞིག་གིས“ཁོ་མོ་དབུགས་འཚང་ནས་འཇིགས་སྔངས་སྐྱེས་པ་འདྲ”ཟེར།
ཁ་ལོ་བ་ན་རེ“ཁྱོད་ན་ཡི་འདུག་གམ”
“མེད་མེད། ང་འདི་གར་འབབ་འདོད”
“ཡ་ཡ། དེས་ན་ང་བསྡད་ཆོག”
ང་ལེན་དུ་ཡོང་རོགས། ཨ་རོགས་ལོ་ལོ། ང་ལེན་དུ་ཡོང་རོགས།
ཡ་ཡ། ང་མགྱོགས་པོར་ཡོང་།
སྒོ་མོ་ཡང་བསྐྱར་རྡུང་མ་བྱུང་། དེ་ཡང་སལ་བེ་ཡཱ་རང་ཉིད་ཀྱི་ལན་རྐྱེན་ཡིན་ཏེ། མོས་སྒོ་མོ་དམ་པོར་གཏན་ནས་མ་ཕྱེས་རྒྱུ་ན་བཟང་མོད། འོན་ཀྱང་མོས་སྒོ་ཕྱེས་བྱུང་།
ད་ཅི་སྒོ་རྡུང་བྱུང་བ་ཁོ་ཐག་ཡིན། ཡིན་ནའང་། སྒོ་ཁ་ན་སུ་ཡང་མི་འདུག
མོས་སྒོ་བརྒྱབ་བྱུང་། ད་ཐེངས་མོས་སྒོ་གཏན་བརྒྱབ་བྱུང་།
དེའི་རྗེས་རྩིག་ལྡེབས་ཀྱི་སྒེའུ་ཁུང་ཁ་ནས་མི་ཞིག་གིས་བསམ་བཞིན་རྩེད་མོ་རྩེ་བ་ལྟར་ཐག་སྒྲ་ཏིང་སྒྲ་གྲགས་འོང་། མོས་གློག་བཀར་ནས་བལྟས་ཀྱང་། དེ་གར་ཅི་ཡང་མི་མཐོང་བར་འདུག མོས་སླར་ཡང་གློག་གཟིམ་བྱུང་། སྒྲ་དེ་ནགས་བྱི་ (squirrel) འམ། ཡང་མིན་ན་རི་སྐྱེས་སེམས་ཅན་གཞན་གིས་འབྱིན་པ་ཡིན་ནམ།
ཁྱམས་རར་བསྐྱོད་སའི་ཧྥ་རན་སི་བའི་བཟོ་བཀོད་བཏོད་པའི་གློ་སྒོ་དག་གཏན་ནི་གཏན་ཡོད་མོད། འོན་ཀྱང་ཁྱིམ་ལ་བསེར་བུ་རྒྱུ་ཆེད་སྒོ་སྲུབས་ལག་སོར་དོ་ཙམ་ཕྱེས་ནས་བཞག་ཡོད། མོས་སྒོ་མོ་རེ་རེ་བཞིན་དམ་པོར་གཏན་འགོ་བརྩམས། སྐབས་དེར་ཉེ་གམ་དུ་མི་ཞིག་བདག་བྱུང་། དགོད་སྒྲ་དེ་ཁོ་མོ་སྡོད་སའི་ཁང་མིག་དང་ཁད་ཧ་ཅང་ཉེ།
“ང་ཡིན”ཞེས་སྐྱེས་པ་ཞིག་ན་རེ“ངས་ཁྱོད་སྐྲག་ཏུ་བཅུག་སོང་ངམ”
ཁོས་ཤེལ་གྱི་སྒོ་མོ་རྡུང་གིན་གདའ། སྐྱེས་པ་དེ་ཁོང་མོའི་རྩིབ་ན་འདུག
“ང་ཁི་ལིར་ཁི་ཡིན་ཡ”ཞེས་ཁོ་སླར་ཡང་ན་རེ“ང་མ་གའི་ལམ་འགྲམ་དུ་སྡོད་པའི་ཁི་ལིར་ཁི་ཡིན”
ཁོང་མོས་ཁོ་ནང་ལ་ཤོག་ཅེས་མི་བཤད་ནའང་། ཁོས་རིག་ས་མཐོང་ས་ནས་སྒོ་གཏད་མི་ཕོད། བརྒྱ་ལ་མོས་སྒོ་མོ་གཏོད་དུ་ཆུགས། ཁོས་འགོག་རྒོལ་གནང་ངེས་རེད། མོས་གློག་སྒྲོན་ཡང་བཀར་མི་འདོད། ད་ཅི་མོས་ནང་ལྭ་སྲབ་མོ་ཞིག་གོན་ནས་ཉལ་བསྡད་ཡོད། མོས་འབོལ་ཁྲིའི་སྟེང་གི་ཉལ་ཐུལ་ཡང་བཤམ་དུ་དཀྲིས་ཡོད་ན་བཟང་མོད། ད་འཕྱིས་ཚར་འདུག
“ཁྱོས་གྱོན་པ་གྱོན་དགོས་སམ”ཞེས་ཁོ་ན་རེ“ང་འདིར་ཡོང་དོན། ངས་ཁྱོད་རང་ལ་མཁོ་བའི་ཅ་ག་འགའ་ཁྱེར་ཡོང་བ་ཡིན”
ཁོས་ལག་ཏུ་ཉོ་ཆ་རྒྱག་བྱེད་ཀྱི་ཁུག་མ་ཞིག་བཟུང་འདུག ཁོ་ཚུར་ལ་མི་བཏུད་པར། ཕར་གཞོགས་ནས་ཁུག་མ་དེ་ཁོང་མོར་གཏད།
ཅུང་འཚེར་སྣང་གིས་མོས“འདི་ཅི་ཡིན”ཞེས་དེ་སྐད་དྲིས།
“ལྟོས་དང་ཤེས་ཡོང་། འགད་རྫས་ནི་མིན། འདི། ཁྱེར་ལ་སོང”
མོས་མིག་གིས་མི་ལྟ་བར་ལག་པས་མྱངས། ཕལ་ཆར་སྙི་མོ་ཞིག་ཡིན་པ་འདྲ། དེའི་རྗེས་མོས་སྟོད་ཐུང་གི་སྒྲོག་གུ་དང་གོས་འཇམ་གྱི་ནང་ལཱ་ཞིག ཨུ་ཁུང་མང་བའི་དོར་ཆབ་ཅིག་ཡོད་པ་ཤེས་བྱུང་།
“ངས་གོན་པ་འདི་དག་ཕྱིར་ཁྱོད་ལ་སྤྲད་ན་བསམ་བྱུང”ཁོ་ན་རེ“མ་གཞི་ནས་གོན་པ་འདི་དག་ཁྱོད་རང་གི་མ་ཡིན་ནམ”
མོས་ཨམ་གཙིགས་བསྡམས་པའི་འཐུས། ཁྲོ་སྡང་གི་སོ་སྒྲ་མཆེད་མ་བྱུང་། མོའི་མགྲིན་པ་དང་ཁ་ལྕེ་འཇིགས་དངངས་ཀྱིས་སྐམ་ཞིང་ལྐུགས།
ཁོས“གོན་པ་འདི་དག་ཁྱོད་རང་གི་ཡིན་པ་ངས་ཤེས་ཡོད”ཟེར།
ལུག་བལ་གྱི་བར་འཚང་ཞིག་ལྟར། མོའི་སྨྲ་ལྕེ་འགུལ་བྱུང་།
ངག་འདར་འདར་གྱིས་མོས“ཁིར་ལཱ་གང་ན་ཡོད”ཅེས་དེ་སྐད་དྲིས། “ཁྱོད་ཀྱི་བཟའ་མོ་ཁིར་ལཱ་ཟེར་བ་ཡིན། མོ་ད་ལྟ་གང་ན་ཡོད”
ད་ནི་ཁོང་མོས་ཁོའི་ངོ་གདོང་གསལ་བོར་མཐོང་ཐུབ། མ་ཟད་ངོ་གདོང་ལས་ཁོང་མོས་ཁོའི་སྤྲོ་ཉམས་ཀྱང་མཐོང་ཡོང་།
“ངའི་བཟའ་མོ་ཁིར་ལཱ་ད་ལྟ་ཡུལ་ན་ཡོད། མོ་རང་མལ་ན་ཉལ་ནས་བསྡད་འདུག”
ཕར་བལྟས་ཚོད་ཀྱིས། ཁོ་ངོ་མ་གསར་རྒོད་ཅིག་གམ་བྱབ་ཆུང་ཞིག་ཏུ་འདུག ཁོའི་གཟུགས་གཞི་རིང་ཞིང་རིད་ལ་ཤ་དར་ཁྲག་དར་དུ་འདུག་མོད། སྡིགས་སྐུལ་དང་གཡོ་རྫུ་ཁོའི་རང་གཤིས་སུ་གྲུབ་ཅིང་། གུས་ཉམས་དེ་ཁོའི་ཚུལ་འཆོས་ཤིག་ཏུ་སྣང་ཁར། གནག་སྣུམ་སྐྲ་ལོ་ཁོའི་དཔྲལ་ངོས་སུ་ཞོམ་ཞིང་། ཁ་ཡི་ཁ་སྤུ་ཅུང་ཐོ་རེ་བར་གཟེངས། ཁོའི་མིག་ཟུང་དུ་དགའ་སྐྱོ་འདྲེས་མའི་ཉམས་ཤིག་ཤར་ལ། ཁོའི་ཁྲོ་སྡང་གི་ཞལ་ལ་རྣམ་ཀུན་བྱིས་བློའི་དགྱེས་འཛུམ་ཤིག་མངོན་འདུག
ཁོའི་ཚུགས་ཀ་འདིར་བཟའ་མོ་ཁྱོན་ནས་མི་དུངས། སྣང་བར་མི་འགྲོ་བའི་ཁོའི་སྣང་བརྙན་འདི་བཟའ་མོས་སྔོན་ཆད་སྐུ་ཞབས་ལའེ་ཨན་ལ་ལབ་དུས། ཁོས་ཁོ་མོའི་ཁྱོ་བོ་ནི་མི་མཛའ་སེམས་དང་རང་རྟོན་མེད་མཁན་ཞིག་ཏུ་མཐོང་གི་འདུག་ཟེར། དོན་དངོས་ཐོག ཁོ་རང་ཉིད་ལ་ཡིད་རྟོན་མེད་པས། ཁོས་རང་གི་བཟའ་མོར་ཡང་བདག་མི་ཐུབ་པར་འདུག
“ཁོ་མོས་རང་གི་མི་ཚེ་རེ་འདུན་ཅུང་ཙམ་བསྙེགས་པས་ཀྱང་། རྦད་དེ་མཁོ་ཆད་འདུག”ཁི་ལིར་ཁི་ན་རེ“ཁྱོས་རང་ངོ་ཟིན་ན་ལེགས། ཁྱོས་གོན་པ་འདི་དག་ངོས་ཟིན་རྗེས། ཁྱོས་རང་གི་བསམ་སྦྱོར་ལ་ལྟོས་དང་། ཁྱོས་ཅི་ཙུག་བྱེད་བསམ་པ་ཡིན། ངས་ཁོ་མོ་གསོད་ངེས་རེད་བསམ་གྱི་འདུག་གམ”
སལ་བེ་ཡཱས“ཁྱོས་ང་ངོ་མ་སྐྲག་ཏུ་བཅུག་སོང”ཟེར།
“ཁྱོས་མོ་བྲོས་བྱོལ་ལ་མངགས་པ་ཡིན་པས། ངས་ཀྱང་ཁྱོད་སྐྲག་གི་ཡོད་རྒྱུ་རེད་བསམས་བྱུང་”
“ཡིན། ངས་མོར་རོགས་བྱས་པ་ཡིན”ཞེས་སལ་བེ་ཡཱས་ཅུང་སྒམ་བརླང་ངང་ན་རེ“ཁོ་མོ་དཀའ་སྡུག་གི་ནང་ལྷུང་འདུག་པ་འདྲ་བས། ངས་མོར་རོགས་བྱས་པ་ཡིན”
“དཀའ་སྡུག་ཨེ”ཞེས་ཁོས་ཐ་སྙད་འདི་ལ་མནོ་བསམ་གཏོང་གིན་ན་རེ“ངོ་མ་ཁོ་མོ་དཀའ་སྡུག་གི་ནང་ལ་ལྷུང་ཡོད་ཚོད་རེད། བཟློག་ཏུ་མེད་པའི་དཀའ་སྡུག་ཅིག་ལ་ཕྲད་པས། མོ་སྤྱི་སྤྱོད་རླངས་འཁོར་ལས་བབས་ནས། “ང་ལེན་དུ་ཡོང་རོགས”ཞེས་ང་ལ་ཁ་པར་བཏང་བ་ལོས་ཡིན། ཡིན་ནའང་། མོས་ངུ་བཤད་བྱས་བྱུང་བས། ངས་མོས་ཅི་ཙུག་བཤད་པ་གསལ་བོ་ཞིག་གོ་མ་སོང”
“མོ་ཕྱིར་ལ་ཡོང་འདོད་འདུག་གམ”
“ཨོ། འདུག ཁྱོས་བལྟས་ན་མོ་ཕྱིར་ལ་ཡོང་འདོད་ཡོད་རྒྱུ་རེད་དམ། ཁོ་མོ་ངོ་མ་ཕྱིར་ལ་ཡོང་བར་དངངས་སྐྲག་སྐྱེས་འདུག སྤྱིར་ཁོ་མོ་དགའ་སླ་ཞིང་ངུ་སྐྱེན་པའི་བུད་མེད་རིགས་ཤིག་རེད་ཀྱང་། ངས་བལྟས་ན། ཁྱོད་ཁོ་མོར་ང་ལས་ལྷག་པའི་ཆ་རྒྱུས་ཅི་ཡང་མེད་པ་འདྲ”
“ད་ཅི་ཁོ་མོ་བྲོས་བྱོལ་ལ་འགྲོ་བར་ཧ་ཅང་དགའ་ཞིང་སྤྲོ་བར་སྣང”
“ཨོ། དངོས་གནས་དེ་འདྲ་རེད་དམ། ང་འདིར་ཁྱོད་ལ་མོས་མཐུན་བྱེད་དུ་ཡོང་བ་མིན་མོད། དེ་ན་ང་ཁྱོད་ཀྱི་སྐད་ཆར་ཡིད་ཆེས་ན་འགྲིག”
སལ་བེ་ཡཱས་ཅི་ཡང་ལབ་རྒྱུ་མ་བྱུང་།
“དྲང་མོར་བཤད་ན། ང་འདིར་ཡོང་དོན། ངས་གྱོན་པ་འདི་དག་ཕྱིར་སྤྲོད་དུ་ཡོང་བ་ཁོ་ནས་མི་ཚད། ང་འདིར་ཡོང་དོན། ཚེ་ཐོག་འདིར་ཁྱོད་ཀྱིས་ངའི་བཟའ་མོའི་དོན་དག་ལ་ཇུས་གཏོགས་བྱས་པར། ངས་ནམ་ཡང་ཁྱོད་ལ་བཟོད་སྒོམ་མི་ཐུབ་ཅེས་དེ་སྐད་བཤད་དུ་ཡོང་བ་ཡིན”
སལ་བེ་ཡཱས་རང་ཉིད་ཁ་རོག་ལ་བསྡད་ན་བཟང་བ་ཤེས་བཞིན་དུ། མོས“ཁོ་མོ་ཁྱོད་ཀྱི་བཟའ་མོ་ཡིན་རུང་། ཁོ་མོ་མྱི་རེད”ཅེས་དེ་ལྟར་བརྗོད་བྱུང་།
“ཨོ། དཀོན་མཆོག་མཁྱེན། དེ་འདྲ་རེད་དམ། ངའི་བཟའ་མོ་མྱི་རེད་དམ། དངོས་གནས་ཟེར་བ་ཡིན་ནམ། ཁྱོད་ཀྱིས་གསལ་འདེབས་གནང་བར་བཀའ་དྲིན་ཆེ་མོད། སལ་བེ་ཡཱ་ལགས། ཁྱོད་ཀྱིས་ང་ལ་ཤེས་མདོག་མཁས་མདོག་དེ་འདྲ་མ་གནང་རོགས”
“ངས་ཤེས་མདོག་མཁས་མདོག་ཅང་བཏོད་མེད”
“དེ་ན་བཟང་གི། ང་སྨྱོན་པར་འགྱུར་མི་འདོད། ང་ཁྱོད་ལ་བཤད་རྒྱུའི་དོན་དག་གལ་ཆེན་འགའ་ཡོད། གཅིག དུས་ནམ་ཞིག་དང་ཡུལ་གང་ཞིག་ཡིན་ཡང་རུང་། དེང་ཕྱིན་ཆད་ཁྱོད་ཀྱིས་ངེད་བཟའ་ཚང་གི་འཚོ་བར་ཇུས་གཏོགས་མི་གནང་བ་དང་། གཉིས། ད་ནས་བཟུང་ངས་རང་གི་བཟའ་མོ་འདི་གར་ཡོང་དུ་འཇུག་མི་འདོད། ཁོ་མོ་ཡང་འདི་གར་བཏུད་འདོད་མེད་པ་ངས་ཁ་ཚོན་གཅོད་ཐུབ། ད་ཆར་ཁོ་མོར་ཁྱོད་ཀྱི་ལྟ་ཚུལ་འདོད་ཚུལ་ལ་གསན་འདོད་མེད། ད་ནི་ཁྱོད་ཀྱིས་ཅི་ལྟར་རང་ཁྱིམ་ལ་བདག་སྤྲས་བྱེད་སྟངས་ཤེས་ན་འོས”ཞེས་ཁོས་དབུགས་ཐེངས་གཅིག་གིས་ན་རེ“ད་ཤེས་སོང་ངམ”
“ད་ཆོག་གི”
“ངས་ངོ་མ་དེ་ལྟར་འདོད་ཅིང་། དེ་བཞིན་འགྲུབ་པའི་རེ་བ་ཡོད”
སལ་བེ་ཡཱས“དེ་ན་བཟང་གི”ཟེར།
“དེ་མིན་ངས་ད་དུང་ཅི་ཙུག་བཤད་སྙིང་འདོད་པ། ཁྱོས་ཨེ་ཤེས”
“ཅི་ཙུག་བཤད་སྙིང་འདོད་དམ”
“ཁྱོས་ང་ལ་བུ་ལོན་ཞིག་ཆད་སྙམ”
“བུ་ལོན་ཅི་ཙུག”
“ཁྱོས་ང་ལ་བུ་ལོན་ལོས་ཆད། ཁྱོས་ང་ལ་བཟོད་གསོལ་ཞུ་བའི་བུ་ལོན་ཆད་ཡོད”
སལ་བེ་ཡཱ་ན་རེ“ཨོ། ཁྱོས་ངོ་མ་དེ་ལྟར་འདོད་ཡོད་ན། དགོངས་དག”
ཁོ་སྔུན་སོར་ཅུང་ཙམ་ནུར། ཁོའི་གཟུགས་པོའི་གཡོ་འགུལ་དང་བསྡེབས་ནས། མོའི་སྐད་ངན་ཤོར་བྱུང་། གཅིག་བྱས་ན་ཁོའི་ལག་པ་ལན་པ་ཡིན་སྲིད།
ཁོ་བགད་བྱུང་། ཁོའི་ལག་པ་སྒོ་སྒྲོམ་སྟེང་ལ་བཞག་ནས། ཁོང་མོས་སྒོ་མོ་གཏན་ཡོད་མེད་ལ་བལྟས།
“གན་ཅི་རེད”
“ཅི་ཙུག”ཅེས་ཁོས་དེ་ལྟར་དྲིས།
ཁོ་མོ་གཡོ་རྫུ་ཞིག་ལས་གཡོལ་ཐབས་བྱས་ཀྱང་འབྲས་མེད་དུ་གྱུར། དེའི་རྗེས་ཁོས་ཁ་གཏད་ཀྱི་ཤེལ་ཡོལ་ངོས་སུ་ལྡོག་འཕྲོས་སུ་ཤར་བའི་གྲིབ་གཟུགས་ཤིག་མཐོང་ནས། ཁོས་གཡས་གཡོན་ལ་བལྟས་ནས་ལག་སྙོབ་དུ་མ་བྱེད་དགོས་བྱུང་།
ཁོང་མོ་ཚང་གི་ཁང་ཁྱིམ་དང་ཁད་མི་རིང་བའི་སར་གྲོག་རོང་ཞིག་ཡོད། ལོ་རེའི་ད་ཚད་རྣམ་ཀུན་གྲོག་རོང་དེ་མཚན་མོའི་སྨུག་ཞགས་ཀྱིས་གཏམས་ཡོང་། དགོང་མ་འདི་ཚོར་ནམ་རྒྱུན་གྲོག་རོང་དེ་སྨུགས་པས་ལྟེམས་ཤིང་། དོ་ནུབ་ཀྱང་དེ་ལྟར་མཚན་མོའི་སྨུགས་པ་འཐིབ་འདུག ཡིན་ནའང་། ད་ལྟ་མཚན་སྨུག་འགྱུར་གྱིན་གདའ། མཚན་སྨུག་གི་གཏིང་ཇེ་ཟབ་དང་ཁྱབ་ཇེ་ཆེ་རེད་ལ། མཚན་སྨུག་གི་ཁ་མདོག་དཀར་གསལ་དང་རྣམ་པ་ལ་ལོང་དུ་གྱུར་འདུག
དེ་ཡང་ཐོག་མར་ནེམ་ལྗང་གི་ཁུར་མོང་ཚོམ་བུ་ཁ་སྦུབ་ཏུ་འགྱེལ་ཞིང་རྙིད་རྗེས། སླར་ཡང་ཁ་མདོག་དཀར་གཙང་གི་རི་སྐྱེས་སེམས་ཅན་རིགས་ཤིག་སྟེ། རྟ་རྒོད་རྭ་གཅིག་མ་ (གནའ་གཏམ་དུ་གྲགས་པའི་རྟ་མཆོག་དཔྲལ་བའི་དབུས་སུ་རྭ་ཅོ་ཁེར་སྐྱེས་ཡོད་པ་ཞིག) ཞིག་ཏུ་གྲུབ་ནས། བྲེལ་མ་འཚབ་ཀྱིས་ཁོང་གཉི་གའི་ཕྱོགས་སུ་ཤར་རེར་རྒྱུག་འོང་གི་ཡོད་པ་འདྲ་བྱུང་།
སྐབས་དེ་ཤེད་དུ། ཁི་ལིར་ཁིས་ཤབ་ཤུབ་ངང་ལ“སྟོན་པ་ཡི་ཤུས་མཁྱེན་ནོ”ཞེས་གསོལ་བ་འདེབས་བཞིན། སལ་བེ་ཡཱའི་དཔུང་བར་འཐམས། ད་རེས་ཀྱི་འཐམ་འཁྱུད་དེས་ཁོང་མོར་འཇིགས་དངངས་བསྐྱེད་མ་བྱུང་བ་འདྲ། དེ་ཡང་ཁོས་རང་ཉིད་འཇིགས་སྐྲག་ལས་སྲུང་བའམ། ཡང་མིན་ན་ཁོང་མོ་འཇིགས་ཉེན་ལས་སྐྱོབ་ཀྱི་ཡོད་པ་འདྲ་བས། ངང་ཚུལ་དེ་ལ་མོས་བསམ་ཤེས་མོས་མཐུན་གནང་བྱུང་།
དེའི་རྗེས་གྲིབ་གཟུགས་དེ་དམ་དུམ་ལ་ལོང་དུ་ཐོར། དཀར་གསལ་གྱི་གསེབ་ཏུ། ཡང་ན་སྨུགས་པའི་གསེང་དུ། རྒྱབ་ཕྱོགས་ཀྱི་རྒྱ་ལམ་སྟེང་རླངས་འཁོར་ཞིག་ཚུར་ཡོང་གིན་པ་མངོན་འོང་། ཕལ་ཆེར་རླངས་འཁོར་འཇོག་ས་ཞིག་འཚོལ་བཞིན་ཡོད་བཟོ་འདུག དེར་མ་ཟད་རྐང་འཁྲབ་ལག་འཁྲབ་གནང་གིན་པའི་ར་མ་དཀར་དཀར་ཞིག་ཀྱང་མཐོང་ཡོང་། དེའི་བོངས་ཚད་ལ་ལུག་ཁྱུ་སྲུང་བའི་སྒོ་ཁྱི་ཞིག་གི་ཆེ་ཆུང་ཙམ་ལས་མི་འདུག
ཁི་ལིར་ཁིའི་ཡིད་སེམས་ཅུང་ལྷོད་ལ་བབས་ནས་ན་རེ“ཨོ། སྟོན་པ་ཡི་ཤུས་མཁྱེན། ཁྱོད་གང་ཞིག་ནས་ཡོང་བ་ཡིན་ནམ”
“གན་ཁྱོད་ཚང་གི་ར་མ་རེད”ཅེས་སལ་བེ་ཡཱས“ཕ་གི་ཁྱོད་ཚང་གི་ར་མ་ཧྥི་ལའོ་རཱ་མིན་ནམ”ཟེར།
“ཧྥི་ལའོ་རཱ”ཁོ་ན་རེ“ཧྥི་ལའོ་རཱ”
ར་མ་ཧྥི་ལའོ་རཱ་ཞིང་ར་ཞིག་གི་ཕར་ཕྱོགས་སུ། ཡང་ན་ཁོང་གཉིས་དང་ཁད་ཅུང་རིང་སར། ངོ་ཚ་ནས་མགོ་བོ་སྨད་བྱུང་།
“ཧྥི་ལོ་རཱ། ད་རག་བར་དུ་ཁྱོད་ག་བ་ག་བར་ཕྱིན་པ་ཡིན་ནམ། ཁྱོས་ངོ་མ་ངེད་གཉིས་སྐྲག་ཏུ་བཅུག་སོང”ཞེས་ཁི་ལིར་ཁིས་དེ་སྐད་ལབ།
ཁོས“ངེད་གཉིས”ཟེར་དོན་ག་རེ་ཡིན་ནམ།
ཧྥི་ལའོ་རཱ་ཁོང་གཉིས་ཀྱི་གམ་དུ་བཅར་རུང་། མོས་མགོ་བོ་དགྱེ་ནས་ཁོང་གཉིས་ལ་ལྟ་མ་ཕོད་པར། བདག་པོ་ཁི་ལིར་ཁིའི་རྐང་བར་གདོང་ཐུག་བརྒྱབ་སོང་།
སུན་སྣང་ངམ་ཁོང་ཁྲོའི་ངང་ལ་ངག་འདར་འདར་གྱིས་ཁི་ལིར་ཁིས“ཅི་འདྲའི་སྲོག་ཆགས་གླེན་གོག་ཅིག་རེད་ཨང”ཟེར།
སལ་བེ་ཡཱ་ན་རེ“མོ་ཁ་འཁྱར་བ་ཡིན་ངེས”
“ཨོ་ལེ། མོ་ཁ་འཁྱར་བ་ཡིན་རྒྱུ་རེད། ངོ་མ་ངེད་གཉི་གས་མོ་ཡང་བསྐྱར་མཐོང་ཐུབ་པ་ཞིག་ཡིད་ལའང་མ་དྲན”
ཧྥི་ལའོ་རཱས་ག་ལེར་མགོ་བོ་ཡར་བཀྱགས་བྱུང་། ཟླ་འོད་འོག་ཏུ། མོའི་མིག་ཟུང་ལས་འོད་མདངས་ཤིག་འཚེར་ཡོང་།
“ངེད་གཉིས་སྐྲག་ཏུ་བཅུག་སོང”ཁི་ལིར་ཁི་ན་རེ“ངེད་གཉི་གས་ཁྱོད་གདོན་འདྲེ་ཞིག་རེད་བསམས་བྱུང”
སལ་བེ་ཡཱས“དེ་མཚན་སྨུག་འཐིབས་པའི་རྐྱེན་རེད”ཟེར་བཞིན། ཁོང་མོ་སྒོར་བུད་ནས་ཁྱམས་རར་བསྐྱོད། ཁོ་ར་ཁོར་ཡུག་ཀུན་གྲག་འགུལ་ཅི་ཡང་མེད་པར་ཧ་ཅང་སེམས་བདེ་བག་ལྷོད་དུ་འདུག
“ཨོ་ལེ”
“མ་གཞི། འོད་སྣང་དེ་རླངས་འཁོར་གྱི་གློག་འོད་ཡིན་པ་འདྲ”
“གདོན་འདྲེ་ཞིག་གཉིས་སུ་མི་འདུག”ཅེས་ཡིད་སེམས་ལྷོད་ལ་བབ་ནས་ཁོས་དེ་སྐད་སྨོས་ཤིང་། རང་ཉིད་ཀྱི་འགྲེལ་བརྗོད་ལ་སེམས་ཀྱིན། ཁོ་ཧ་ཅང་ཡིད་ཚིམས་པར་འདུག
“དངོས་གནས་རེད”
ཁོས་ར་མ་ཧྥི་ལའོ་རཱའི་མོག་ལ་བྱིལ་བྱིལ་གཏོང་གིན“འཇིག་རྟེན་ཕྱི་རོལ་ (རྒྱུ་སྐར་གཞན་པར་གོ) གྱི་ར་མ་ཟེར་བ་ཁྱོད་ལྟ་བུ་ཞིག་ཡིན་རྒྱུ་རེད། དངོས་གནས་ཁྱོད་ཕྱི་རོལ་འཇིག་རྟེན་ནས་འོང་བའི་ར་མ་ཞིག་ཡིན་པ་འདྲ”ཟེར། ཡིན་ན་ཡང་སལ་བེ་ཡཱས་ར་མའི་མགོ་ལ་བྱིལ་བྱིལ་གནང་བར་བརྩམས་མ་ཐག ར་མས་གློ་རྒྱག་ལ་མགོ་བོ་གུག་གུག་གིས་ཁོང་མོར་རྡུང་རྩིས་བྱས་བྱུང་།
“མ་གཞི་ནས་ར་མ་ནི་སྨྲ་བསམ་བརྗོད་འདས་ཀྱི་སྲོག་ཆགས་ཤིག་རེད”ཅེས་ཁི་ལིར་ཁི་ན་རེ“ལོ་ན་གཞོན་ཡང་རུང་། ལོ་ན་བགྲེས་ཀྱང་ཆོག བལྟས་ཚོད་ཀྱིས། ར་མ་ནི་སྒོ་ཕྱུགས་ཞི་དུལ་གཡུང་མོ་ཞིག་ཏུ་སྣང་ཡང་། དེ་འདྲ་ཞིག་ཁྱོན་ནས་མ་རེད”
“མོ་ལོ་ན་མཐོ་འམ། བལྟས་ཚོད་ལ་ད་དུང་ཧ་ཅང་གཞོན་ཤ་དོད་པར་འདུག”
“མོའི་ན་ཚོད་ཧ་ལམ་མོ་རང་གི་ཚེ་ཚད་ལས་བརྒལ་ཞིང་ཡོད”
ཁོང་གཉི་གས་ར་མ་ཧྥི་ལའོ་རཱར་བལྟས་ནས་བསྡད། སྡོད་ཀྱིན་སྡོན་ཀྱིན་ར་མས་ཁོང་གཉིས་ལ་གླེང་བྱ་དེ་ལས་མང་པོ་ཞིག་སྩོལ་བར་རེ་མོད། ཕལ་ཆེར་ར་མས་དེ་ལྟར་གནང་རྩིས་མེད་པ་འདྲ་བས། ཁོང་གཉི་གས་མུ་མཐུད་ཁ་བརྡ་བཤད་དམ། ཡང་ན་སྔར་བཞིན་རྩོད་གླེང་བྱེད་རྒྱུ་ཆ་མ་འཚལ་བའི་སྐབས་དེ་ཤེད་དུ། སལ་བེ་ཡཱས་ཁོའི་མིག་ཀོང་དུ་ནོངས་འགྱོད་ཀྱི་གྲིབ་སོ་གུག་འདུག་སྙམ།
ཁོས་ཀྱང་ཁོང་མོའི་འདོད་ཚུལ་དེ་རྟོགས་བྱུང་བ་འདྲ། ཁོ་ན་རེ“ད་འཕྱི་བོ་ཆགས་འདུག”
ཁོ་འདི་གར་བཅར་དོན་ནི་ཆེས་རྒྱུན་ལྡན་ཞིག་ཡིན་པ་ལྟར། ཁོང་མོས“ཨོ་ལེ། ད་འཕྱི་བོ་ཆགས་འདུག”ཟེར།
“ཡ། ཧྥི་ལའོ་རཱ། ད་ངེད་གཉིས་ཡུལ་ལ་ལོག་རན་འདུག”
“གལ་སྲིད་ང་ལ་རོགས་འདྲ་དགོས་ཚེ། ངས་གོ་སྒྲིག་གཞན་ཞིག་བྱས་ཆོག”ཁོང་མོ་ན་རེ“ཕལ་ཆེར་ད་ལྟ་ང་ལ་རོགས་འདྲ་ཅང་མི་དགོས”
མོས་ཡང་བསྐྱར“ད་ངས་ཁྱོད་ལ་སུན་སྣང་བསྐུར་མི་འདོད”ཅེས་སྐད་ཆ་འགའ་ཁ་སྣོན་གྱི་ཚུལ་དུ་སྨྲས།
“ཨོ་ཡ་ཡ”ཁོ་ན་རེ“ད་ཁྱོད་ཕྱིར་ནང་ལ་ལོག་ན་མ་གཏོགས། ཁྱོད་ལ་ཆམ་པ་དྲོས་འཁྱག་འདྲ་བྱུང་ངེས་རེད”
“བདེ་མོ”ཁོ་མོ་ན་རེ“ཧྥི་ལའོ་རཱ་བདེ་མོ་བྱོས”
སྐབས་དེ་ཤེད་དུ་ཏག་ཏག་ལ་ཁ་ཕར་གྲགས་བྱུང་།
“དགོངས་པ་མ་འཚོམས”
“བདེ་མོ་བྱོས”
འདི་ནི་ཇི་འདྲའི་བྱམས་ཤིང་བརྩེ་བ་ཞིག་རེད་ཨང་།
“ཨོ། འཆར་གཞི་ལ་འགྱུར་བ་བཏང་ཡིན”ཞེས་སལ་བེ་ཡཱས་དེ་སྐད་སྨྲས།
ར་མ་ཆུང་ཆུང་དེ་སེམས་ཀྱིན་སེམས་ཀྱིན། ཁོང་མོ་གཉིད་སྐྱིད་པོ་ཞིག་གཏན་ནས་མ་ཡོང་། ར་མ་སྨུག་གསེང་ནས་མངོན་སྟངས་དེ་མིག་འཕྲུལ་བསྟན་པ་དང་གཉིས་སུ་མི་འདུག བརྒྱ་ལ་ཁྱོ་བོ་ལའེ་ཨན་དེང་འདིར་འཚོ་བཞུགས་གནང་བའི་དབང་དུ་ཆུགས་ཀྱང་། ཁོས་སྣང་ཚུལ་ལ་འགྲེལ་བརྗོད་ཐུབ་བམ་སྙམ་དུ། མོ་ཧ་ལས་ཧོན་འཐོར་ཞིང་འདུག
གལ་ཏེ་མོ་རང་སྙན་ངག་མཁན་ཞིག་ཡིན་ཚེ། མཐོང་སྣེ་འདི་མོས་སྙན་ངག་ཏུ་འབྲི་ངེས་ཡིན་མོད། འོན་ཀྱང་མོའི་མྱོང་ཚོར་ཞིག་ལ། མོའི་བསམ་གཞིག་གི་བརྗོད་སྙིང་འདི་སྙན་ངག་མཁན་ཞིག་གིས་སྙན་ངག་ཏུ་བཀོད་ནས། ཁྱོ་བོ་ལའེ་ཨན་ལ་སྤྲིང་མི་སྲིད། རྒྱུ་མཚན། གནའ་ནས་ད་བར། ཁོ་དངོས་དོན་རིང་ལུགས་པ་བསྙོན་མེད་ཅིག་ཡིན་པར་འདུག
ཁིར་ལཱས་ཁྱོ་བོ་ཕྱི་ལ་སོང་བ་ཚོར་མེད་ནའང་། ཁོ་ཕྱིར་ལ་ལོག་ཡོང་དུས། མོ་གཉིད་ལས་སད་བྱུང་།
ང་ལྷས་རར་ལྟ་བར་སོང་བ་ཡིན་ཞེས་ཁོས་བཟའ་མོར་དེ་སྐད་ལབ།
“ད་ཅི་རླངས་འཁོར་ཞིག་ཡ་གའི་རྒྱ་ལམ་ཁར་འགྲོ་ཡི་འདུག ངས་རླངས་འཁོར་དེ་འདི་གར་ཅི་བྱེད་དུ་ཡོང་བ་ཡིན་ནམ་སྙམ་ནས། ང་ཕྱིར་གཉིད་མ་ཕོད་པར། ཕྱི་ལ་ལྟ་རུ་སོང་བ་ཡིན”
“དེས་ན། རླངས་འཁོར་དེ་ཅི་ཙུག་རེད”
“ཡར་ལྟ་དུས། ཁད་རིང་བས་གསལ་བོ་ཞིག་མཐོང་གི་མི་འདུག”ཁོ་ན་རེ“དེ་ནས་ང་ལམ་ཁར་ལྟ་རུ་སོང་ན་སྙམ་ནས། འགྲོ་ཞོར་ལ་གྱོན་པ་དེ་དག་ཕྱིར་སྤྲད་པ་ཡིན”
ཁིར་ལཱ་ཡར་ལངས་བྱུང་།
“ཁྱོས་ཁོང་མོ་གཉིད་ལས་བསླངས་མེད་དམ”
“ཁོང་མོ་སད་འདུག ཡིན་ན་ཡང་སྐྱོན་མེད། ངེད་གཉི་གས་ཁ་བརྡ་ཐུང་ཐུང་ཞིག་བཤད་ཡིན”
“ཨོ”
“ཡིན་ན་ཡང་སྐྱོན་མེད”
“ཁྱོས་དོན་དག་དེ་བཤད་མེད་དམ”
“ངས་དོན་དག་དེ་མ་བཤད”
“ངོ་མ་དེ་རྟོག་བཟོ་བྱས་པ་རེད། ངོ་མ་སྙོན་བཤད་རང་རེད། ཁྱོད་ང་ལ་ཡིད་ཆེས་ན་འགྲིག དེ་ཚང་མ་རྫུན་གཏམ་རེད”
“ཨེ་རེད”
“ཁྱོས་ང་ལ་ཡིད་ཆེས་བྱས་ཆོག”
“དེ་ན། ང་ཁྱོད་ལ་ཡིད་ཆེས”
“དེ་ཚང་མ་རྟོག་བཟོ་རེད”
“ཨེ་རེད”
ཁོ་ཉལ་སའི་ནང་ལ་འཛུལ་བྱུང་།
“ཁྱོད་ཀྱི་རྐང་བ་རློན་པ་ཡིན་ནམ”ཞེས་བཟའ་མོས་དེ་ལྟར་དྲིས།
“སྨུགས་ཟིལ་ཆགས་འདུག”
ཁོའི་ཁ་ཚུར་ལ་འཁོར་བྱུང་།
“ཚུར་ལ་གཏོད་དང་། ད་ཅི་ངས་ཁྱོད་ཀྱི་བརྡ་འཕྲིན་ཀློག་དུས། ང་རང་ཉིད་ཀྱི་གྲོག་རོང་ལྟ་བུའི་བྲང་ཁོག་ཏུ་བསྐྱོད་པ་དང་འདྲ། དངོས་གནས་བཤད་ནི། ཚོར་སྣང་ཞིག་ལ། ངའི་བྲང་ཁོག་སྟོང་བ་སྟོང་རྐྱང་དུ་ཕུད་འདུག་པ་འདྲ་བྱུང”
ཉིན་འདི་ཚོར་གནམ་ངོ་ཐངས་འདུག མཚོ་ཁུག་དང་ཚོང་ཁང་། སྦྲག་ཁང་ཁག་ཏུ་ཡུལ་མི་ཚོས་ཕན་ཚུན་ལ་མགོ་བོ་ལྕོག་ལྕོག་གྱིས་འཚམས་འདྲི་སྟབས་བདེ་རེ་བྱེད་ཞོར། ད་གཞི་ནས་དབྱར་ཁ་ཚེས་བྱུང་ཞེས་དེ་སྐད་བརྗོད།
རྩྭ་ཐང་གི་སྔོ་རྩྭ་དང་སེར་བས་བཅོམ་པའི་ལོ་ཏོག་གི་མགོ་ལྕོག་ལྡེམ་ལྡེམ་གཡོ། མཐའ་འཁོར་གྱི་འདམ་རྫིང་དག་སྐམ་ནས་འདམ་བག་ས་རྡུལ་དུ་གྱུར། དྲོ་ཞིང་འཇམ་པའི་བསེར་རླུང་དལ་བར་ལྡང་བ་ན། ཡུལ་མི་ཚོའི་སེམས་ལ་སླར་ཡང་ཡུལ་ལས་ལ་གཞོལ་དགོས་པའི་ཚོར་སྣང་སྐྱེས།
ཁ་པར་གྲགས་བྱུང་། ཁ་པར་དུ་རླངས་འཁོར་བསྐོར་བའི་སྒྲིགས་ལམ་དྲན་སྐུལ་དང་རླངས་འཁོར་གཏོང་བའི་འཛིན་བྱང་རྩད་འདྲི་གནང་། དབྱར་གསེང་ལ་སྐྱོད་མཁན་ཚོས་དངོས་མང་བཤམས་སྟོན་ཁང་ལ་གཟིགས་སྐོར་དུ་འགྲོ་རྒྱུ་ཕྱིར་འགྱངས་བྱས། འགྲུལ་སྐྱོད་རླངས་འཁོར་མང་པོ་སླེབས་བྱུང་། སྲོན་མི་ཚུགས་པའི་བྱིས་པ་ཚོས་སྔ་གཞུག་བརྩད་ནས་རླངས་འཁོར་ནང་ལ་བཙངས་ཤིང་། རྟ་ཁེབས་བླངས་པའི་གླ་རྟ་དག་རྩྭ་རའི་ནང་རང་དབང་གིས་བང་རྩལ་འགྲན་བཞིན་མཆི།
ཁ་སྔོན་ཁི་ལིར་ཁིས་རིན་གོང་མདའ་བའི་ཐོག་ཁེབས་དུམ་བུ་ཞིག་ཉོ་རྒྱུ་རེག་ནས། བྲོས་བྱོལ་གྱི་ཉིན་_____ཁིར་ལཱ་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ནས་བྲོས་བྱོལ་དུ་ཕྱིན་པར་ཁོང་ཚོས་འདི་ལྟར་འབོད་ཀྱིན་ཡོད_____དང་པོ་ཧྲིལ་བོ་སྤྱད་ནས་ཁོས་རྩལ་སྦྱོང་ར་བའི་ཐོག་ཁེབས་ཞིག་གསོ་བྱས།
ཉིན་འདི་ཚོར་ཞོར་ལས་ཙག་ཙིག་ལ་ཕྱིན་ནས། ཁི་ལིར་ཁི་བཟའ་ཚོ་གཉི་གས་ཕན་ཚུན་ལ་ལག་གཡབ་ཡང་ཡང་བྱེད། མཐའ་འཁོར་དུ་མི་གཅིག་ཀྱང་མེད་དུས། སྐབས་རེར་ཁོ་མོ་ཁྱོ་བའི་འཁྲིས་སུ་འགྲོ་ཞོར་ལ། ཁོའི་དཔུང་བར་འཇུས་ནས། ཕྲག་སྟེང་གི་ཕུ་རུང་མེད་པའི་དབྱར་ལྭ་སྲབ་མོའི་ཐོག་ལ་འོ་རེ་བསྐྱལ་ངེས།
“གལ་ཏེ་ཁྱོས་ང་བསྐྱུར་ནས་ཡང་བསྐྱར་འབྲོ་རྒྱུ་ཞིག་ཡོད་ཚེ། ངས་ཁྱོད་ཀྱི་ཤུན་པགས་བཤུ་ངེས་ཡིན”ཞེས་ཁོས་བཟའ་མོར་དེ་ལྟར་ཟེར་བ་ལ། ཁོ་མོ་ན་རེ“ད་ཆར་ཁྱོད་རང་སུ་ཞིག་ཡིན་ནམ། ཁྱོད་ཁི་ལིན་ཐི.ཨེ་སི་ཐི་ཝོ་ཊི་ (Clint Eastwood) ཡིན་ནམ”
དེའི་རྗེས་ཁོ་མོས“དངོས་གནས་ཡིན་ནམ”ཞེས་དེ་སྐད་དྲིས་བྱུང་།
“ཅི་ཙུག”
“ངོ་མ་ངའི་ཤུན་པགས་བཤུ་ངེས་ཡིན་ནམ”
“དངོས་གནས་བཤད་ནི”
ཉི་ཤར་གྱི་དུས་ན། ཁོ་ར་ཁོར་ཡུག་ཀུན་ཏུ་བྱེའུ་འཇོལ་མོ་ (blackbird) དང་བྱེའུ་དང་དམར་ (robin) བྱེའུ་ཐི་བ་ (dove) ཆ་གཅིག་བཅས་འདབ་ཆགས་ཚོགས་ཀྱིས་གྲེ་འགྱུར་སྒྲོག་ཅིང་། ཕོ་རོག་ (crow) དང་ཆུ་སྐྱར་ (gull) ཁྱུ་ཞིག་མཚེའུ་མཐའ་རུ་ཅི་ཞིག་འཚོལ་ཞིང་ཉུལ་བཞིན་མཆི།
ཏིར་ཀིའི་སྐྱ་ཁྲ་ (turkey buzzard) ཆེན་པོ་འགའ་ལེ་དབར་ཕྱེད་ཙམ་གྱི་སར་ཡོད་པའི་ནགས་འདབས་ཀྱི་བེ་ཤིང་ (oak) སྡོང་སྐམ་ཞིག་གི་མགོར་བབས་འདུག དང་ཐོག་འདབ་ཆགས་འདི་དག་སྡོང་མགོར་བབས་ཤིང་། སྐབས་རེར་གཤོག་རུ་བརྐྱངས་ནས་འཕུར་གྲབས་བྱེད་ལ། ལན་རེར་མཐའ་འཁོར་དུ་འཕུར་ལྡིང་བྱེད། དེའི་རྗེས་ཉི་འོད་དང་བསེར་རླུང་དབུས་སུ་རང་དགར་དལ་ཅག་གེར་གདའ། ཉིན་གཅིག་གི་ཚེ་སྲོག་ཐོབ་རྗེས། ཁོ་ཚོས་ནམ་འཕང་གཅོད་པ་དང་ལྡིང་འཁོར་རྒྱག་པ། ནགས་ཀློང་འགྲིམ་པ་དང་ས་སྟེང་དུ་འབབ་པ། ཡང་མིན་ན་འདྲིས་ལོབས་སུ་སོང་བའི་སྡོང་སྐམ་དེ་དག་གི་སྟེང་ལ་ཕྱིར་འཕུར་ཡོང་ནས་ངལ་གསོར་རོལ།
རྒོད་མ་ལའེ་ཛེ་ཡཱའི་བདག་མོ་རྗོ་ལགས་གུས་གུས་ཞུམ་ཞུམ་ངང་ལ་ཡང་བསྐྱར་སླེབས་བྱུང་། ཉེ་ཆར་ཁོ་མོ་ཆར་དུས་ལ་སུན་སྣང་སྐྱེས་ནས་རི་འཛེག་གུང་གསེང་ལ་ཕྱིན་ནས། ཁ་སང་དེ་རིང་ཞིག་ལ་ཕྱིར་སླེབས་པ་ཡིན། གུང་གསེང་ལ་བསྐྱོད་ནས་ཁོ་མོ་ཐུགས་ཧ་ཅང་དགྱེས་པོ་བྱུང་འདུག
ཁི་ལིར་ཁི་དང་ཁོ་མོ་གཉིས་ཐོག་མར་འཕྲད་དུས། ཕན་ཚུན་ལ་དོགས་ཟོན་བྱེད་དགོས་མོད། ཡུན་གྱིས་ཡུན་གྱིས་འཁོན་འཛིང་ཅི་ཡང་མ་བྱུང་བ་ལྟར་ཕན་ཚུན་ལ་ཀུ་རེ་རྩེད་མཚར་བཤད།
“བལྟས་ཚོད་ཀྱིས་ལའེ་ཛེ་ཡཱ་ཡག་རུ་ཆགས་འདུག་པ་འདྲ”ཁོ་མོ་ན་རེ“མོའི་གྲོགས་མོ་ཆུང་ཆུང་དེ་གང་ན་ཡོད”
“བུད་སོང”ཁི་ལིར་ཁི་ན་རེ“ཕལ་ཆེར་མོ་རི་མགོར་ཆས་པ་མིན་འགྲོ”
“དེ་གར་རྒོད་ལ་ཤོར་བའི་ར་མ་མང་པོ་ཡོད་ཅིང་། ར་རྒོད་དེ་དག་གི་རྭ་ཅོ་ཤིན་ཏུ་མཛེས་ཨང”
“ངས་ཀྱང་དེ་སྐད་ཅིག་ཐོས་མྱོང”
འདས་པའི་ཉི་མ་གསུམ་བཞི་ཞིག་གི་རིང་ལ་ཁོང་ཁྱོ་ཤུག་གཉིས་ལས་བྲེལ་ཆེ་བས། ཡིག་སྒམ་ནང་བརྡ་འཕྲིན་འབྱོར་ཡོད་མེད་ལ་ལྟ་རུ་འགྲོ་ཁོམ་མ་བྱུང་། བཟའ་མོ་ཁིར་ལཱས་ཡིག་སྒམ་སྒོ་ཕྱེ་དུས། གལ་སྲིད་ཁོང་གཉི་གས་དུས་དེབ་ཁང་ག་གེ་མོ་ཞིག་གི་བདུན་དེབ་མངག་ཉོ་གནང་ཚེ། འབྱུང་འགྱུར་ཁོང་གཉིས་ལ་ཨ་སྒོར་ས་ཡ་གཅིག་གི་བྱ་དགའ་འཐོབ་ངེས་ཡིན་པ་ཐག་གིས་ཆོད་ཅེས་པའི་ཁ་པར་གྱི་བྱུང་འཛིན་ཞིག་དང་ལྕམ་ཇེ་མའེ་སིན་གྱིས་སྤྲིངས་པའི་འཕྲིན་ཡིག་ཅིག་འབྱོར་འདུག
སྙིང་ནས་བརྩེ་བའི་གྲོགས་མོ་ཁིར་ལཱ་ལགས།
ཁམས་བཟང་།
ཁ་སང་དེ་རིང་ངས་དོན་གནད་འདི་དག་གི་ཐད་ལ་མནོ་བསམ་གཏོང་དུས། སྐབས་རེར་ངས་རང་ཉིད་ལ་ཁེར་བཤད་བྱེད་ཀྱི་ཡོད་པ་འདྲ་ཡང་། དོན་དམ་ངས་ཁྱོད་ལ་སེམས་གཏམ་གླེང་གི་ཡོད། དེང་འདིར་འཕྲིན་ཡིག་སྤྲིང་རྒྱུ་ཙམ་མ་གཏོགས་བྱ་ཐབས་གཞན་མེད་ནའང་། རྣམ་ཀུན་ངས་ཁྱོད་ལ་ཁ་བརྡ་རེ་གློད་སྙིང་འདོད། གལ་ཏེ། ཁྱོད་ཀྱིས་ང་ལ་འཕྲིན་ལན་བསྐུར་མ་ཐུབ་ཀྱང་། དེ་ལ་སེམས་ཁྲལ་མི་གནང་བར་འཚལ།
ལྕམ་ཇེ་མའེ་སིན་གྱིས་མུ་མཐུད་བརྗོན་དོན། ཅི་སྟེ། ཁ་སྔོན་ངས་ཁྱོད་ཀྱི་འཚོ་བའི་བདེ་སྐྱིད་དང་མི་ཚེའི་རང་དབང་ནི་ང་རང་ཉིད་དང་འདྲ་མཉམ་ལོས་ཡིན་འདོད་པའི་ནོར་འཁྲུལ་གྱི་བསམ་ཕྱོགས་དང་། ཁིར་ལཱ་ཁྱོད་རང་གི་མི་ཚེའི་དོན་དག་ལ་ཐེ་གཏོགས་བྱ་རྒྱུར་སྐྲག་གི་འདུག་ཅེས་དེ་སྐད་ལབ་བསྡད་ཡོད། ངས་འདི་ལྟར་ཁིར་ལཱ་ཁྱོད་རང་གི་མི་ཚེའི་བདེ་སྐྱིད་ལ་སེམས་ཁུར་བྱེད་ཀྱི་ཡོད་ཅིང་། དེ་དོན་ཁྱོས་རང་གི་གཉེན་སྒྲིག་གི་འཚོ་བའི་ནང་ད་གཟོད་ཚོར་རྟོགས་བྱུང་ཡོད་ཤག་རེད། མ་ཟད་ངས་ད་དུང་ཁྱོད་ཀྱི་བྲོས་བྱོལ་དང་དེའི་མྱོང་ཚོར་ལས་གཅིག་བྱས་ན་ཁྱོད་རང་གི་རེ་འདུན་ངོ་མ་མངོན་དུ་འགྱུར་བ་དང་། ཁྱོད་ཀྱི་ཁྱོ་བོའི་རེ་འདུན་དངོས་མ་མངོན་རྟོགས་ཡོང་བའི་རེ་བ་བཅངས་ཡོད།
གལ་ཏེ་འབྱུང་འགྱུར་ཁྱོས་ཁོང་མོར་ཁ་ཡ་གཏན་ནས་མི་བྱ་བའི་རེ་འདུན་བཅང་ཡོད་ཀྱང་ཆོག ངས་རྣམ་ཀུན་དེ་དོན་ལ་བསམ་ཤེས་བཟོད་སྒོམ་བྱ་སྲིད་པ་མ་ཟད། ཁྱོད་རང་གི་ཁ་སྔོན་གྱི་མི་ཚེའི་དཀའ་སྡུག་དང་དེང་གི་བདེ་སྐྱིད་ཀྱི་འཚོ་བར་སེམས་གཏིང་ནས་ཡི་རངས་ཞུ་ངེས་ཡིན།
ང་རང་ཉིད་ལ་མཚོན་ན། བྱུར་ཉེས་འདིའི་འགོ་རྔ་བར་གསུམ་གྱི་ཤན་ཤུགས་དང་ངོ་མཚར་ཡོད་ཚད་ར་མ་ཧྥི་ལའོ་རཱ་སྨུག་གསེང་ནས་མངོན་སྟངས་དང་གཉིས་སུ་མི་འདུག དོན་དངོས་ཐོག འདི་ངོ་མ་མིག་འཕྲུལ་བསྟན་པ་ཞིག་འདྲ་བོ་འདུག ད་རག་བར་དུ་མོ་གང་ཞིག་ཏུ་ཡིབ་བསྡད་པ་ཡིན་ནམ། ཏག་ཏག་ལ་སྐབས་འདི་འདྲ་ཞིག་ལ་མོ་གཞི་ནས་ཡོང་དགོས་དོན་ག་རེ་ཡིན་ནམ།
ངས་བསམ་ན། གནས་ཚུལ་འདི་ཁྱོད་རང་གི་ཁྱོ་བོས་ཁྱོད་ལ་ལབ་ཡོད་རྒྱུ་རེད་སྙམ། དགོང་མོ་དེར་ངེད་གཉི་གས་ངེད་ཚང་གི་སྒོ་ཁྱམས་སུ་རྩོད་ཤགས་བརྒྱབ་ནས་སྡོད་སྐབས། མཚན་སྨུག་ལ་ལོང་འཐིབས་པའི་གསེབ་ཏུ་དཀར་གསལ་ཞིག་གློ་རྒྱག་ལ་ངེད་གཉིས་ཀྱི་སྟེང་ལ་མཆོང་འོང་གིན་པ་ངས་ཐོག་མར་མཐོང་བྱུང་། དེ་མཚན་སྨུག་འཐིབས་པའི་རྐྱེན་གྱིས་ལོས་ཡིན་མོད། དྲང་མོར་བཤད་ན། མཐོང་སྣང་དེ་ངོ་མ་འཇིགས་སུ་རུང་བ་ཞིག་རེད།
མངོན་སུམ་གྱི་ཀློང་དུ། ངའི་མི་ཚེ་ནང་ང་དེ་འདྲའི་སྐྲག་སྣང་ཞིག་སྐྱེས་མ་མྱོང་། སྐབས་དེར་ངས་ངུ་རྒྱངས་ཤིག་བྱས་ཡོད་པ་སྨོས་མེད་རེད། གསོང་བོར་བརྗོད་ན། དེང་འདིར་ང་ད་དུང་སྐྲག་གི་འདུག
དགོང་མོ་དེར་ཕྱི་ལོགས་སུ་ལོ་ན་གཞོན་པའི་ངེད་གཉིས་དང་གྲང་ཤུར་ཤུར་འཚུབ་པའི་འཁྱག་རླུང་ལས་ཅི་ཡང་མེད་པའི་སྐབས་དེ་ཤེད་དུ། སྨུག་གསེང་ནས་གློ་རྒྱག་ལ་བོར་ཟིན་པའི་ར་མ་ཧྥི་ལའོ་རཱ་མངོན་ཆུང་གིས་ཐོན་བྱུང་།
དོན་དག་འདིའི་ནང་དམིགས་སུ། ར་མ་ཧྥི་ལའོ་རཱ་ནི་ཆེས་སྤྱིར་བཏང་གི་དུད་འགྲོ་ཆུང་ཆུང་ཞིག་ཡིན་ཁར། མོ་ད་རག་བར་དུ་དེ་འདྲའི་ཡུལ་ཐག་རིང་སར་ཉི་མ་འཁྱོལ་ཐབས་བྱེད་དོན། གཅིག་བྱས་ན་མོར་རེའུ་སྦྲུམ་པའི་དོན་དུ་ཡིན་པ་ངས་ཀྱང་ལོས་ཤེས་མོད། འོན་ཀྱང་མོ་ཕྱིར་ལོག་པ་དེ་ང་ཚོ་འགྲོ་བ་མིའི་འཚོ་གནས་དང་འབྲེལ་བ་ཅི་ཡང་ཡོད་མི་སྲིད། དེར་མ་ཟད། སྨུག་གསེང་ནས་མོ་གློ་རྒྱག་ལ་མངོན་ཡོང་བ་དེས་ཁྱོད་ཀྱི་ཁྱོ་བོ་དང་ངེད་གཉིས་ཀྱི་རྩོད་གླེང་ཐད་ལ་ཤན་ཤུགས་ཟབ་མོ་ཐེབས་མ་བྱུང་།
སྤྱིར་ཕན་ཚུན་ལ་ཁྲོ་སྡང་དང་འཁོན་འཛིང་གི་དབང་གིས། བཟའ་མི་གཉིས་ཁ་ཁར་གྱེས་པའི་དུས་མཚུངས་སུ། ཡིད་སེམས་ཀྱི་ཞེད་སྣང་གཅིག་འདྲ་ཞིག་གིས་ཁོང་གཉིས་རྦད་དེ་ག་བྱེད་འདི་བྱེད་མེད་པར་བཟོ་དུས། ཁོང་གཉིས་ཀྱི་བར་ན་ཡིད་སེམས་གཅིག་ཏུ་སྦྲེལ་བའི་འཆང་ཐག་སྲ་མོ་ཞིག་ཡོད་པ་བསྙོན་མེད་རེད་པས། མ་བསམས་ས་ནས། ཁོང་གཉིས་དེ་ལྟར་ཡང་བསྐྱར་ཁྱིམ་གཅིག་ཏུ་འདུ་ཞིང་འཛོམ་དགོས་པ་ངང་ངམ་ཤུགས་ཀྱིས་རྟོགས་ཡོང་། འཇིག་རྟེན་མི་ཡུལ་འདིར་ཁོང་གཉིས་སླར་ཡང་ལྷན་གཅིག་ཏུ་འཛོམས་ཤིང་འཚོ་བར། ངས་འདི་ལས་ལྷག་པའི་འགྲེལ་བཤད་གསལ་བོ་ཞིག་བྱེད་མི་ཤེས།
སྤྱིར་བཏང་གི་གྲོགས་པོ་ངོ་ཤེས་ལྟར། དེང་འདིར་འུ་གཉིས་ཁ་ཁ་སོ་སོར་འཚོ་བཞིན་ཡོད། དེ་ག་ནང་བཞིན་ར་མ་ཧྥི་ལའོ་རཱ་ཡང་ངའི་མི་ཚེ་ནང་ནམ་ཡང་མེད་མི་རུང་བའི་གྲོགས་བཟང་ཞིག་ཏུ་གྱུར་ཡོད་སྲིད་ལ། གཅིག་བྱས་ན། ཁྱོད་དང་ཁྱོད་ཀྱི་ཁྱོ་བོའི་མི་ཚེར་མཚོན་ན་ཡང་དེ་ལྟར་ཡིན་ངེས།
མཐར་བསམ་དོན་ཡིད་བཞིན་འགྲུབ་པར་སྨོན།
གྲོགས་མོ་སལ་བེ་ཡཱ.ཇེ་མའེ་སིན་ནས་གུས་པས་ཕུལ།
ཁིར་ལཱས་དབུགས་ཐེངས་གཅིག་གིས་འཕྲིན་ཡིག་འདི་འགོ་ནས་མཇུག་བར་བཀླགས་ཚར་རྗེས། ལག་མཐིལ་དུ་བཙིར་ནས་ཐབ་ཚང་གི་ཁྲུས་གཞོང་ཁར་མེ་ལ་བསྲེགས། མེ་ལྕེ་ལྷབ་ལྷུབ་མཆེད་འོང་། མོས་ཆུ་སྒོ་ཕྱེ་ནས་དེའི་སྟེང་ལ་ཆུ་བླུགས། དེའི་རྗེས་འཚིག་རོ་ནག་པོ་དེ་ཡར་བླངས་ནས་ཆབ་གཞོང་ནང་ལ་འཕངས། མོས་འཕྲིན་ཡིག་དེ་མེ་རུ་མ་བསྲེགས་སྔོན་ནས་ཆབ་གཞོང་ནང་ལ་གཡུགས་བཞག་ཡོད་ན་ལེགས་པོ་འདུག
ཉིན་འདི་ཚོར་ནམ་རྒྱུན་ཁོ་མོ་ལས་བྲེལ་ཧ་ཅང་ཆེ། སྐབས་དེ་དག་ཏུ་མོས་སློབ་མ་སྐོར་ཁག་གཉིས་ཕྱི་རོལ་གྱི་ནགས་ལམ་དུ་འཁྲིད་དགོས། མོས་ད་དུང་བྱིས་པ་སྐོར་ཁག་རེ་རེ་དང་མི་སྒེར་རེ་རེ་བཞིན་སློབ་ཁྲིད་གནང་དགོས། མཚན་དུས་ཁི་ལིར་ཁིའི་ལག་ཟུང་ཁོ་མོར་འཁྱུད་ཅིང་སྦྱོར་དུས____སྐབས་དེར་ཁོའི་སེམས་ཁམས་ཧ་ཅང་དྭངས་ཡོད____ཁོ་མོས་ཁོའི་འདོད་བློ་དང་བསྟུན་རྒྱུ་དེ་དཀའ་ཁག་ཅིག་ལ་ཁྱོན་ནས་མི་བསམ། མཚན་རྒྱུན། ཁོ་མོས་བྲོ་མེད་ཆོ་མེད་ཀྱི་དོན་དག་མང་པོ་མང་པོ་ཞིག་ནལ་ལམ་དུ་རྨི་བཞིན་ཡོད།
སྲོག་ལ་རྒོལ་པའི་ལྕགས་མདའ་ཞིག་ཁོ་མོའི་གློ་གསེང་གང་རུང་ལ་ཟུག་འདུག་པ་འདྲ། དེའི་ཟུག་གཟེར་ལ་གཡོལ་ཕྱིར། མོས་དབུགས་ཀྱི་རྒྱུ་བ་ག་ལེ་ག་ལེར་འབྱིན་རྔུབ་བྱེད། ཡིན་ན་ཡང་སྐབས་ལན་རེར། མོས་དབུགས་རིང་རེ་རྔུབ་དགོས་པས། ཟུག་གཟེར་དེ་ད་དུང་འཇགས་མེད་པ་ཚོར་ཡོང་།
སལ་བེ་ཡཱ.ཇེ་མའེ་སིན་གྲོང་རྡལ་མཐོ་སློབ་ཀྱི་ཁང་མིག་ཅིག་ཏུ་གནས་སྤར་ཟིན། མོས་དེ་གར་སློབ་ཁྲིད་གནང་གི་ཡོད། ཁང་མིག་འདི་འཚོང་རྒྱུ་མིན་པ་འདྲ། ཐ་ན་སྒོ་མདུན་དུ་སྒོ་རྟགས་ཀྱང་བཀོད་མི་འདུག
ཉེ་ལམ་སྐུ་ཞབས་ལའེ་ཨན.ཇེ་མའེ་སིན་འདས་གྲོངས་སུ་གྱུར་རྗེས། ཁོང་ལ་རྩོམ་རིག་བྱ་དགའ་ཐོབ་པའི་གནས་ཚུལ་ཞིག་ཉིན་རེའི་གསར་ཤོག་སྟེང་སྤེལ་འདུག་མོད། བྱ་དགའི་ཤོག་དངུལ་གྱི་སྐོར་གླེང་མི་འདུག
སྟོན་གཞུང་གི་ཉི་འོད་སེར་ལྷམ་མེར་འཚེར་དུས་____འདི་ནི་ཡུལ་མི་ཚོར་ཉོ་འཚོང་གི་ཁེ་ལས་སྒྲུབ་པར་སྐུལ་མ་གཏོང་བའི་ནམ་དུས་ཤིག་ཡིན____ཁིར་ལཱས་རང་སེམས་ཀྱི་རྣོ་དབལ་ཚེ་བའི་བསམ་གཞིག་ལ་སྔ་མོ་ནས་གོམས་འདྲིས་སུ་གྱུར་འདུག་པ་རྟོགས། དེ་ཡང་དེ་འདྲའི་བསམ་གཞིག་རྣོ་དབལ་ཚ་བ་ཞིག་རེད་མི་འདུག་སྟེ། ཁོ་མོ་རེ་ཆད་ཡི་མུག་དང་གཡོ་རྒྱུ་བསླུ་བྲིད་ཀྱི་བསམ་གཞིག་སྣ་ཚོགས་ཀྱི་ཀློང་དུ་འཚོ་ཞིང་གནས་པ་བདེན་མོད། དྲང་མོར་བཤད་ན། བསམ་གཞིག་དེས་ཁོ་མོ་ཧ་ལས་ཧོན་འཐོར་དུ་འཇུག་མི་ཐུབ།
ཁིར་ལཱས་མིག་ཟུང་ཇེ་ཆེར་བགྲད་དེ། ཁ་ཕྱོགས་གང་ཞིག་བགྲོད་འོས་པ་གསོལ་བོར་མཐོང་ཆེད། མོས་ས་ཕྱོགས་གཅིག་ཁོ་ནར་རྒྱང་ལྟ་བྱེད་དགོས། ཉིན་གཅིག་གི་ལས་དོན་ཡོངས་སུ་འགྲུབ་རྗེས། ཁོ་མོ་དགོང་དྲོའི་འཆམ་འཆམ་ལ་བསྐྱོད་ཅིང་། ནགས་འདབས་ཀྱི་སྡོང་སྐམ་སྟེང་དུ་མོས་ད་ཅི་མཐོང་བའི་སྐྱ་ཁྲ་དག་བབས་འདུག
རྩྭ་གསེབ་གང་ཞིག་ཏུ་མོས་རུལ་དྲི་འཐུལ་བའི་ཀེང་རུས་ཐར་ཐོར་རྙེད་སྲིད་དམ། མོས་ལག་པ་ཡ་གཅིག་ཏུ་མགོ་རུས་____དེའི་སྟེང་དུ་ད་དུང་ཁྲག་གིས་བསྒྲེས་པའི་སྤྱི་པགས་འབྱར་ཡོད_____དང་ལག་པ་ཡ་གཅིག་ཏུ་ཤེས་བྱ་སྣ་ཚོགས་མནབ་པའམ། ཡང་མིན་ན་མོ་ལག་སྟོང་ཡིན་ཡང་སྲིད།
ཁིར་ལཱས་འདི་སྙམ་དུ་བསམས། ད་དུང་དོན་དག་ཅིག་འབྱུང་ངེས་ཡིན། ཁྱོ་བོ་ཁི་ལིར་ཁིས་ར་མ་ཧྥི་ལའོ་རཱ་ཕྱིར་བདའ་བའམ། སྐྱེལ་འདྲེན་རླངས་འཁོར་གྱི་ཨོང་སྒམ་ནང་བཀྱིག་སྟེ། ས་ཆ་ཐག་རིང་ཞིག་ལ་དྲུདསོང་ནས་གློད་ངེས། ཡང་མིན་ན་སྔོན་ཆད་ཁོང་ཁྱོ་ཤུག་གཉི་གས་ཁྲིད་ཡོང་སའི་གནས་དེ་ག་རང་དུ་ཕྱིར་བསྐྲད་སྲིད། གལ་ཏེ་མོ་མེད་ཚེ། ཁོང་བཟའ་མི་གཉི་གར་བྱུར་ཉེས་འདི་རིགས་ཕྱིར་དྲན་གཏོང་མི་སྲིད།
ཉི་མ་བཞུད་སོང་། ཁིར་ལཱ་ད་དུང་ཆས་མེད། ཁོ་མོ་འདོད་ཞེན་དང་བསླུ་བྲིད་ཀྱི་ཁ་གཏད་དུ་འགྲེང་ཞིང་འདུག
2003/8/11 ཉིན་བརྩམས་གྲུབ། 2015/1/14 ཉིན་བསྒྱུར་གྲུབ།
ན་བུན་གྱིས་དབྱིན་ཡིག་ལས་བསྒྱུར།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།