སུ་ཅོལ་ཆུང་རེད།
༄༅། །གསར་བཏོད་ཀྱི་ལས་ཀ་ཐོག་མར་རྩོམ་སྐབས། མི་ཚོས་དེའི་གྲུབ་འབྲས་གང་འདྲ་ཞིག་འབྱུང་མིན་རང་གིས་མ་ཤེས་པའམ། སེམས་ལ་འཆར་ཐུབ་ཀྱི་མེད་སྟབས་“དེ་འདྲའི་ཅོལ་ཆུང་བའི་ལས་ཀ”ཞེས་བརྗོད་ཞོར་གསར་གཏོད་པར་ཁྲེལ་དགོད་བྱེད། ཅོལ་ཆུང་གི་བསམ་ཚུལ་ཐོག་ནས་འགོ་ཚུགས་པའི་གསར་བཏོད་ཀྱི་བྱ་བ་མང་ཆེ་བ་ལེགས་སྒྲུབ་ཡོང་གི་མེད་པས། མི་ཚོས་ཁྲེལ་དགོད་བྱས་པའང་ཧ་ལམ་འགྲིག་པ་ལྟ་བུ་ཡིན་མོད། འོན་ཀྱང་དེ་སྔོན་མི་ཚོས་ཅོལ་ཆུང་དུ་བརྩིས་ཏེ་ཁྲེལ་དགོད་བྱས་པའི་བསམ་ཚུལ་ཁ་ཤས་ནི་ད་ཆ་དགེ་མཚན་ཤིན་ཏུ་ཆེ་བའི་གསར་བཏོད་དུ་གྱུར་ནས་ཁྲེལ་དགོད་བྱེད་མཁན་རང་ཉིད་ཀྱིས་ཀྱང་ཧ་ཅང་དགའ་པོའི་ངང་བེད་སྤྱོད་བྱེད་པས། དོན་དངོས་སུ་གསར་གཏོད་པ་ཚོར་ཅོལ་ཆུང་ཞེས་སྨྲས་ཏེ་འཕྱ་དམོད་བྱེད་མཁན་དེ་ཅོལ་ཆུང་ཡིན་དང༌། གསར་གཏོད་པ་ཚོ་ཅོལ་ཆུང་ཡིན་བརྗོད་ཚོད་དཀའ་བ་ཞིག་རེད། གནད་འགག་འདི་གསལ་པོ་མཐོང་བའི་ཆེད་དུ་གཤམ་དུ་སྤྱི་ཚོགས་ཀྱིས་དང་ལེན་བྱས་པ་དང་མ་བྱས་པའི་གསར་བཏོད་ཁག་ཅིག་ངོ་སྤྲོད་བྱ་རྒྱུ་ཡིན།
དེ་ཡང་དགེ་མཚན་དེ་ཙམ་མ་བྱུང་བའི་གསར་བཏོད་ཀྱི་དཔེ་མཚོན་གཅིག་ནི་ ༡༨༤༠ ལོར་དབྱིན་ཡུལ་དུ་གསར་བཏོད་བྱས་པའི་ཞྭ་མོ་ཞིག་རེད། ཞྭ་མོ་དེ་ནི་དབྱིབས་རིང་ལ་སྒང་བུ་ལྟར་ཕུས་འགེངས་དགོས་པ་ཞིག་ཡིན་ཞིང༌། གསར་གཏོད་པའི་དམིགས་ཡུལ་ནི། མི་ཚོས་ཞྭ་མོ་དེ་གྱོན་ཚེ། རང་ཉིད་གཏིང་ཟབ་པའི་ཆུའི་ནང་དུ་ལྷུང་ནའང་ཆུའི་གཏིང་ལ་མ་བྱིང་བར་ཁ་ལ་འཕྱོ་ཐབས་བྱ་རྒྱུ་དེ་ཡིན་ལ་དོན་དངོས་སུ་དེ་འདྲའི་ཕན་ནུས་ཀྱང་ལྡན་པ་རེད། འོན་ཀྱང་གསར་བཏོད་དེར་མི་ཚོས་དགའ་མོས་གང་ཡང་བྱས་མེད། གསར་གཏོད་དེ་ཁྱད་མཚར་མི་འདུག་གམ།
དེ་ལས་ཀྱང་ཁྱད་མཚར་བའི་གསར་བཏོད་ཅིག་ནི་ ༡༩༧༤ ལོར་ སི་སིལ༌ ས྄་ལམ་ཕ་(Cecil Slemp) ཞེས་པས་གསར་གཏོད་བྱས་པའི་ལྷམ་དེ་རེད། ཁོང་གིས་གསར་བཏོད་བྱས་པའི་ལྷམ་དེ་ནི། ལྷམ་མཐིལ་གྱི་མགོ་ཡོད་སར་རྟིང་པ་དང༌། རྟིང་པ་ཡོད་སར་མགོ་བཟོས་ཡོད་སྟབས་ལྷམ་དེ་གྱོན་མཁན་ལ་བདེ་སྣང་དོད་པོ་མེད་ནའང༌། རྐང་རྗེས་ལྡོག་ཕྱོགས་སུ་གསལ་གྱི་ཡོད་པས་རྗེས་འདེད་བྱེད་མཁན་གྱི་མི་རྣམས་མགོ་ཐོམ་གྱི་ཡོད། དེ་བཞིན་ ༡༩༦༠ ལོར་ མར་ཊི་ ཨིར་ཝིང་(Mart Irving) དང༌། ཝི་ལི་ཡམ༌ ཌང་ཀེན་(William Duncan)ཞེས་པ་གཉིས་ཀྱིས་བུད་མེད་ཀྱི་ལྷམ་རྟིང་པ་མཐོ་ལ། གོམ་པ་སྤོ་སྐབས་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་ཞིག་ཀྱང་གསར་བཏོད་བྱས་པ་རེད།
དེ་ལས་ཀྱང་ཡ་མཚན་ཆེ་བའི་གསར་བཏོད་ཅིག་ནི། ༡༩༠༣ ལོར་ ཨེ༌ ཇེག་སོན་(Aü Jackson) ཞེས་པས་གསར་བཏོད་བྱས་པའི་བྱ་དེའི་མིག་ཤེལ་རེད། ཁོང་གིས་བྱ་དེའི་མིག་ཚད་དང་མཚུངས་པའི་མིག་ཤེལ་བཟོས་ཏེ་བྱ་དེ་ཕན་ཚུན་འཛིངས་རེས་བྱེད་སྐབས་མིག་ལ་གནོད་སྐྱོན་འབྱུང་བའི་ཉེན་ཁ་འགོག་ཐབས་བྱས་པ་རེད། ཡ་མཚན་པོ་མི་འདུག་གམ། ཧ་ཧ་ཧ་་་་་་
ད་དུང་ཁྱེད་ཀྱིས་ཉི་གདུགས་ཅན་གྱི་རྟ་ཞིག་སེམས་ལ་འཆར་ཐུབ་པ་འདུག་གམ། ༡༨༦༨ ལོར་ ས་རཱ༌ རུ་ཐ་(Sarah Ruth) ཞེས་པའི་བུད་མེད་ཅིག་གིས་རྟ་རྣམས་ཉི་འོད་ཚ་པོའི་འོག་ཏུ་བདེ་སྣང་དོད་པོ་འབྱུང་ཐབས་སུ། རྟ་ལ་འཚམས་པའི་ཉི་གདུགས་གསར་བཏོད་བྱས་པ་རེད།
ཡང་ཕྱི་ལོ་ ༡༩༢༡ ལོར་ཐོ་མ་སི་ བྷུར་གྷར་ཊིས་(Thomas Burghart)ཁྲིམས་ཐོག་ནས་སྒེར་བདག་ཁེ་དབང་བླངས་ཏེ་གསར་བཏོད་བྱས་པའི་སྣུམ་འཁོར་ཉེན་བརྡ་དེ་ཡང་དཔེ་ཁྱད་མཚར་ཞིག་རེད། དེ་ཡང་ཁོང་གིས་གསར་བཏོད་བྱས་པའི་ཉེན་བརྡའི་ཡོ་ཆས་དེ་སྣུམ་འཁོར་ལ་བསྒར་ན། རྐུན་མས་སྣུམ་འཁོར་དེ་བརྐུ་སྐབས། ཉེན་བརྡའི་དུང་སྒྲ་ཧ་ཅང་ཆེན་པོ་རང་འགུལ་དུ་སྒྲོག་པར་མ་ཟད། ཁ་ལོ་པའི་རྐུབ་སྟེགས་འོག་ནས་རྐང་ལྕགས་གཉིས་ཐོན་ཡོང་སྟེ། རྐུན་མའི་རྐང་པ་དམ་པོར་འཛིན་གྱི་ཡོད། ཁྱད་མཚར་མི་འདུག་གམ།
གསར་བཏོད་གང་ཞིག་བྱས་པ་ལ་བརྟེན་ནས་གསར་གཏོད་པ་རང་ཉིད་སྐད་གྲགས་ཆེན་པོའམ་འབྱོར་བ་ཅན་དུ་གྱུར་མིན་ནི་གླེང་རིན་གང་ཡང་མེད་པའི་གནད་དོན་ཞིག་ཡིན་ཞིང༌། གསར་གཏོད་པ་ཚོས་གསར་བཏོད་ཀྱི་ལས་ཀ་ཐོག་མར་རྩོམ་སྐབས་ནས་མི་ཚོས་རང་ཉིད་ཅོལ་ཆུང་དུ་བརྩིས་ནས་ཁྲེལ་དགོད་བྱེད་ངེས་ཡིན་པ་ཚོད་དཔགས་ཐིག་ཡོད་ཀྱང༌། ཁོང་ཚོས་མི་ཚོའི་ཁྲེལ་དགོད་བྱེད་པའི་ལོ་ཟླའི་ཁྲོད་ནས་མཐའ་མའི་དགོད་སྒྲ་དེ་རང་ཉིད་ལ་དབང་བའི་ཆེད་དུ་འབད་བརྩོན་རྒྱུན་མཐུད་དུ་བྱེད་པས། སྐབས་འདིར་གླེང་འོས་པའི་དོན་གནད་གཙོ་བོ་ཡང༌། ཁྱེད་ཀྱིས་ཅོལ་ཆུང་རེད་སྙམ་པའི་བསམ་ཚུལ་དག་ལ་ཁྲེལ་དགོད་མ་བྱས་སྔོན་བསམ་བློ་ཞིབ་ཙམ་གཏོང་དགོས་པ་དེ་གལ་ཆེན་པོ་ཡིན་པ་མ་ཟད། ཁྲེལ་དགོད་ཅིག་གིས་མིའི་སེམས་ཤུགས་ལ་གནོད་སྐྱོན་ཇི་ཙམ་འཟོ་ཡི་ཡོད་མེད་ཀྱང་ཚོད་དཔགས་ཐེབས་པ་དགོས།
དཔེ་མཚོན་ཁ་ཤས་ཞུས་ན། ཆེ་སེ་ཊར་ ཁཱ་རལ་སོན་(Chester Carlson) གྱི་པར་ལོག་འཕྲུལ་ཆས་ལ་ ༡༩༣༠ ལོའི་སྔོན་དུ་སུས་ཀྱང་དོ་སྣང་བྱེད་མཁན་བྱུང་མེད། ཁོང་ལ་པར་ལོག་འཕྲུལ་ཆས་གསར་བཟོའི་སྒེར་བདག་ཁེ་དབང་ཁྲིམས་ཐོག་ནས་ཐོབ་ཡོད་ཀྱང༌། འཕྲུལ་འཁོར་དེ་དངོས་སུ་བཟོ་བའི་ཆེད་དུ་མ་དངུལ་གྱི་རོགས་རམ་དགོས་གལ་ཆེན་པོ་ཆགས་པས། ཁོང་གིས་བཟོ་ཚོང་ལས་རིགས་ཀྱི་སྡེ་ཚོགས་ཆེན་པོ་ཁ་ཤས་ལ་རང་གི་འཆར་གཞི་དང་བཅས་པ་ཕུལ་ཏེ་རེ་སྐུལ་ཞུས། འོན་ཀྱང་ཚང་མས་འབྱུང་ངེས་པའི་གྲུབ་འབྲས་ཚོད་དཔགས་མ་ཐུབ་པའི་ངང་ཁོང་ལ་“རོགས་པ་བྱེད་ཐུབ་ས་མ་རེད། དགོངས་འགལ་མེད་པ་”ཞེས་ལན་གཅིག་མཚུངས་སུ་བཏབ། དཔལ་འབྱོར་གྱི་དཀའ་ངལ་ཁྲོད་དུ་ལོ་ངོ་ལྔ་ལྷག་འབད་བརྩོན་རྒྱུན་བསྲིངས་བྱས་པའི་མཐར། བཟོ་ཚོང་ལས་རིགས་ཀྱི་སྡེ་ཚོགས་ཆུང་ངུ་ཞིག་གི་རོགས་སྐྱོར་འོག་ཁོང་གི་པར་ལོག་འཕྲུལ་ཆས་དེ་གསར་བཟོ་ཐུབ་པ་བྱུང་བ་རེད། དེ་ནི་དེང་སྐབས་ང་ཚོས་གང་སར་བེད་སྤྱོད་བྱེད་བཞིན་པའི་(Xerox Machine)པར་ལོག་འཕྲུལ་ཆས་དེ་ཚོའི་མ་ཕྱི་རེད།
དེ་བན་ ཇོན་ ཧོ་ལན་ཌ་ (John Holland)ལ་མཚོན་ནའང༌། ཁོང་གི་མི་ཚེ་ཆ་ཚང་མཚོ་འོག་གྲུ་གཟིངས་ཤིག་གསར་བཟོ་བྱེད་རྒྱུའི་རྨི་ལམ་ནང་འདས་ཤིང༌། ༡༨༧༥ ལོར་ཁོང་གིས་རང་གི་འཆར་གཞི་དེ་ཨ་རིའི་མཚོ་དམག་ལ་ཞུས་ཏེ་མཐུན་རྐྱེན་ཐོབ་ཐབས་བྱས་ཀྱང༌། ཨ་རིའི་མཚོ་དམག་གིས་ཁོང་བློ་ཕམ་དགོས་པ་བཟོས། འོན་ཀྱང་ལོ་ངོ་ ༢༥ རྗེས་སུ་ ཧོ་ལན་ཌ་ཡིས་རང་གི་བཟོས་པའི་མཚོ་འོག་གྲུ་གཟིངས་ཐོག་མར་ལེགས་གྲུབ་བྱུང་སྐབས། ཨ་རིའི་མཚོ་དམག་ནི་གྲུ་གཟིངས་ཉོ་མཁན་གྱི་གྲལ་བསྟར་ཁྲོད་ནས་ཨང་དང་པོ་དེ་ཡིན་པ་རེད།
ཇོར་ཇ་ ཕར་རི་ས༌ ཇར་(Geoge Ferris, Jr)ལ་མཚོན་ནའང༌། རང་གི་ཁྱད་མཚར་བའི་བསམ་ཚུལ་ལ་བརྟེན་ཏེ་མི་ཚོས་སྙད་བཅོས་བྱེད་མྱོང་བ་རེད། དེ་ཡང་ ༡༨༩༣ ལོར་འཛམ་གླིང་གི་ཚོང་འདུས་ཆེན་མོ་ ཅི་ཁ་གྷོ་(Chicago) ལ་ཚུགས་གཏན་འཁེལ་སྐབས། དེའི་གོ་སྒྲིག་པས། ཚོང་འདུས་སྐབས་མིའི་ཡིད་དབང་འཕྲོག་བྱེད་གཙོ་བོ་ཞིག་དགོས་མཁོ་ཆེ་བའི་སྐོར་གསལ་བསྒྲགས་བྱས་སྟབས། ཕར་རི་ས་ ཡིས་ཚོང་འདུས་གོ་སྒྲིག་པར་ཕི་ཊི་ ༢༥༠ (མི་ཊར་ ༧༦) ཅན་གྱི་ལྕགས་ཀྱི་འཁོར་ལོ་སྐོར་བ་འཁོར་ཐུབ་པ་ཞིག་གི་ཐོག་མི་ ༣༦ སྡོད་ཐུབ་པའི་འཁོར་སྒྲོམ་ཡོད་པ་ཞིག་བསྐྲུན་རྒྱུ་དང༌། ལྕགས་ཀྱི་འཁོར་ལོ་དེ་སྐོར་བ་འཁོར་བ་ལ་བརྟེན་ནས། དེའི་ནང་སྡོད་མཁན་གྱི་མི་ཚོར་སྤྲོ་སྣང་ཆེན་པོ་འབྱུང་ངེས་རེད་ཅེས་སྨྲས། འོན་ཀྱང་ཁོང་གིས་ལྕགས་འཁོར་རྩེད་ཆས་དེ་ཐོག་མར་བཟོ་སྐབས་མི་ཚོས་“G.Wü Cockeyed Dream ” ཞེས་འཕྱ་དམོད་བྱས་ནའང༌། ༡༨༩༣ ལོའི་ཟླ་བ་ ༦ ཚེས་ ༢༡ ཉིན་ལྕགས་འཁོར་རྩེད་ཆས་དེ་ཐོག་མར་སྐོར་བ་འཁོར་སྐབས། མི་ཚོས་དགའ་སྣང་དང་འཇིགས་སྣང་གཉིས་སྦྲེལ་ངང་དེའི་ཐོག་བསྡད་པ་མ་ཟད་ད་ཆ་འཛམ་གླིང་གང་སར་ལྕགས་འཁོར་རྩེད་ཆས་དེ་རིགས་དར་ཁྱབ་ཤིན་ཏུ་ཆེན་པོ་ཆགས་ཡོད།
གྲོགས་པོ་ཆུང་ཆུང་ཚོ། ཁྱེད་ལ་ཅོལ་ཆུང་གི་བསམ་ཚུལ་དེ་འདྲ་ཡོད་དམ། གལ་ཏེ་ཡོད་ན། ཁྱེད་ཀྱི་རོགས་པ་ཚོ་བོས་ཏེ་རང་གི་བསམ་ཚུལ་ཁྱད་མཚར་པོ་དེ་ཤོད་དང༌། ཁོང་ཚོས་ཁྲེལ་དགོད་བྱེད་མིན་ལ་མ་ལྟོས་པར་ཉི་མ་གཅིག་ཁྱེད་ཀྱི་བསམ་ཚུལ་ཡ་མཚན་པོ་དེ་གསར་བཏོད་ཅིག་ལ་མངོན་འགྱུར་ཡོང་མི་སྲིད་ཅེས་སུས་བརྗོད་ནུས། གལ་ཏེ་དེ་ལྟར་བྱུང་ན། ཁྱེད་རང་ག་དུས་ཡིན་ནའང་དངུལ་ཁང་ལ་ཁ་ཕྱོགས་ནས་གད་མོ་བགད་ན་འགྲིགས༌། མ་རེད་དམ།། །།
ཆུང་ཚེ་རིང་གིས་བསྒྱུར།
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། བྱ་སྒྲོ་དཀར་བོའི་རྨི་ལམ་དྲ་བ།