འཆིང་གྲོལ་གྱིས་བསྒྱུར་བའི་སྙན་ངག་ཁག་བཞི།
སྡོང་བོ་ནི་ང་ཡི་སྒེའུ་འགྲམ་ན།
རོ་བྷོ་ཐུ•ཧྥོ་རོ་ཟི་ཐུ།༼ ཨ་རི ༽
སྡོང་བོ་ནི་ང་ཡི་སྒེའུ་འགྲམ་ན། སྒེའུ་འགྲམ་གྱི་སྡོང་བོ་ཀྱེ།
ནམ་གུང་གི་དུས་སུ་ངས་དྲ་མ་གཏན་ནའང་།
དྲ་ཡོལ་འཐེན་ཏེ་འུ་གཉིས་ཀྱི་བར་དུ་ཡོལ་བས་གཅད་མི་སྲིད་དོ།།
ཁྱོད་རང་དྲན་པ་འཕྲོག་པའི་རྨི་ལམ་ཞིག་དང་འདྲ་བར།
ས་གཞིའི་ངོས་སུ་ཀྲོང་ངེར་འགྲེང་སྟེ།
མཐོ་བའི་ས་རུ་སྤྲིན་དཀར་དབུས་ཀྱི་གནམ་ཡོལ་སྙེག
དེ་ནི་ཁྱོད་ཀྱི་མཐའ་མེད་སྟོང་བཤད་མ་ཡིན་ཏེ།
དེ་དག་གིས་མི་རྣམས་རྟོགས་དཀའི་གནས་སུ་དེད།
དེ་ལྟ་ནའང་སྡོང་བོ་ཀྱེ། ངས་ནི་ཁྱོད་ཀྱིས་བརྡབ་གསིག་གཏོར་སྐྱོན་མྱོང་བ་མཐོང་།
གལ་སྲིད་གཉིད་མཐུག་པོ་ལོག་པའི་ང་ལའང་ཁྱོད་ཀྱིས་སོ་ལྟ་བྱས་ཡོད་ཚེ།
ཁྱོད་ཀྱིས་ཅིས་ཀྱང་ང་ཡི་སྐྱོ་གདུང་དང་ཉམ་ང་མཐོང་ཡོད་ངེས།
ཅུང་ཙམ་མིན་ན་དེ་ཡི་རྐྱེན་གྱིས་འཚོ་བའི་ཁྲོད་དུ་ང་ཡིས་རང་ཉིད་ཕམ་མོ་སྙམ།
ཉིན་དེར། ལས་དབང་གིས་འུ་གཉིས་དཔུང་བ་གཤིབ་སྟེ་ཉལ་དུ་བཅུག་ཅིང་།
ལས་དབང་ལྷ་མོར་ནམ་རྒྱུན་རང་ཉིད་ཁོ་ནར་གཏོགས་པའི་བསམ་ཚུལ་ལྡན་ནོ།།
འོན་ཏེ། ཁྱོད་ཀྱིས་དོ་ཁུར་བྱེད་ས་ནི་ཕྱི་རོལ་གྱི་སད་སེར་རླུང་བུ་དང་།
ང་ཡིས་སེམས་ཁུར་བྱེད་ས་ནི་ནང་སེམས་ཀྱི་ཁ་ཆར་སྨུག་ལོང་ངོ་།།
༡༩༢༨ལོར།
འགྲུབ་པར་འགྱུར་བའི་གསོལ་འདེབས།
ཨན་ན་ཁ་ནེ་ཟི་ཁ།༼ ཕོ་ལན ༽
གཙོ་བོ་ཀྱེ། བདག་ལ་སྡུག་བསྔལ་བཟོད་དུ་མེད་པ་སྐྱེ་རུ་བཅུག་སྟེ།
འཆི་རུ་འཇུག་རོགས།
ང་རང་ཁེར་སྡུག་ཏུ་ཚུད་པར་བྱས་ནས།
སྐྲག་སྣང་ཙམ་ཡང་མི་བསྐྱུར་རོགས།
འཁོར་བའི་རྒྱུན་མཐུད་དེ།
རྒྱ་མཚོས་སྔར་བཞིན་བྱེ་ཐང་ལ་མཆུ་སྦྱོར་ཐུབ་པ་བྱ་རོགས།
རྩྭ་ཡི་ཚོགས་སྟུག་པོར་སྐྱེས་ཏེ།
སྦལ་བར་ཡིབ་ས་ཡོད་པ་དང་།
མི་རྣམས་ཀྱིས་མགོ་བོ་རྩྭ་གསེབ་ཏུ་བཅུག་ནས།
རང་གི་སྙིང་ཉེའི་དོན་དུ་ངུ་ཐུབ་པ་བྱ་རོགས།
ཉི་མའང་སྡུག་བསྔལ་ཕྲ་མོ་ཙམ་ཡང་མེད་པར།
གསེར་མདོག་གིས་མཁའ་ལ་འཕགས་ཐུབ་པ་བྱ་རོགས།
བདག་གི་སྙན་ངག་ཤེལ་སྒོ་ཞིག་དང་འདྲ་བར།
ཤིན་ཏུ་དྭངས་པར་གྱུར་ནས་སྦྲང་མས་ཀྱང་གདོང་ཐུག་རྒྱག་དགོས་པ་བཟོ་རོགས།
ཉིན་ཞིག
ཨ་ཧྥེན་ཟི་ན•ཟི་ཐོར་ཉིས༼ ཨ་གྷན་ཐེན ༽
འུ་གཉིས་མཉམ་དུ་འཇིག་རྟེན་རེ་རེ་བཞིན་འགྲིམས།
ང་ལ་ཁྱོད་རང་མི་གནས་ཞེས་སུ་མི་ཟེར་རོགས།
ཁྱོད་རང་འཚོ་ཞིང་གནས་ཏེ། ང་ཚོ་ངེས་པར་མཇལ་བར་འགྱུར་རོ།།
ང་ཚོས་ཕན་ཚུན་ངོ་མི་ཤེས།
གདོང་ལ་གླེན་ཞད་མངོན་ཅིང་གོམ་འགྲོས་འཆོལ་བའི་ངང་ནས།
སྲང་ལམ་སོ་སོར་རྒྱུ་བར་འགྱུར།
ང་ཚོས་ཕན་ཚུན་ངོ་མི་ཤེས། བར་ཐག་རི་ཆུས་བཅད།
ཁྱོད་ཀྱིས་ང་ཡིས་དབུགས་ལེན་པ་ཚོར་ཞིང་། ང་ཡིས་ཁྱོད་རང་གོ་བར་འགྱུར།
དབུགས་ལེན་བྱེད་ཀྱི་ཁ་དེ་གང་ན་ཡོད་དམ། ང་ཚོས་དེ་སྐད་ཀྱང་ཟེར་ངེས།
ལམ་དེ་སུ་ཡང་བགྲོད་མྱོང་མེད་པར་འགྱུར་བཞིན་འདུག
ཉིན་ཞིག་ང་ཚོ་གདོང་བ་གདོང་བར་ཕྱོགས་ནས་འཕྲད་སྲིད་ནའང་ཐང་།
ཉིན་ཞིག་ང་ཚོས་ཟོལ་རྫུ་མཐའ་དག་འདོར་སྲིད་ནའང་ཐང་།
ཏག་ཏག་སྐབས་འདིར། ངས་རང་ཉིད་ལ་འདྲི་འདོད་པ་ནི།
ཉིན་མོ་དེ་འདྲ་ཞིག་ཤར་ན། དེ་འདྲའི་ཉིན་མོ་ཞིག་མངོན་དུ་གྱུར་ན།
ངས་དབུགས་ཀྱི་རྒྱུ་བ་དེ་དྲན་པར་འགྱུར་རམ། ཁྱོད་ཀྱིས་དབུགས་ཀྱི་རྒྱུ་བ་དེ་རྟོགས་པར་འགྱུར་རམ།
ཐིགས་པ་གཉིས།
ཧར་བྷོ་ཐུ།༼ཕོ་ལན ༽
ནགས་ཚལ་མེ་རུ་འབར།
ཁོ་གཉིས་རྒྱ་སེ་རྐང་རེ་དང་འདྲ་བར།
ཕན་ཚུན་ལ་དམ་པོར་འཁྱུད།
མི་རྣམས་འགེབ་སྲུང་གི་ཕྱིར་ཏུ་བྲེལ་མོད།
ཁོས། ཆུང་མའི་སྐྲ་ལོས་རང་ལུས་བསྲུང་ཐུབ་ཟེར།
གཉིས་ཀ་བལ་ཕྱིང་གཅིག་གིས་བཏུམས་ནས།
ཤབ་ཤུབ་ངང་ངོ་ཚ་སྤངས་པའི་ཚིག་རྗེན་ཟློ།
མ་ཟད། འདང་ཆེན་ཕན་ཚུན་བར་གྱི་ལམ་འགྲོའི་གསོལ་འདེབས་ཀྱང་བྱེད།
ཆེས་འཇིགས་སྣང་ཆེ་བའི་དུས་སུ།
ཁོ་གཉིས་ཕན་ཚུན་གྱི་མིག་ནང་ལ་མཆོངས་ཏེ།
དམ་པོར་བཙུམས།
དམ་པོར་བཙུམས་དྲགས་པས།
མེ་ལྕེ་སྨིན་མཚམས་སུ་སླེབས་པའང་མ་ཚོར།
མཇུག་མཐར། ཁོ་གཉིས་སྤོབས་པས་ཕྱུག
མཇུག་མཐར། ཁོ་གཉིས་དྭངས་ཤིང་གཙང་།
མཇུག་མཐར། ཁོ་གཉིས་ཤིན་ཏུ་འདྲ་སྟེ།
མིག་ཆུ་ཐིགས་པ་གཉིས་འགྲམ་པའི་ངོས་སུ་སྲད་པ་དང་ཤིན་ཏུ་འདྲ།
|
འཆིང་གྲོལ་གྱིས་བསྒྱུར།
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།