རྩོམ་པའི་དབང་བོ་རྗོར་རྗི་ཨོར་ཝེལ་གྱི་ལེགས་རྩོམ་ཞིག

རྗོར་ཇི་ཨོར་ཝེལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-02-27

                              ང་རྩོམ་པ་ལ་འཇུག་དོན།

                                      Why I Write

                                                                                    རྗོར་ཇི་ཨོར་ཝེལ(George Orwell)གྱིས་བརྩམས།
                                                                             སྒར་བ་ཚེ་བཀྲས་དབྱིན་ཡིག་ལས་བསྒྱུར།

timg.jpeg

*སྒྱུར་མཁན་གྱི་མཆན།

རྗོར་ཇི་ཨོར་ཝེལ་ལགས་ཀྱིས་བརྩམས་པའི《ང་རྩོམ་པ་ལ་འཇུག་དོན》ཞེས་པ་འདིར་རྩོམ་པ་པོ་ཁོང་གསར་རྩོམ་ལ་ཞུགས་པའི་བརྒྱུད་རིམ་བྲིས་པ་བརྒྱུད།  ཁོ་རང་གི་ཉམས་མྱོང་དང་གཞན་ལ་ཉམས་ཞིབ་བྱས་པ་ལ་བརྟེན་ནས་རྩོམ་པ་པོ་དག་རྩོམ་ལ་འཇུག་དོན་གྱི་ཀུན་སློང་རིགས་བཞི་བྲིས་འདུག  ཀུན་སློང་དེ་དག་ནི་བདག་འཛིན་གྱི་ཆེད་དང་མཛེས་ཉམས་འདོན་ཆེད་དང་།  དྲང་བདེན་གྱི་ལོ་རྒྱུས་བྲི་བའི་ཕྱིར་དུ་དང་།  ཆབ་སྲིད་ཀྱི་དགོས་དམིགས་ཀྱི་ཆེད་ཡིན་པར་བཤད་ཡོད།  རྩོམ་པ་པོ་ཁོང་གིས་རང་ཉིད་ཀྱི་ཀུན་སློང་དེ་རིགས་འདི་བཞི་ལས་གང་ཞིག་ཡིན་པ་གཏན་འཁེལ་མི་ཐུབ་མོད་ཀྱང་།  གཉན་འཕྲང་གི་སྐབས་སུ་དྲང་བདེན་དང་རང་དབང་། འདྲ་མཉམ་གྱི་ཕྱིར་དུ་དང་ཆབ་སྲིད་ཀྱི་གཡོ་འཁྲུལ་ལ་རྒོལ་བའི་ཆེད་མ་བྲིས་པའི་རང་གི་བརྩམས་ཆོས་དག་ནི་རང་གིས་རང་ལ་མགོ་བསྐོར་བའི་ཚིག་གི་སྙིགས་རོ་ལས་ཅི་ཡང་མིན་པར་བཤད།  དེས་ན།  རྩོམ་པ་པོ་ཞིག་ཡིན་ཚེ། སོ་སོས་རང་ཉིད་རྩོམ་པར་འཇུག་དོན་ལ་མནོ་བསམ་གཏང་རྒྱུ་གལ་ཆེ་བར་འདུག་ལ།  གསེར་ལྟ་བུའི་དུས་ཚོད་དང་ལང་ཚོ།  བློ་གྲོས་གང་ཞིག་ཚིག་གི་སྙིགས་རོ་སྤུངས་སླད་དུ་མི་བཀོལ་རྒྱུ་ནི་དེ་བས་ཀྱང་གལ་ཆེའོ་བསམ།

ང་རང་ཤིན་ཏུ་ན་ཆུང་བའི་སྐབས་ཏེ།  ཧ་ལམ་ལོ་ལྔའམ་དྲུག་ཡིན་དུས་ནས་བཟུང་ངས་རང་ཉིད་ནར་སོན་ཚེ་རྩོམ་པ་པོ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ཤེས་ཡོད། འོན་ཏེ་ལོ་ན་བཅུ་བདུན་ནས་ཉེར་བཞིའི་བར་སྐབས་དེ་དག་ཏུ་ངས་བསམ་བློ་འདི་ཅི་ཐུབ་ཀྱིས་འདོར་བར་འབད་པ་ཡིན། འོན་ཀྱང་། ངས་དེ་ལྟར་བྱེད་སྐབས་དེ་ནི་རང་གི་རང་གཤིས་ངོ་མ་བོ་དང་རྒྱབ་འགལ་དུ་སོང་བས་ན།  དུས་ཀྱི་སྔ་ཕྱི་ཙམ་མ་གཏོགས་ངས་སེམས་རྣལ་དུ་ཕབས་ནས་གསར་རྩོམ་ལ་འཇུག་སྲིད་པ་ཐག་གིས་ཆོད་སྙམ།

ང་རང་ལ་སྤུན་གསུམ་ཡོད་པ་ལས་ང་ནི་འབྲིང་བ་དེ་ཡིན་མོད། ངའི་སྤུན་ཆེ་བ་ང་ལས་ལོ་ལྔ་ཡིས་ཆེ་ཞིང་སྤུན་ཆུང་བའང་ང་ལས་ལོ་ལྔས་ཆུང་བས་ན་ངེད་ཅག་གི་བར་ལ་གཟུགས་མེད་ཀྱི་བར་གྱང་སྲབ་མོ་ཞིག་འདུག་ཅིང་།   ང་རང་ལོ་ན་བརྒྱད་ཀྱི་སྔོན་ལ་ཨ་ཕ་ཡང་དེ་ཙམ་མཐོང་མྱོང་མེད།  རྒྱུ་མཚན་འདི་འདྲ་བ་དུ་མའི་དབང་གིས་ང་རང་ཁེར་རྐྱང་དུ་ལྷག་པ་དང་། མི་རིང་བར་ང་ལ་མི་གཞན་དང་མཐུན་པོ་མི་ཡོང་བའི་གཤིས་སྤྱོད་ཅིག་ཆགས་ཏེ། སློབ་མའི་དུས་སྐབས་ཧྲིལ་བོར་མི་རྣམས་ཀྱིས་དགའ་མོས་མི་བྱེད་པ་ཞིག་ཏུ་གྱུར། ཡུན་གྱིས་ང་ལ་གྲོགས་མེད་ཁེར་རྐྱང་གི་བྱིས་པ་དག་གི་གོམས་གཤིས་ལྟར། སྒྲུང་བཟོ་བ་དང་རྟོག་བཟོ་བྱས་པའི་མི་སྣ་དག་དང་ལྷན་དུ་ལབ་གླེང་བྱེད་རྒྱུར་ལོབས།   དེ་བས་ངས་བསམ་ན་ང་རང་གི་རྩོམ་ཡིག་ལ་ཆེས་ཐོག་མའི་དུས་ནས་ཁེར་རྐྱང་གི་ཚོར་བ་དང་མཐོང་ཆུང་གི་སུན་གཙེར་མཉམ་དུ་བསྲེས་ཡོད་པ་རེད་བསམ། ང་རང་ལ་དེ་སྔ་ནས་བརྗོད་འདོད་ཡིག་ངོར་འཕབ་པའི་ཐ་སྙད་དང་མི་འདོད་རྐྱེན་ངན་དག་ལ་གདོང་གཏོད་པའི་ནུས་པ་ཡོད་པ་ངས་ཤེས་ཡོད་ཅིང་།  འདིས་ང་རང་སྒེར་གྱི་འཇིག་རྟེན་ལྟ་བུ་ཞིག་གྲུབ་ནས་དེའི་ནང་དུ་ངས་རང་གི་རྒྱུན་ལྡན་གྱི་འཚོ་བའི་ནང་མྱངས་པའི་ཕམ་ཁ་ལ་གཡུལ་བཀྱེས་ན་ཆོག་པའི་ཚོར་བ་ཕྱིན་སོང་།

དེ་ལྟ་ནའང་། ངའི་བྱིས་དུས་དང་གཞོན་ནུའི་སྐབས་ཀྱི་ལོ་ཟླ་ཧྲིལ་པོར་གཟབ་ནན་གྱིས་བྲིས་པའི་རྩོམ་ཡིག་ནི་ཤོག་གྲངས་ལྔ་དྲུག་ཙམ་ལས་མེད།   ངའི་སྙན་ངག་དང་པོ་དེ་ང་རང་ལོ་ན་བཞིའམ་ལྔ་ཡིན་དུས་བྲིས་པ་ཡིན། དེ་ནི་ཨ་མས་ངའི་ངག་བཞིན་ཡིག་ཐོག་ཏུ་ཕབས་པ་རེད། ངས་དེ་ནི་སྟག་ཞིག་དང་འབྲེལ་བ་དང་དེ་ལ“ཅོག་ཙེ་ལྟ་བུའི་མཆེ་བ་འདུག”ཞེས་པ་ལས་དྲན་ཐུབ་ཀྱི་མི་འདུག ད་སྐབས་བསམ་ན་དཔེ་མཚར་བོ་འདྲ་ཞིག་བཞག་འདུག ཡིན་ནའང་ཁོ་བོས་དེ་ནི་སྙན་ངག་པ་བྷི་ལཱ་ཁེ(Blake) ཡི‘སྟག་རྒན།   སྟག་རྒན’ཞེས་པའི་སྙན་ངག་བརྐུ་བཤུ་བྱས་པ་ཞིག་ཡིན་རྒྱུ་རེད་བསམ། ང་རང་ལོ་བཅུ་གཅིག་ཡིན་སྐབས་ཏེ།  སྤྱི་ལོ1914ནས1918ལོའི་དམག་འཁྲུག་བྱུང་བའི་དུས་དེར། ངས་རྒྱལ་གཅེས་རིང་ལུགས་སྐོར་གྱི་སྙན་ངག་ཅིག་བྲིས་ཏེ་ས་གནས་ཀྱི་ཚགས་པར་སྟེང་སྤེལ་བ་ཡིན།  སྙན་ངག་དེ་བྲིས་ནས་ལོ་གཉིས་འགོར་རྗེས་ངས་ཁཱི་ཆེན་ནེར(Kitchener)གྱི་འདས་གྲོངས་སྐོར་ལ་སྙན་ངག་གཞན་པ་ཞིག་བྲིས་པ་ཡིན། ན་ཚོད་ཅུང་ཆེ་རུ་སོང་བ་དང་འབྲེལ་ངས་རྗོར་རྗིན་གྱི་འབྲི་ལུགས(Georgian style)ལྟར་རྒྱུན་ཏུ་ཁ་མི་ཚང་ཞིང་སྙིང་བོས་དབེན་པའི‘རང་བྱུང་གི་སྙན་ངག’བྲིས་པ་ཡིན། ངས་ད་དུང་སྒྲུང་ཐུང་ཞིག་ཀྱང་འབྲི་ཁུལ་བྱས་པ་ཡིན་མོད།    དེ་ནི་བཤད་རིན་མེད་པའི་ཕམ་ཁ་ཞིག་ཏུ་གྱུར་སོང་། གོང་གསལ་དག་ནི་ངས་ལོ་ངོ་དེ་དག་ནང་ཤོག་ངོས་སུ་ཕབ་པའི་བརྩམས་ཆོས་ཡོངས་རྫོགས་རེད།

འོན་ཏེ། སྐབས་དེའི་ཐོག་མཐའ་བར་གསུམ་རིང་། ཚད་ངེས་ཅན་ཞིག་གི་སྟེང་ང་རང་གསར་རྩོམ་གྱི་བྱེད་སྒོའི་ནང་ཞུགས་པ་ཡིན་ཏེ། ཁ་བྱང་གཏན་འཁེལ་ཟིན་པའི་རྩོམ་ཡིག་འབྲི་དགོས་པ་ལ།  ངས་དེ་དག་མགྱོགས་ཤིང་ལས་སླ་བོའི་ངང་ནས་འབྲི་ཐུབ་ཀྱི་ཡོད་མོད་དེར་སྤྲོ་བ་སྐྱེས་མ་བྱུང་། སློབ་གྲྭའི་སྦྱོང་ཚན་གྱི་ཞོར་ལ་ངས་དགོད་བྲོའི་སྙན་ངག ( vers d'occasion)བྲིས་པ་ཡིན།  ད་ལྟ་བསམ་ན་ངས་དེ་དག་ཧ་ལས་པའི་མྱུར་ཚད་ཀྱིས་བྲིས་འདུག་ཏེ། ལོ་བཅུ་བཞིའི་ཐོག་ཏུ་ངས་ཨཱ་རི་སི་ཊོ་ཧྥ་ནེས(Aristophanes) ལ་ལད་ཟློས་བྱས་ཏེ་དབྱངས་བསྐོར་བའི་འཁྲབ་གཞུང་ཧྲིལ་པོ་ཞིག་ཧ་ལམ་བདུན་ཕྲག་གཅིག་གི་ནང་ལ་བྲིས་པ་ཡིན་ཞིང་ཞོར་ལ། ངས་དཔར་འདེབས་དང་ལག་བཤུ་གཉིས་ཀྱིས་བྱས་པའི་སློབ་གྲྭའི་དུས་དེབ་ཅིག་གི་རྩོམ་སྒྲིག་རོགས་བྱས་པ་ཡིན། དུས་དེབ་འདི་དག་ནི་བརྗོད་བྱ་ཆོ་མེད་པ་རྐྱང་རྐྱང་སྟེ།  དེར་ཕངས་སེམས་སྐྱེ་དགོས་པའི་ཚད་ནི་ཁྱོད་ཀྱིས་ཧ་ལམ་བློ་ཡུལ་ལའང་ཤོང་མི་ཐུབ།   དེར་ང་རང་གིས་བསྒྲུབ་པ་ནི་གོང་དམའ་བའི་ད་ལྟའི་གསར་ཤོག་འདི་དང་བསྡུར་ཚེ་དཀའ་ཚེགས་ཧ་ཅང་ཆུང་། ཡིན་ནའང་།  འདི་ཚོ་དང་ལྷན་དུ་ངས་ལོ་ངོ་བཅོ་ལྔ་འམ་ཡང་ན་དེ་ལས་ཀྱང་མང་པོའི་རིང་ལ།  ངས་ནི་ཁྱོན་ནས་ཐ་དད་པའི་འབྲི་སྟངས་རིགས་ཤིག་གི་རྒྱུན་བསྐྱངས་ཏེ་འོངས་པ་ཡིན་ཏེ། དེ་ནི་ང་རང་ཉིད་དང་འབྲེལ་བའི་མུ་འབྲེལ་གཏམ་རྒྱུད་ཞིག་སྟེ།  ཁོ་བོ་གཅིག་པུའི་ནང་སེམས་ལ་ཉར་བའི་ཉིན་ཐོ་ཞིག་གོ།

ཁོ་བོའི་བསམ་པར་འདི་ནི་བྱིས་པ་དག་དང་ན་གཞོན་ཚོའི་ཐུན་མོང་གི་གོམས་གཤིས་ཤིག་ཡིན་ཏེ། ང་རང་ལོ་ཆུང་ཆུང་ཡིན་དུས་ངས་རྟག་པར་ང་རང་ཉིད་ནི་རཱོ་བྷིན་ཧོ་ཌི(Robin Hood)ལྟར་ཉེན་མཆོང་ལ་འཇུག་སྤྲོ་བའི་ཕོ་རྒོད་ཞིག་ཡིན་པའི་སྣང་བ་སྒོམ་གྱིན་ཡོད། ཡིན་ནའང་། མི་འགྱངས་བར་ངའི‘གཏམ་རྒྱུད’དེ་ཉིད་རང་ཞེན་ཅན་ཞིག་ཏུ་གྱུར་ནས་མཚམས་ཆད་དེ། ཁོ་བོས་དེ་སྔ་ཅི་ཞིག་སྒྲུབ་བཞིན་པ་དང་མཐོང་བ་དག་ཞིབ་འབྲི་བྱེད་པ་འབའ་ཞིག་ཏུ་གྱུར་སོང་། སྐབས་དེར་སྐར་མ་འགའི་རིང་ལ་ངའི་དྲན་པར་གཤམ་གསལ་གྱི་འདི་ལྟ་བུ་ཞིག་ཤར་འོངས་ཏེ། “ཁོས་སྒོ་ཕྱེས་ཏེ་ནང་དུ་འཛུལ། ཉི་འོད་སེར་པོ་ཞིག་སྒེའུ་ཁུང་གི་དྲ་ཡོལ་སྲབ་མོ་བརྒྱུད་སྒྲོག་ཙེའི་སྟེང་ལ་འཕྲོས་འདུག་ཅིང་། སྒྲོག་ཙེའི་སྟེང་དུ་ཕྱེད་ཁ་ཕྱེས་པའི་འབར་ཞུན་སྒམ་གཅིག་སྙུག་ཆུའི་ཤེལ་དམ་དེའི་འཁྲིས་སུ་བཞག་འདུག  ཁོས་གཡས་ལག་གྱོན་གོས་ཀྱི་ཁུག་མའི་ནང་ལ་བཏང་ནས་སྒེའུ་ཁུང་གི་ཕྱོགས་སུ་ཕྱིན། འོག་གི་སྲང་ལམ་སྟེང་ཞི་མི་རག་རག་ཐིག་ལེ་ཅན་ཞིག་གིས་ཐང་ལ་ལྷུང་བའི་ལོ་མ་ཤི་རོ་ཞིག་བདའ་བཞིན་འདུག” འདི་ལྟར་ཞིབ་འབྲི་བྱེད་པའི་གོམས་སྲོལ་ཞིག་ངའི་རྩོམ་རིག་གི་མི་ཚེའི་མགོ་མ་བརྩམས་པའི་སྔ་རོལ་ཏེ་ང་རང་ཧ་ལམ་ལོ་ན་ཉེར་ལྔ་ལ་ཐོན་རག་བར་དུ་བསྐྱངས། ངས་ཞིབ་འབྲི་ལ་མཁོ་བར་ཨ་འགྲིག་ཆ་འགྲིག་གི་ཐ་སྙད་མི་འཚོལ་ག་མེད་བྱུང་ཞིང་བཙལ་ཡང་བཙལ་བ་ཡིན། ཡིན་ནའང་། ཞིབ་འབྲི་བྱེད་པའི་ལས་དེ་ནི་ཕྱི་རོལ་གྱི་གནོན་ཤུགས་རིགས་ཤིག་གི་འོག་ཏུ་བྱེད་ཀྱིན་ཡོད་ལ་དེ་ནི་ང་རང་སོ་སོའི་སེམས་འདུན་དང་རྒྱབ་འགལ་དུ་ཡོད་པ་ལྟ་བུར་སྣང་། ཁོ་བོས་བསམ་ན།  དེ་སྔའི་ཁོ་བོའི‘གཏམ་རྒྱུད’དེས་ང་རང་ན་ཚོད་མི་འདྲ་བའི་སྐབས་སུ་དགའ་མོས་བྱེད་མྱོང་བའི་རྩོམ་པ་པོ་དག་གི་རྩོམ་ཉམས་ངེས་པར་དུ་མཚོན་ཡོད་པར་བསམ། ཡིན་ནའང་། ངའི་དྲན་ཚོད་ལྟར་ན་དེར་རྟག་པར་ཞིབ་ཅིང་ཕྲ་བའི་འགྲེལ་བཤད་ཀྱི་ཁྱད་ཆོས་ཤིག་གཅིག་མཐུན་ཏུ་འདུག

ང་རང་ཕལ་ཆེར་ལོ་ན་བཅུ་དྲུག་ལ་སོན་དུས། ངས་གློ་བུར་དུ་ཐ་སྙད་ཁོ་ནའི་མཛེས་ཉམས་ཚོར་བྱུང་སྟེ།  ཐ་སྙད་ཀྱི་ཀློག་སྟངས་དང་རྟེན་འབྲེལ་ལ་ངོས་ཟིན་གསར་བ་ཞིག་སྐྱེས། དཔེར་ན།《བོར་ཟིན་པའི་དག་ཞིང》(Paradise Lost)ཞེས་པ་ལས་ཐིག་ཕྲེང་གཅིག་སྟེ།

So hee with difficulty and labour hard

Moved on: with difficulty and labour hee.

དེ་བས་ཁོས་དཀའ་སྡུག་གདོང་གིས་བསུས་ནས་ངལ་རྩོལ་བྱས

མུ་མཐུད་ནས   དཀའ་སྡུག་གདོང་གིས་བསུས་ནས་ཁོས་ངལ་རྩོལ་བྱས

ད་ལྟ་བལྟས་ཚེ་འདི་ཉིད་ཧ་ལས་རྒྱུ་ཅི་ཡང་མི་འདུག་མོད། སྐབས་དེར་ཚིག་རྐང་འདིས་ངའི་སྒལ་ཚིགས་ཡང་སྦྲིད་པ་ལྟ་བུ་བྱེད་མྱོང་བ་མ་ཟད། ‘he’ཡི་དག་ཆ་ལ‘hee’ཞེས་བྲིས་པ་དེས་ང་ལ་དགའ་སྣང་འཕར་མ་ཞིག་སྐྱེ་རུ་བཅུག ཡིན་ཡང་།  ཆོས་དངོས་དག་ཞིབ་འབྲི་བྱེད་དགོས་པ་ཡིན་སྟབས། དེའི་ལུགས་ངས་སྔ་ས་ནས་ཆ་ཚང་ཤེས་ཡོད། དེར་བརྟེན། ངས་དེབ་ཞིག་བྲི་འདོད་བྱུང་ཚེ་དེབ་གང་འདྲ་ཞིག་འབྲི་འདོད་ཡོད་པ་ཁོག་ན་གསལ་པོ་གསལ་རྐྱང་ཡིན་ཏེ། སྐྱོ་གར་གྱིས་མཇུག་བསྡུས་ཤིང་བྲིས་པ་ཞིབ་པ།  ཡིད་དབང་འཕྲོག་པའི་དཔེ་རྒྱན་སྤེལ་བ། ཕྱོགས་གཅིག་ནས་ཐ་སྙད་ཀྱི་སྒྲའི་ཉམས་ཁོ་ན་དོད་ཆེད་ཚིག་གི་སྤྲོས་པ་ཆེར་བྱས་པའི་དངོས་ཡོད་རིང་ལུགས་ཀྱི་བརྩམས་ཆོས་རེ་འབྲི་འདོད་བྱུང་།   དོན་དངོས་སུ།  ངའི་ཐོག་དང་པོའི་སྒྲུང་རིང《འབར་མར་ཡོད་སྐབས》(Burmese Days)ཅེས་པ་ནི་དེབ་དེ་འདྲའི་རིགས་རེད། དེབ་དེ་ནི་སྔ་ས་ནས་འཆར་འགོད་བྱས་ཡོད་ནའང་ང་རང་ལོ་ན་སུམ་ཅུ་ཡིན་དུས་ད་གཟོད་བྲིས་པ་ཡིན།

འདིར་རྒྱབ་ལྗོངས་ཀྱི་གནས་ཚུལ་འདི་དག་ཆ་ཚང་འདིར་འབྲི་དོན་ནི། ངས་རྩོམ་པ་པོ་ཞིག་འཚར་ལོངས་ཇི་ལྟར་བྱུང་ཚུལ་སྐོར་མ་ཤེས་ན་རྩོམ་པ་པོ་གང་དེའི་རྩོམ་འབྲིའི་ཀུན་སློང་ལ་དཔྱད་འཇོག་བྱེད་ཐུབ་ཐབས་མེད་བསམ་པས་ཡིན། རྩོམ་མཁན་དེའི་གླེང་གཞི་ནི་སོ་སོའི་འཚོ་གནས་བྱེད་སྐབས་ཀྱི་དུས་བབ་ཀྱིས་ཐག་གཅོད་བྱེད་ངེས་ཏེ། མ་མཐའ་ཡང་ང་ཚོ་རང་ཉིད་ཀྱི་ཟང་ཟིང་དང་གསར་བརྗེའི་དུས་སྐབས་འདི་ལྟ་བུའི་ནང་འདི་ནི་བདེན་པ་རེད། ཡིན་ནའང་། ནམ་རྒྱུན་རྩོམ་མཁན་དེས་འབྲི་འགོ་མ་བཙུགས་སྔོན་དུ་རང་ཉིད་ལ་ཡོངས་སུ་གཡོལ་ཐབས་བྲལ་བའི་སེམས་ཚོར་དྲག་པོ་ཞིག་སྐྱེ་ངེས་སྲིད། དེས་ན་རང་གི་སྤྱོད་པ་འདུལ་དགོས་པ་དང་ནར་མ་སོན་པའི་དུས་སྐབས་དང་རང་ཤེད་ཚ་བོའི་གནས་སྐབས་ལས་གཡོལ་དགོས་པ་ནི་སོ་སོའི་ཐོག་མའི་ལས་ཀ་ཡིན་པར་གོར་མ་ཆག ཡིན་ནའང་། གལ་ཏེ་རང་ཉིད་ཀྱི་དེ་སྔའི་ཤུགས་རྐྱེན་དག་ལས་ཡོངས་སུ་གཡོལ་བར་གྱུར་ན། སྒེར་གྱི་གསར་རྩོམ་བྱེད་པའི་ངར་སེམས་དེ་རྨེག་མེད་དུ་གཏང་ངེས་རེད། ཁོ་བོས་བསམ་ན་རང་གི་འཚོ་ཐབས་ཀྱི་ཆེད་ལས་གཞན། སྙན་ངག་མ་ཡིན་པའི་རྩོམ་ཡིག་འབྲི་བར་ཀུན་སློང་ཆེན་པོ་བཞི་འདུག་བསམ་སྟེ། བཞི་བོ་འདི་རྩོམ་པ་པོ་རེ་རེར་ཚད་མི་འདྲ་བར་འདུག་ཅིང་། ཁོང་རྣམས་འཚོ་བ་རོལ་སའི་ཁོར་ཡུག་ལ་གཞིགས་ནས་དེ་བཞི་བོའི་ཚད་ཀྱང་དུས་ནས་དུས་སུ་མི་འདྲ་བར་འགྱུར་ངེས་སྲིད།

ཀུན་སློང་བཞི་བོ་དེ་དག་ནི།

གཅིག  བདག་འཛིན་ཁོ་ནའི་ཕྱིར་རོ།།

རང་ཉིད་སྤྱང་གྲུང་ལྡན་པར་སྟོན་པ་དང་མི་གཞན་གྱི་གླེང་གཞིར་འགྱུར་བར་མོས་པ་དང་། ཤི་རྗེས་གཞན་གྱིས་དྲན་གསོ་བྱེད་ངེས་པར་འདོད་པ་དང་། ཆུང་དུས་རང་ལ་བརྙས་མཁན་དག་གི་མགོ་གནོན་པར་འདོད་པ་སོགས་ཀྱི་ཕྱིར་ཏུའོ།། འདི་ནི་ཀུན་སློང་ཞིག་དང་ཡང་ན་ཀུན་སློང་སྟོབས་ཆེན་པོ་ཞིག་མ་རེད་ཅེས་ཤོད་པ་ནི་ཟོག་རྫུ་བྱས་པ་ཁོ་ན་སྟེ། གནད་འདིའི་ཆ་ནས་རྩོམ་པ་པོ་རྣམས་ཚན་རིག་པ་དང་སྒྱུ་རྩལ་པ་དང་། ཆབ་སྲིད་པ་དང་། ཁྲིམས་རྩོད་པ་དང་། དམག་མི་དང་། ཚོང་པ་ཆེན་པོ་བཅས་ལ་འདྲ་བོ་ཡོད་པ་རེད། མདོར་ན། འདི་ནི་འགྲོ་བ་མིའི་སྤྱི་ཚོགས་ལས་འཇོན་མི་མཐའ་དག་གི་ཁྱད་ཆོས་ཤིག་རེད། འོན་ཀྱང་འགྲོ་བ་མི་མང་ཆེ་ཤོས་ནི་རང་གཅེས་འཛིན་ཐལ་དྲགས་པ་བྱེད་མཁན་དེ་འདྲ་མིན་ཏེ། ཕལ་ཆེར་ལོ་སུམ་ཅུ་ལ་ཐོན་རྗེས་ཁོ་ཚོས་མི་སྒེར་གྱི་ཚོར་བ་དེ་ཧ་ལམ་ཡོངས་སུ་དོར་ནས། མི་གཞན་གྱི་ཆེད་དུ་འཚོ་བའམ་ཡང་ན་ངལ་རྩོལ་གྱི་དབང་འོག་ཏུ་ཚུད་འགྲོ། འོན་ཀྱང་། དེར་སྐྱེས་སྟོབས་ཀྱི་ཡོན་ཏན་མངའ་བ་ཉུང་ཤས་ཤིག་ཀྱང་ཡོད་དེ།  ཁོ་ཚོས་རང་ཉིད་ཀྱི་འདུ་བྱེད་མ་རྫོགས་བར་དུ་སོ་སོ་རང་ཉིད་ཀྱི་ཞེ་འདུན་ལྟར་འཚོ་བར་བློ་ཐག་རྦད་ཆོད་བྱས་ཡོད་པ་རེད་ལ།  རྩོམ་པ་པོ་ཚོ་ནི་ཏག་ཏག་འདིའི་རིགས་ལ་གཏོགས་པ་རེད། སྤྱིའི་ཆ་ནས་བརྗོད་ན། གཟབ་ནན་གྱི་རྩོམ་པ་པོ་ཚོ་ནི་གསར་འགོད་པ་དག་དང་བསྡུར་ན་རང་མཐོང་ཆེ་ཞིང་རང་གི་ལྟ་བ་གཙོ་བོར་འཛིན་ལ།  རྒྱུ་ནོམ་ལ་སྤྲོ་སྣང་ཆུང་ངུ་ལས་མེད་དོ།།

གཉིས། མཛེས་ཉམས་ལ་ཆེར་འདུན་པས་ནའོ།།

དེ་ནི་ཕྱིའི་འཇིག་རྟེན་ཁྲོད་ཀྱི་མཛེས་ཉམས་མྱོང་བའམ། ཕྱོགས་གཞན་ཞིག་ནས་བརྗོད་ན། ཐ་སྙད་དང་ཐ་སྙད་ཀྱི་སྡེབ་སྦྱོར་ལས་བྱུང་བའི་མཛེས་པ་མྱོང་བ།  ཐ་སྙད་ཕན་ཚུན་ཀྱི་སྒྲས་གཅིག་གིས་གཅིག་ལ་རྐྱེན་བྱས་པའི་གདངས་དབྱངས་དང་། ཚགས་དམ་པའི་ལྷུག་རྩོམ་ཡག་པོ་ཞིག  དེ་བཞིན་གཏམ་རྒྱུད་ལེགས་པོ་ཞིག་གི་འགྱུར་ཁུགས་ལས་བསྩལ་བའི་སྤྲོ་སེམས། རང་ཉིད་ཀྱིས་རིན་ཐང་ལྡན་པའི་ཉམས་མྱོང་ཞིག་གཞན་དང་མཉམ་དུ་རོལ་འདོད་པ་དེའོ།།  རྩོམ་མཁན་མང་པོ་ཞིག་གི་བསམ་བློའི་ནང་མཛེས་ཉམས་ཀྱི་དད་འདུན་དེ་དེ་འདྲའི་ཤུགས་དྲགས་པོ་མིན། ཡིན་ནའང་། ཐ་ན་འགྲེམ་ཡིག་དང་བསླབ་དེབ་འབྲི་མཁན་ཞིག་ལའང་སོ་སོ་སྤྱོད་པར་དགའ་བའི་ཐ་སྙད་ཡོད་དེ། ཐ་སྙད་དེ་དག་ངེས་པར་དུ་དགོས་པའི་རྒྱུ་མཚན་མེད་སྲིད་ནའང་དེ་དག་སྤྱོད་པར་བྱེད་པ་དང་ཡང་ན་པར་འདེབས་སྟངས་དང་མཐའ་ཟུར་གྱི་ཁ་ཞེང་སྒྲིག་སྟངས་སོགས་ལ་དམིགས་བསལ་གྱི་དགའ་ཕྱོགས་ཡོད་སྲིད། དེས་ན་མེ་འཁོར་འགྲུལ་བཞུད་ཀྱི་དུས་རིམ་ལག་དེབ་ལས་གཞན། དཔེ་དེབ་གང་ཡིན་རུང་མཛེས་ཉམས་ཀྱི་མནོ་བསམ་ཀྱིས་ཡོངས་སུ་བཏང་བ་ཞིག་ཡོད་པ་མ་རེད།

གསུམ། ལོ་རྒྱུས་ཀྱི་བདེན་པའི་ཕྱིར་དུའོ།།

ཆོས་ཐམས་ཅད་ཇི་ལྟར་ཡོད་པ་དེ་ལྟར་མཐོང་འདོད་པ་དང་། རྗེས་རབས་པ་ཚོའི་ཕྱིར་དུ་བདེན་པ་བཙལ་ནས་ཉར་ཚགས་བྱེད་པར་འདོད་པའོ།།

 བཞི། ཆབ་སྲིད་ཀྱི་དགོས་དམིགས་ཀྱིས་སོ།།

སྐབས་འདིར‘ཆབ་སྲིད’ཅེས་པའི་ཐ་སྙད་འདིའི་གོ་བ་རྒྱ་ཆེ་ས་ནས་ལེན་དགོས་སྟེ། འཛམ་གླིང་འདི་ངེས་གཏན་གྱི་ཁ་ཕྱོགས་ཤིག་ལ་བསྒྱུར་བར་འདོད་པ་དང་། མི་རྣམས་ཀྱིས་སྤྱི་ཚོགས་ཀྱི་རྣམ་པ་རིགས་ཤིག་མངོན་འགྱུར་འོངས་པར་འབད་པར་འདོད་པའི་བློ་བརྗེ་སྒྱུར་གཏོང་བར་འདོད་པའོ།། འདིར་བསྐྱར་དུ་གསལ་འདེབས་བྱེད་དགོས་པ་ཞིག་ལ། ཆབ་སྲིད་ཀྱི་ཕྱོགས་རིས་ལས་ཡོངས་སུ་གྲོལ་བའི་དེབ་ལྷད་མེད་ཅིག་མེད་པ་རེད་དེ། སྒྱུ་རྩལ་ནི་ཆབ་སྲིད་དང་འབྲེལ་བ་ཅི་ཡང་མེད་པར་ལྟ་བའི་བསམ་ཚུལ་དེ་ག་རང་ཡང་ཆབ་སྲིད་ཀྱི་བསམ་བློའི་འཁྱེར་སོ་རིགས་ཤིག་གོ།

ཀུན་སློང་འདྲ་མིན་འདི་དག་ཕན་ཚུན་ནང་ཁུལ་དུ་ཇི་ལྟར་འཐབ་པ་དང་དེ་ཚོས་མི་ནས་མི་བརྒྱུད།  དུས་ནས་དུས་བརྒྱུད་དེ་ཇི་ལྟར་འཕར་ཆགས་བྱུང་པ་ནི་མཐོང་ཆོས་མྱོང་འགྱུར་གྱི་ཆོས་ཤིག་རེད། ཐེངས་དང་པོར་དར་མའི་ལོ་ཚད་ལ་ཐོན་པའི་སྐབས་ཀྱི་གནས་སྐབས་དེ་མིའི‘རང་བཞིན’ཡིན་པའི་ཆ་ནས་བརྗོད་ན། ང་ནི་ཀུན་སློང་སྔོན་མ་གསུམ་ནི་བཞི་བ་ལས་བརྒལ་ཡོད་པའི་མི་ཞིག་རེད། འཁྲུག་ལོང་མེད་པའི་ཞི་བདེའི་དུས་སྐབས་ནང་ངས་ཚིག་རྒྱན་གྱིས་སྤྲས་པའི་དེབ་བམ་ཡང་ན་ཞིབ་བརྗོད་གཙོར་བྱས་པའི་དེབ་བརྩམས་ཡོད་ངེས་ཏེ།  རང་ཉིད་ཀྱི་ཆབ་སྲིད་ཀྱི་ལར་ཞེན་ནི་གཅིག་བྱས་ན་ཡེ་ནས་ཚོར་ཡང་མེད་པར་སྲིད། གང་ལགས་ཤེ་ན། ང་རང་དེའི་སྔོན་བཙན་གྱིས་འགྲེམ་ཡིག་འབྲི་མཁན་ཤིག་ཏུ་འགྱུར་དགོས་བྱུང་བ་རེད། ཐོག་མར། ངས་རང་ཉིད་ལ་མི་འཚམ་པའི་ལས་ཀ(འབར་སྡོད་རྒྱ་གར་གོང་མའི་སྐོར་སྲུང་པ)ལོ་ངོ་ལྔ་ལ་བྱས་པ་རེད། དེའི་རྗེས། ངས་དབུལ་ཕོངས་དང་ཕམ་ཁའི་བྲོ་བ་མྱངས་དགོས་པར་གྱུར། འདིས་རང་བཞིན་གྱིས་ང་རང་དབང་འཛིན་པར་སྡང་བའི་བློ་ཇེ་ཆེར་བཏང་བ་མ་ཟད། ང་ལ་ཆེས་ཐོག་མར་བཟོ་བ་གྲལ་རིམ་གྱི་སྟོབས་ཤུགས་རྟོགས་སུ་བཅུག་ཅིང་། འབར་མར་སྡོད་རིང་གི་ལས་ཀ་དེས་ང་རང་ལ་བཙན་རྒྱལ་རིང་ལུགས་ཀྱི་རང་བཞིན་ཇི་འདྲ་ཡིན་པ་ཤེས་སུ་བཅུག ཡིན་ཡང་། ཉམས་མྱོང་འདི་ཚོས་ང་ལ་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོ་ཞིག་སྤྲོད་མ་ཐུབ་པ་རེད། དེའི་འཕྲོར། ཧི་ཐི་ལེར་དང་སི་ཕེན་གྱི་ནང་འཁྲུག་སོགས་བྱུང་བ་རེད་ལ། སྤྱི་ལོ1935ལོའི་ལོ་མཇུག་ཏུ་ང་རང་གིས་ད་དུང་ཐག་གཅོད་བྱེད་མ་ཐུབ་པར་ལུས། སྐབས་དེར་ངས་རང་ཉིད་ཀྱིས་ཡིད་གཉིས་སུ་ཚུད་པའི་གནས་སྟངས་སྐོར་ལ་སྙན་ངག་ཐུང་ངུ་ཞིག་བྲིས་པ་དྲན་སོས་ཀྱི་འདུག་སྟེ། སྙན་ངག་དེ་ནི་གཤམ་ལྟར། 

གལ་ཏེ་བགྲང་བྱ་ཉིས་བརྒྱའི་སྔོན་ཡིན་ཚེ།།
ང་རང་སྤྲོ་ལྡན་ཆོས་དཔོན་བྱེད་ཀྱང་སྲིད།།
འཇིག་རྟེན་རྒུད་པའི་གནས་ལུགས་འཆད་འགྱུར་ཞིང་།།
རང་བཏབ་སྟར་སྡོང་སྐྱེ་བའི་ཚུལ་ལ་ལྟ།།

ཡིན་ཡང་ཀྱེ་ཧུད་དུས་ཀྱི་མཐའ་འདིར་སྐྱེས།།
ཉམས་དགའི་དག་ཞིང་གང་དེ་རྒྱང་དུ་ཡལ།།
ང་ཡི་ཡ་མཆུར་ཁ་སྤུ་ཟིང་ངེར་སྐྱེས།།
ཆོས་དཔོན་དག་ནི་ཤིན་ཏུ་གཙང་མར་བཞར།།

ཕྱིས་སུ་དུས་ཀྱི་བསྐལ་བ་བཟང་བའི་དུས།།
ངེད་ཅག་མགུ་བ་ལྷག་པར་སླ་བ་སྟེ།།
ཕན་ཕོན་ལྗོན་པའི་རྩེ་ནས་ཉལ་བྱས་ཏེ།།
སེམས་པ་འཁྲུག་པའི་དོན་དག་རེ་ཞིག་བསྐྱུར།།

འུ་ཅག་བླུན་རྨོངས་ཁྲེལ་དུ་མ་བརྩིས་ཤིང་།།
སྤྲོ་དགའི་ནང་སེམས་མི་མངོན་ཟབ་སར་ཡིབས།།
སིལ་སྡོང་སྟེང་གི་གསེར་མདོག་སྦྲག་བྱིའུ་དེས།།
ཁོ་བོའི་དགྲ་ཟླའི་སྙིང་རྩ་ཕྲུམ་ཕྲུམ་འདར།།

འོན་ཏེ་མཛེས་མའི་སྐེད་སྐབས་ཁམ་བུའི་ཤིང་།།
ཆུ་མིག་གྲིབ་བསིལ་ཅན་ཏུ་ཞུགས་པའི་ཉ།།
སྐྱ་རེངས་འཆར་སྐབས་ཞོགས་པའི་ངང་བ་རྟ།།
ད་ནི་འདི་དག་འཁྲུལ་བའི་སྣང་བར་གོ།

ཡང་བསྐྱར་འདི་ལྟའི་རྨི་ལམ་གཏོང་བ་བཀག།
རང་ཅག་དགའ་བ་གཞོམ་མམ་ཡང་ན་སྦེད། །
འདོ་རིག་རྟ་ནི་བཙའ་མེད་ལྕགས་ལས་བཟོས། །
དེ་ལ་ཞོན་མཁན་མི་ཆུང་རྒྱགས་པའོ། །

ང་ནི་ཕྱིར་ལོག་མེད་པའི་ཉམ་ཆུང་འབུ།།
ང་ནི་ཟླ་བོ་མེད་པའི་ཉུག་རུམ་པ།།
ཆོས་དཔོན་གཡོན་དང་སྲིད་ཨུ་གཡས་སུ་བཞུགས།།
ཁོ་བོ་ཨ་རཱམ[1]ནང་བཞིན་དཀྱིལ་དུ་ཡན།།

རླུང་འཕྲིན་སྒྲ་ཡི་སྒམ་ལས་མཆེད་སྐབས་སུ།།
སྲིད་ཨུས་ང་ཡི་མདུན་པར་མོ་རྩིས་བྱས།།
ཊུ་གྷེས[2]རྟག་པར་གླ་ཆ་སྤྲོད་པའི་ཕྱིར།།
ཆོས་པས་མོ་ཊ་ཨོ་སི་ཊིན[3]སྟེར་གསུངས།།

ཁོ་བོས་རང་ཉིད་ཀམ་རུའི་ཕོ་བྲང་དུ། །
ཡོད་པའི་རྨི་ལམ་སད་རྗེས་བདེན་པར་མཐོང་། །
ང་ནི་འདིའི་ཕྱིར་མ་སྐྱེས་སི་མཱི་སི[4]། །
རྗོན[5]ནམ་ཡང་ན་ཁྱོད་ནི་དེ་ལྟར་རམ།

སི་ཕེན་ནང་འཁྲུག་དང་སྤྱི་ལོ1936ནས1937ལོའི་བར་དུ་བྱུང་བའི་དོན་དེ་དག་གིས་གནས་སྟངས་བསྒྱུར་བ་སྟེ། དེའི་རྗེས། ངས་རང་ཉིད་ཀྱི་ལངས་ཕྱོགས་ཅི་ཞིག་འཛིན་དགོས་པ་རྟོགས། 1936ལོ་ནས་བཟུང་། ངས་གཟབ་ནན་གྱིས་བྲིས་པའི་བརྩམས་ཆོས་དག་གི་ཚིག་ཕྲེང་རེ་རེས་ཀྱང་དངོས་བརྒྱུད་གཉིས་ཆ་ནས་དབང་ཆ་གཅིག་སྡུད་ལམ་ལུགས་ལ་ངོ་རྒོལ་དང་ང་རང་གིས་གོ་བ་བླངས་པའི་དམངས་གཙོའི་སྤྱི་ཚོགས་རིང་ལུགས་ལ་རྒྱབ་སྐྱོར་བྱས་ཡོད། ང་ལ་མཚོན་ན་ང་ཚོ་རང་ཉིད་ཀྱི་དུས་སྐབས་འདི་ལྟ་བུ་ཞིག་གི་ནང་འདི་འདྲའི་བརྗོད་གཞི་དག་མི་འབྲི་བར་གཡོལ་ཆོག་བསམ་པ་ནི་ཆོ་མེད་པ་ཞིག་རེད་བསམ་གྱི་འདུག མི་ཚང་མས་འབྲི་སྟངས་འདྲ་མིན་སྤྱད་ནས་དེ་དག་འབྲི་བཞིན་ཡོད་དེ། གནད་འགག་ནི་སོ་སོས་ལངས་ཕྱོགས་གང་འཛིན་དང་ཐབས་ཅི་ཞིག་སྤྱད་ནས་དེ་མཚོན་པ་དེ་རེད། རང་ཉིད་ཀྱི་ཆབ་སྲིད་ལངས་ཕྱོགས་ཀྱི་ལར་ཞེན་ཅི་ཙམ་གསལ་བོར་ཤེས་ན་དེ་ཙམ་གྱིས་སོ་སོའི་མཛེས་དཔྱོད་དང་བསམ་བློའི་བདེན་དྲང་གི་ཆ་བློས་གཏོང་མི་དགོས་པའི་ཐོག་ཆབ་སྲིད་ཀྱི་ངོས་ནས་ལས་འགུལ་སྤེལ་བར་ཐུབ་ཀྱི་ཡོད་པ་རེད།

འདས་པའི་ལོ་ངོ་བཅུ་ཡི་ནང་ངས་ཆེས་སྒྲུབ་འདོད་པ་ནི་ཆབ་སྲིད་ཀྱི་གསར་རྩོམ་དེ་སྒྱུ་རྩལ་གྱི་ཁྱད་ཆོས་མངའ་བ་ཞིག་ཏུ་བཟོ་རྒྱུ་དེ་ཡིན། ངས་རྩོམ་གྱི་འགོ་འཛུགས་ས་དེ་རྟག་པར་ཚོགས་སྤྱིའི་བར་གྱི་ཕྱོགས་ཞེན་དང་འདྲ་མཉམ་མིན་པ་འབྲི་བ་ནས་མགོ་རྩོམ་གྱི་ཡོད་དེ།  ང་ཙོག་ནས་དེབ་ཅིག་འབྲི་འགོ་རྩོམ་སྐབས། ངས་རང་ཉིད་ལ‘ངས་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་རྩོམ་རྒྱུ་ཡིན’ཞེས་བརྗོད་ཀྱི་མེད། ངས་དེ་འབྲི་དོན་ནི་གཡོ་ཐབས་ཤིག་ཐེར་འདོན་བྱེད་འདོད་པ་དང་དོན་དག་ལ་ཤས་ལ་མི་རྣམས་ཀྱིས་དོ་སྣང་བྱེད་དུ་འཇུག་འདོད་པ་ཡིན་ལ།  ངའི་ཐོག་མའི་སེམས་ཁུར་བྱེད་ས་ནི་ཁོ་བོའི་ལྟ་ཚུལ་གཞན་ལ་ཐོས་སུ་འཇུག་རྒྱུ་དེ་རེད།   ཡིན་ནའང་། གལ་ཏེ་མཛེས་ཉམས་མེད་ན་ངས་དེབ་ཅིག་འབྲི་མི་ངེས་ལ། ཐ་ན་དུས་དེབ་ཅིག་གི་སྟེང་ལ་རྩོམ་ཡིག་རིང་པོ་ཞིག་ཀྱང་འབྲི་མི་སྲིད། ངའི་བརྩམས་ཆོས་བློ་ཞིབ་མོས་བཀླགས་མྱོང་མཁན་ཞིག་ཡིན་ན།  དྲིལ་སྒྲོག་རྐྱང་བ་ཞིག་ཡིན་རུང་དེར་ཆབ་སྲིད་ཀྱི་ལས་ཀ་ཁོ་ན་གཉེར་མཁན་ཞིག་གིས་དེར་བརྗོད་བྱ་དང་འབྲེལ་བ་མེད་པ་མང་པོ་ཞིག་འདུག་པར་ཆ་འཇོག་གནང་ངེས་རེད།  ང་རང་གིས་རང་ཉིད་ཀྱི་བྱིས་དུས་སུ་ཆགས་པའི་འཛམ་གླིང་ལྟ་ཚུལ་དེ་ཡོངས་སུ་འདོར་ཐུབ་ཀྱི་མི་འདུག་ལ་འདོར་འདོད་ཀྱང་མི་འདུག ང་རང་ཇི་སྲིད་བདེ་ཐང་ངང་འཚོ་བ་ཡིན་ན།  ངས་དེ་སྲིད་དུ་ལྷུག་རྩོམ་འབྲི་སྟངས་ལ་དང་དོད་བྱེད་ངེས་ཤིང་། དེ་སྲིད་དུ་ས་ཡི་གོ་ལ་འདིར་དགའ་མོས་བྱེད་ལ། གཟུགས་ཅན་གྱི་རྫས་དང་བེད་མེད་ཀྱི་ཆ་འཕྲིན་ལ་དགའ་སྣང་བྱེད་ངེས་ཏེ། ངས་རང་ཉིད་ཀྱི་དགའ་ཕྱོགས་རིགས་འདིའི་མགོ་གནོན་པར་རྩོལ་བ་བྱེད་དགོས་དོན་མི་འདུག ངའི་རྩོལ་བ་བྱེད་དགོས་པའི་འོས་འགན་ནི་ད་ལྟའི་དུས་རབས་འདིས་ང་ཚོ་ཚང་མའི་སྟེང་ལ་བཙན་ཀྱིས་འགེལ་བཞིན་པའི་སྒེར་ངོས་མ་ཡིན་པའི་བྱེད་སྒོ་དག་དང་ངའི་ཞེ་འདོད་གཉིས་དབར་བར་འདུམ་བྱེད་རྒྱུ་དེའོ།།

དེ་ནི་ལས་སླ་བོ་ཞིག་མ་རེད། དེས་རྩོམ་གྱི་སྒྲིག་གཞི་དང་ཚིག་སྦྱོར་མ་ཟད། བདེན་པའི་རང་བཞིན་གྱི་གནད་དོན་ལ་རྣམ་པ་གསར་པ་ཞིག་གི་ལམ་ནས་གླེང་སློང་བྱེད་པ་ཡིན་ཏེ། དཀའ་ཚེགས་ཇི་འདྲ་ཞིག་འབྱུང་གིན་ཡོད་པ་ངས་དཔེ་ཞིག་གི་ལམ་ནས་བརྗོད་ཆོག ངས་སི་ཕེན་རྒྱལ་ཁབ་ཀྱི་ནང་འཁྲུག་སྐོར་བྲིས་པའི《ཁ་ཏཱ་ལོ་ནིའ་ལ་གུས་འདུད་ཞུ》Homage to Catalonia ཅེས་པའི་དེབ་ནི་ཆབ་སྲིད་ཀྱི་དེབ་ཅིག་ཡིན་མངོན་གསལ་རེད། ཡིན་ཡང་། ངས་དེ་འབྲི་དུས་གཙོ་བོར་ཕྱོགས་རིས་མེད་པ་གཞིར་བྱས་རྩོམ་སྟངས་ལ་དོ་སྣང་བྱས་ནས་བྲིས་ཡོད། དཔེ་དེབ་དེའི་ནང་དུ་ངས་རང་ཉིད་ཀྱི་རྩོམ་རིག་གི་ཉམས་སྣང་ལ་གདལ་བཤིག་མ་བྱས་པའི་ཐོག་བདེན་པ་ཆ་ཚང་ཞིག་བཤད་པར་བརྩོན་པ་ཆེན་པོ་བྱས་པ་ཡིན། ཡིན་ཡང་། ནང་དོན་གཞན་དག་ཕུད།  དེའི་ནང་དུ་ད་དུང་ཚགས་ཤོག་སྟེང་གི་སྐད་ཆ་མང་པོ་ཞིག་དྲངས་ཏེ་ཁྲི་རཱོ་ཚི་སྐྱི་རིང་ལུགས་པ(Trotskyists)དག་གིས་ཧྥུ་རཱན་ཁོ་(Franco)ལ་ངན་ཇུས་བྱས་པའི་སྐྱོན་འཛུགས་བགྱིས་པར་དག་འབུད་བྱས་པའི་ལེའུ་རིང་པོ་ཞིག་བཅུག་ཡོད།  དེས་ན་ཀློག་པ་པོ་དཀྱུས་མ་སུ་ཡིན་རུང་ལོ་གཅིག་གཉིས་ཀྱི་རྗེས་སུ་དེ་འདྲའི་ལེའུ་ཞིག་ཀློག་འདོད་མེད་ངེས་པས་དཔེ་དེབ་དེའི་རིན་ཐང་ལ་ཉམས་ཉེས་འབྱུང་ངེས་པ་གསལ་པོ་རེད། ངས་གུས་བརྩི་བྱེད་པའི་དཔྱད་བརྗོད་པ་ཞིག་གིས་དེའི་སྐོར་ལ་དམིགས་ནས་ང་ལ་ཚོགས་གཏམ་ཞིག་བཏང་སོང(read me a lecture)། ཁོང་གིས“ཁྱོད་ཀྱིས་དེའི་ནང་ལ་དེ་ཚོ་ཆ་ཚང་འཇོག་དོན་ག་རེ་ཡིན། མ་གཞི་དཔེ་དེབ་ལེགས་པོ་ཞིག་ཏུ་འགྱུར་ངེས་པ་གང་ཞིག་ཁྱོད་ཀྱིས་གསར་ལམ་གྱི་དེབ་ཅིག་ཏུ་བསྒྱུར་འདུག”ཟེར། ཁོང་གིས་གསུངས་པ་དེ་ག་རང་རེད། ཡིན་ཡང་། ངས་དེ་ལྟར་དུ་འབྲི་བ་ལས་ཐབས་གཞན་མི་འདུག་སྟེ། ངས་སྐབས་དེར་ཏག་ཏག་ནག་ཉེས་མེད་པའི་མི་རྣམས་ལ་ཉེས་འགེལ་བྱས་ཡོད་པ་ཤེས་རྟོགས་བྱུང་བ་རེད་ལ། དབྱིན་ཡུལ་གྱི་མི་ཧ་ཅང་ཉུང་ཤས་ཤིག་གིས་མ་གཏོགས་འདི་ཤེས་ཐབས་མེད། གལ་ཏེ་ང་དེའི་སྐོར་ལ་ཁོང་ཁྲོ་ལངས་མེད་ན་ངས་དེབ་དེ་གཏན་ནས་བྲིས་མེད་སྲིད།

འདི་དང་འདི་འདྲའི་གནད་དོན་གཞན་པ་ཡང་བསྐྱར་འབྱུང་གི་རེད། སྐད་ཡིག་གི་གནད་དོན་ནི་དེ་དང་བསྡུར་ཚེ་གནད་དོན་ཕྲ་མོ་ཡིན་ལ།  དེའི་སྟེང་ལ་གྲོས་བསྡུར་བྱེད་པར་ཡུན་རིང་པོ་དགོས། ཉེ་བའི་ལོ་ངོ་འདི་དག་གི་ནང་ངས་ཚིག་རྒྱན་གྱིས་བཅིངས་པ་ཉུང་དུ་བཏང་ནས་ཇི་མ་ཇི་བཞིན་གྱིས་འབྲི་བར་བརྩོན་པ་ཡིན་ཞེས་བརྗོད་ཆོག གང་ལྟར་ཀྱང་། ངའི་མྱོང་བ་ལྟར་ན། མི་སུ་ཞིག་རྩོམ་གྱི་འབྲི་ལུགས་གང་རུང་ཞིག་ལ་རྩལ་ཡོངས་སུ་རྫོགས་དུས་མི་གང་དེའི་རྩོམ་རྩལ་རྟག་པར་འབྲི་ལུགས་དེ་ལས་བརྒལ་ཟིན་ཡོད། 《དུད་འགྲོའི་གཞིས་ཀ》(Animal Farm)ཞེས་པའི་དེབ་དེ་ནི་ངས་འབྲི་སྐབས་སུ་རང་གིས་ཅི་ཞིག་བྱེད་བཞིན་པ་ཤེས་བཞིན་ཐོག་ནས་ཆབ་སྲིད་ཀྱི་དགོས་མཁོ་དང་རྩོམ་རིག་སྒྱུ་རྩལ་གྱི་དགོས་མཁོ་གཉིས་དེབ་ཧྲིལ་བོ་གཅིག་གི་ནང་མཉམ་དུ་བསྲེ་བར་བརྩོན་པ་བྱས་ཏེ་བྲིས་པའི་དེབ་ཐོག་མ་ཡིན། ད་ནི་ངས་སྒྲུང་རིང་མ་བྲིས་བར་ལོ་ངོ་བདུན་ཙམ་འགོར་འདུག འོན་ཀྱང་། མི་འགྱངས་བར་གཞན་པ་ཞིག་བྲི་བའི་རེ་བ་བྱེད་བཞིན་ཡོད། གཅིག་བྱས་ན་དེ་ཕམ་ཁ་ཞིག་ཏུ་འགྱུར་ངེས་རེད། དོན་དམ་དུ་དཔེ་དེབ་རེ་རེ་ནི་ཕམ་ཁ་ཞིག་རེད། ཡིན་ཡང་། ངས་དཔེ་དེབ་རིགས་གང་འདྲ་ཞིག་འབྲི་དགོས་པ་སེམས་སུ་གསལ་པོ་གསལ་རྐྱང་ཡིན།
མཇུག་མཐའི་ཤོག་བུ་འདིའམ་དེའི་སྔོན་གྱི་ཤོག་གྲངས་ལ་ཕྱིར་བལྟ་ཞིག་བྱས་ཚེ།  ངའི་གསར་རྩོམ་གྱི་ཀུན་སློང་ནི་སྤྱི་དོན་འབའ་ཞིག་ལ་སེམས་ཁུར་བྱས་པའི་བཟོ་འདྲ་ཞིག་ཏུ་མངོན་པར་སྣང་མོད། དེ་ནི་གཞན་ལ་བཞག་པའི་མཐའ་མཇུག་གི་བག་ཆགས་ཤིག་ཏུ་ཁོ་བོས་བྱེད་འདོད་མི་འདུག སྤྱིར་རྩོམ་པ་པོ་ཡོངས་རྫོགས་རང་མཐོང་ཅན་དང་རང་འདོད་དོན་གཉེར་ཅན། ལེ་ལོ་ཅན་རེད། ཁོ་ཚོའི་རྩོམ་འབྲིའི་ཀུན་སློང་གི་ཟབ་ས་རུ་རྟོགས་དཀའ་བའི་གནད་ཞིག་ཡོད་པ་རེད། དཔེ་དེབ་ཅིག་འབྲི་བ་ནི་ཡ་ང་ཞིང་ཨ་ཐང་འཆད་པའི་འཐབ་རྩོད་ཀྱི་གོ་རིམ་ཞིག་སྟེ།  དེ་ནི་ཟུག་གཟེར་ཆེ་བའི་ན་ཚ་ཞིག་མྱོང་བ་དང་འདྲ་བོ་ཡོད་པ་རེད། དེ་བས་རྩོམ་པ་པོ་དག་ནི་འགོག་རྒོལ་བྱེད་མི་ཐུབ་ཅིང་ཤེས་རྟོགས་བྱེད་མི་ཐུབ་པའི་ལྷ་འདྲེ་ཞིག་གིས་སོ་སོ་ལ་སྐུལ་འདེད་གཏོང་གི་མེད་ན་རང་ཉིད་ཀྱིས་འདི་ལྟ་བུ་ཞིག་གཏན་ནས་ཁུར་དུ་ལེན་མི་སྲིད། མི་རྣམས་ཀྱིས་རྟོགས་པ་ནི། ལྷ་འདྲེ་དེ་དང་བྱིས་པ་ཞིག་གིས་རང་ཉིད་ལ་དོ་སྣང་ཡོང་ཆེད་ཆོ་ངེ་འདོན་པའི་ལྷན་སྐྱེས་ཀྱི་སྦྱོར་བ་གཉིས་གཅིག་མཚུངས་ཁོ་ན་ཡིན་པ་དེའོ།།

འོན་ཏེ།  མི་སོ་སོས་རང་ཉིད་ཀྱི་སྒེར་གཤིས་བསུབ་པར་འབད་པ་རྒྱུན་མ་ཆད་ན་མ་གཏོགས་ཀློག་རི་བའི་དེབ་ཅིག་འབྲི་མི་ཐུབ་པ་དེའང་བདེན་པ་རེད། རྩོམ་རབ་ཞིག་ཡིན་ན་སྒེའུ་ཁུང་གི་ཤེལ་སྒོ་ཞིག་དང་འདྲ་པོ་ཡོད། ངས་རང་ཉིད་ཀྱི་ཀུན་སློང་འདི་དག་ལས་གང་ཞིག་ནི་སྟོབས་ཆེ་ཤོས་ཡིན་པ་གཏན་འཁེལ་ཐུབ་ཀྱི་མི་འདུག་མོད། དེ་དག་ལས་གང་ཞིག་གི་རྗེས་སུ་འབྲངས་འོས་པ་ཤེས་ཀྱི་ཡོད། རང་ཉིད་ཀྱི་བརྩམས་ཆོས་དག་ལ་ཕྱིར་བལྟ་བྱེད་སྐབས། ང་རང་ལ་ཆབ་སྲིད་ཀྱི་དམིགས་འབེན་དབེན་པའི་སྐབས་སུ་བྲིས་པའི་རྩོམ་དག་ནི་གསོན་ཉམས་མེད་ཅིང་།  བདེན་སྟོབས་ཉམས་པ། བརྗོད་བྱས་སྟོང་བ། དོན་སྙིང་མེད་པའི་ཚིག་གྲུབ་དང་རྒྱན་ཚིག་གིས་བཀང་བ་ཙམ་མ་ཟད། རང་མགོ་རང་གིས་བསྐོར་བ་ཙམ་རེད་སྙམ་བྱུང་།

                                                                                 1946ལོར།   རྫོགས་སོ།།

                                                                                       འགྱུར་རྩོམ་འདིའི་ཐད་བགྲོ་གླེང་བྱེད་འདོད་མཁན་ཚོས་གཤམ་གྱི་ཡིག་སྒམ་བརྒྱུད་གུས་པར་འབྲེལ་བ་གནང་རོགས། ystserang@live.com

[1] Eugene Aram ནི། དབྱིན་ཇིའི་མཚན་ཉིད་རིག་པ་བ་དང་སྐད་བརྡ་སྨྲ་བ།  རང་གི་གྲོགས་པོ་བསད་པའི་ཉེས་པ་ལོ་བཅུ་བཞིའི་རྗེས་བརྟོལ་བས། སྲོག་ཐོག་ཏུ་བཏང་།

[2] Duggie ནི། མི་མིང་རང་ག་བ་ཞིག་གོ

[3] Austin Seven ནི།  རླངས་འཁོར་ཆུང་ངུ་རིགས་ཤིག་གི་མིང་།

[4] Smithནི།  བཀྲ་ཤིས་དང་སྒྲོལ་མ་ལྟ་བུའི་མིའི་མིང་རང་ག་བའོ།།

[5] Jonesནི།  བཀྲ་ཤིས་དང་སྒྲོལ་མ་ལྟ་བུའི་མིའི་མིང་རང་ག་བའོ།།

རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་པའི་དབང་བོ་རྗོར་རྗི་ཨོར་ཝེལ་གྱི་ལེགས་རྩོམ་ཞིག

2017-02-27 རྗོར་ཇི་ཨོར་ཝེལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།