སྙན་ངག་ལ་བརྟེན་ནས་གཞན་ཅི་ཞིག་བརྗེ་ལེན་བྱེད་པར་རེ་བ་མ་བཅངས།
དང་པོ། སྙན་ངག་པའི་ཉིན་གཅིག་ཀྱང་རང་དགར་ཆུད་ཟོས་མི་གཏོང་།
༡ ཁོག་པའི་ནང་དུ་ཆུ་ཟོ་གང་ཡོད་ན། ད་གཟོད་ཆུ་དཀར་ཡོལ་གང་ལྡུག་ངེས། སྙན་ངག་པས་ཡིག་འབྲུ་ཁྲི་བརྒྱ་བཀླགས་ན། ད་གཟོད་ཡིག་འབྲུ་ཁྲི་གཅིག་འབྲི་ངེས་ཡིན།
༢ ངས་དཔེ་ཀློག་ཧ་ཅང་རྙོག་འཛིང་ཆེ་བ་དང་། 《སྔོ་སྨན་སྤྱི་དོན》ཡང་སྤྲོ་བ་ཡོད་པའི་སྒོ་ནས་བཀླགས་པ་ཡིན་ལ། ང་ལ་ཁྱིམ་ན་དེབ་གཅིག་དང་། གཞུང་ལས་ཁང་ན་དེབ་གཅིག་ཡོད་པས། དུས་དང་རྣམ་པ་ཀུན་ཏུ་བལྟས་པ་ཡིན། ང་ཅིའི་ཕྱིར《སྔོ་སྨན་སྤྱི་དོན》ཀློག་རྒྱུ་དགའ་བ་ཡིན་ནམ། རྩི་ཏོག་ལ་བརྩེ་བ་ཡོད་པས་སོ།། ཚེ་སྲོག་གི་གཟུགས་གང་རུང་ཡོད་ཚད་ལ་བརྩེ་བ་ཡོད། བརྩེ་བ་ཡོད་པའི་མི་ཞིག་བྱེད་དགོས་པ་འདི་ནི་སྙན་ངག་པ་ལ་ངེས་པར་དགོས་པའི་ངོ་བོ་ཞིག་ཡིན།
༣ དཔེ་ཀློག་དང་ཟ་མ་ཟ་བ་ནི་གཅིག་འདྲ་ཡིན་ཞིང་། མི་ལ་ཤས་ཀྱིས་ཟ་མ་ཟ་བ་ནི་ཤ་རྒྱས་པའི་ཆེད་དུ་ཡིན་པ་དང་། མི་ལ་ཤས་ཀྱིས་ཟ་མ་ཟ་བ་ནི་སྟོབས་ཤུགས་རྒྱས་པའི་ཆེད་དུ་ཡིན། སྙན་ངག་པའི་ཟ་མ་ཟ་བ་ནི་ཤ་རྒྱས་པའི་ཆེད་དུ་མིན་ལ། སྟོབས་ཤུགས་རྒྱས་པའི་ཆེད་དུའང་མིན་ནོ།།
༤ སྙན་ངག་པས་མཚན་ཉིད་རིག་པའི་དཔེ་ཆ་ངེས་པར་དུ་ཀློག་དགོས་པ་མ་ཟད། སྙན་ངག་ལ་མཚན་ཉིད་རིག་པ་ལྟར་འགྲེལ་རྒྱག་མི་དགོས།
༥ སྙན་ངག་པ་ཆེས་སྐྲག་དགོས་ས་ནི་སྔ་གོམ་སོར་གནས་དང་། ཁྲོན་པའི་ནང་གི་སྦལ་བ་ཡིན། སྙན་ངག་པས་བརྩམས་ཆོས་བཀོལ་ནས་སྐད་ཆ་བཤད་དགོས། སྒྱུ་རྩལ་ལ་རྫོགས་མཐའ་མེད་ནའང་། ཕུན་སུམ་ཚོགས་པའི་སྐད་ཆ་བཤད་ཆོག་པ་ཞིག་མེད་མོད། འོན་ཀྱང་སེམས་ཀྱི་དམའ་སར་བསྡད་ནས་སློབ་སྦྱོང་ལེགས་པོ་བྱེད་པ་དང་། ནན་ཏན་གྱིས་དཔེ་ཀློག་བྱས་ན། རང་ཉིད་ལ་གྱ་ནོམ་པའི་རྩོམ་རིག་གི་རྨང་གཞི་མཐུག་པོ་མུ་མཐུད་དུ་འཇོག་པ་ཡིན།
༦ སྙན་ངག་པས་ཉིན་གཅིག་ཀྱང་རང་དགར་ཆུད་ཟོས་མི་གཏོང་བ་དང་། ཁྱོད་ཀྱི་གནས་ཚུལ་ཞིག་གོ་བ་དང་། ཁྱོད་ཀྱི་རྩི་ཏོག་ཅིག་མཐོང་ན། ཚང་མ་རང་ཉིད་ཀྱི་ཕུན་སུམ་ཚོགས་པའི་གསར་རྩོམ་ཡིན། རང་ཉིད་ཀྱི་རིག་གནས་ཆུ་ཚད་ཕུན་སུམ་ཚོགས་པར་ཡོང་བ་དང་། ཇེ་མཐོར་ཡོང་བ་དེས་རང་ཉིད་ཀྱི་གསར་རྩོམ་ལ་ཁ་གསབ་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ།
༧ དཔེ་ཀློག་མི་མང་ཡང་། འབྱིན་རྔུབ་མང་ཙམ་བྱས་ཡོད་དོ།།
༨ སྙན་ངག་པར་ཕུན་སུམ་ཚོགས་པའི་དཔེ་ཀློག་གི་ཉམས་མྱོང་དགོས་པ་དང་། རིག་གནས་ཆ་འཕྲིན་འབོར་ཚད་དགོས་ཤིང་། དེ་མིན་ཨུ་ཚུགས་དང་། འགྱུར་མེད་ཀྱི་རེ་འདོད་དང་ཐབས་ཇུས་མཚོན་ཐབས་ཀྱང་དགོས།
༩ སྙན་ངག་པས་སྐབས་འཕྲལ་དུ་སྙན་ངག་འབྲི་མི་ཐུག་པ་ནི་རྒྱུན་ལྡན་ཡིན་ཞིང་། སེམས་བྲེལ་མི་དགོས། ཆུ་དཀར་ཡོལ་གང་བླུགས་ཚར་ན་མུ་མཐུད་ཆུ་བླུགས་ཆོག་པ་དང་མཚུངས།
༡༠ དངོས་ཕན་རིང་ལུགས་ཀྱིས་ཀུ་ཅོ་ཆེན་པོ་སྒྲོག་པའི་སྐབས་སུ། སྙན་ངག་གི་ཁྲོད་ནས་རྩོམ་རིག་འགའ་ཤས་ཀྱིས་བཟོད་སྒོམ་བྱེད་པ་དང་། ལྷོད་འཇགས་ཀྱི་སེམས་ཁམས་དང་འཚོ་གནས་ཀྱི་བློ་གྲོས་འཐོབ་ཐུབ་རྒྱུ་ནི་རྒྱུན་ལྡན་དང་མི་འདྲ་བའི་གལ་ཆེན་ཞིག་ཡིན།
༡༡ སྙན་ངག་ཀློག་པ་ནི་ཆང་འཐུང་བ་དང་མི་འདྲ་བར། ཆང་གིས་མི་ལ་སྐྱིད་སྣང་སྟེར་བ་ཡུད་ཙམ་ཡིན་ལ། དགའ་སྣང་ཡལ་རྗེས་སྔར་བཞིན་སྡུག་བསྔལ་ཡིན། ཡིན་ཡང་སྙན་ངག་ཀློག་པའི་མྱོང་ཚོར་ཧ་ཅང་ཡུན་རིང་ཞིང་། མཐའ་ན་མི་ཚེ་གང་བོར་ཡིད་ལ་འཆང་བ་ཡིན་པས། སྙན་ངག་གིས་མིའི་རང་བྱུང་གི་དགའ་བ་སྐུལ་སྤེལ་བྱེད་ཐུབ་ལ། སྤྱི་ཚོགས་འཚོ་བར་སེམས་ཁུར་བྱེད་བཞིན་ང་ཚོའི་རང་ལུས་ཀྱིས་གཙུབ་བརྡར་བྱེད་དོ།།
གཉིས་པ། སྙན་ངག་གི་ངོ་བོ་ནི་དགའ་བ་ཡིན།
༡ དགའ་བ་ནི་སྙན་ངག་གི་ངོ་བོ་ཡིན་པ་དང་། མི་ཚེར་དགའ་བ་དང་། རང་བྱུང་ལ་དགའ་བ་ཡིན། དམོད་མོབྱེད་པའང་དགའ་བའི་རིགས་ཤིག་ཡིན་ལ། ཁྱོད་ཁོ་ལ་མ་དགའ་ན་ཁོར་སྡིགས་དམོད་བྱེད་མི་སྲིད།
༢ ཞེ་སྡང་ལས་སྙན་ངག་པ་བྱུང་ལ། ཞེ་སྡང་ལས་སྙན་ངག་འབྱུང་བར་ངེས་གཏན་མེད།
༣ སྙན་ངག་གི་ནང་ན་དབྱངས་འགྲོས་དང་། རོལ་དབྱངས་རང་བཞིན་ཧ་ཅང་གལ་ཆེན་ཡོད།
༤ མིའི་རིགས་ལ་ཆེས་སྟོབས་ཤུགས་ཀྱི་དངོས་པོ་ཞིག་ཡོད་པ་ནི་ཁ་རོག་གེར་འདུག་པ་ཡིན་པ་ལས་ཁུ་ཚུར་མིན་ནོ།།
༥ སྙན་ངག་པའི་བརྡར་གཅོད་ནི་སྤྱིར་བཏང་ཚོར་སྣང་དང་། མི་སྒེར་གྱི་བརྡར་གཅོད་ཡིན་ཞིང་། དཔེ་བཞག་ན། སྐྲ་དཀར་སྟོང་གསུམ་གྱིས་འཇལ་བ་དང་། རྨ་ཆུ་བར་སྣང་ནས་བཞུར་འོང་བ་སོགས་ནི་ལིས་པེ་ཡིས་ཚོར་སྣང་ངོས་འཛིན་ཡིན་པས། སུས་ཀྱང་གནས་ལུགས་མི་བཤད།
༦ སྙན་ངག་ཤོ་ལོ་ཀ་གཅིག་ནི་སྤྱི་ཁོག་གཅིག་ཡིན་པས། ཚིག་གྲུབ་མཛེས་པའི་གྲལ་སྟར་རེ་གཉིས་ཤིག་གི་མི་ཆོག་པ་རེད། འདིར་རྩྭ་མི་ཞིག་ཁྲིད་ཡོང་ནས་མཛེས་པའི་གོང་དཀྲིས་ཤིག་བརྒྱབ་ཀྱང་སྔར་བཞིན་དེ་ལ་ཚེ་སྲོག་མེད་པ་ནང་བཞིན་རེད།
༧ བསམ་པའི་ཡུལ་བཀོད་དེ་འདྲ་སྦས་དྲགས་ན་ཀློག་པ་པོའི་དང་ལེན་བྱེད་དཀའ་བ་རེད། འདི་བྱ་ཚང་ཞིག་གི་ནང་དུ་བྱ་གཉིས་མ་གཏོགས་འཇོག་མི་ཐུབ། ཁྱོད་ཀྱིས་བྱ་བཅུ་འཇོག་པ་དང་། བྱ་ཉི་ཤུ་བཞག་ཀྱང་བྱ་ཡོད་ཚད་སྐྱིད་པོ་མིན་ལ། བྱ་གསོ་བའི་མིའང་སེམས་ནས་མི་སྐྱིད་པ་ནང་བཞིན་རེད།
༨ སྙན་ངག་གསར་རྩོམ་ལ་ངེས་གཏན་མིན་པའི་རང་བཞིན་ལྡན་ཞིང་། ཚགས་དམ་པོའི་སྙན་ངག་གསར་རྩོམ་གྱི་འཆར་གཞི་བཀོད་ན་འགྲུབ་པའི་གདེང་ཚོད་ཀྱི་རང་བཞིན་དེ་འདྲ་མི་ཆེ།
༩ སྙན་ངག་ལ་སྐད་ཆ་གསལ་བོ་བཤད་མི་དགོས། གཞན་གྱི་མ་གོ་ན་སྐྱོན་མེད། སྙན་ངག་གིས་ངེས་པར་མཚོན་དགོས་པ་སྟེ། གཅིག་ནི་སེམས་ཤུགས་རྣམ་པ་དང་། ཁྱོད་ལ་སེམས་ཤུགས་ཅི་འདྲ་ཞིག་བརྒྱུད་བསྒྲགས་བྱེད་དགོས་རྒྱུ། གཉིས་ནི་ཁྱོད་དང་རང་བྱུང་། མི་ཚུལ་ཁོར་ཡུག་གི་འབྲེལ་བར་ལྟ་དགོས། ཁྱོད་ལ་སེམས་ཤུགས་ཡོད་པ་ན། ད་གཟོད་ཡིད་དབང་འགུག་ནུས་ཡོད། གསུམ་ནི་རིན་ཐང་ལེན་ཕྱོགས། སྡིགས་དམོད་དང་བསྟོད་བསྔགས་ཚང་མར་སྟོབས་ཤུགས་ཡོད་པ་རེད།
༡༠ སྙན་ངག་གིས་དུས་རབས་གང་ཞིག་ལ་མཆོག་གྱུར་གྱི་སྙིང་སྟོབས་ཐོན་རྫས་སུ་བརྩི་བ་དང་། དེར་རྒྱུན་ལྡན་གྱི་འཚོ་བའི་སྦྱོང་བརྡར་མི་མཐོ་ནའང་། འོན་ཀྱང་འཇིག་རྟེན་འདིའི་ནང་དུ། སྙན་ངག་པའི་རྒྱུན་དུ་ལྷིང་འཇགས་བཙལ་བ་དང་། ཐ་ན་རྒྱང་རིང་གི་འཚོ་བའི་དམིགས་འདུན་གྱི་བར་སྟོང་གི་འཆར་སྒོ་དང་བསམ་གཞིགས་ནུས་པ་མི་ལ་བཅོལ་བ་རེད། ཁོ་ཚོའི་རང་ཉིད་ཀྱི་སྙན་ངག་ལ་འཚོ་བའི་ཁྲོད་ནས་ས་ཆ་གང་རུང་དང་། དུས་སྐབས་གང་རུང་ན་སྙན་ངག་གི་བྲོ་བ་ཡོད་པར་མི་རྣམས་ལ་ཡིད་ཆེས་ཡོད་པས། སྙན་ངག་པའི་སེམས་ཁོང་ན་རྒྱུན་དུ་མདོག་སྔོ་བའི་ས་གཞི་ཡོད་ལ། ས་གཞི་འདིའི་སྟེང་ནས་ལྗང་མདོག་གི་བསམ་བློ་ཐོན་སྐྱེད་དང་། གློ་བུར་དུ་འབར་ནས་འཁྱག་རོམ་གྱིས་གཡོགས་པ་གཏོར་བའི་ནུས་ཤུགས་ཀྱང་ཡོད།
༡༡ དྲ་རྒྱ་འཕྲིན་སྟེགས་ཀྱིས་སྙན་ངག་འདུ་ཤེས་ཁྱབ་གདལ་དུ་བཏང་བ་དང་། དེ་མ་ཐག་ཏུ་སྙན་ངག་འབྲི་རྩོམ་གྱི་སྣ་མང་རང་བཞིན་ལ་ཤིན་ཏུ་གལ་ཆེན་གྱི་ནུས་པ་ཐོན་ཡོད། དེ་ཙམ་གྱིས་བཤད་འདོད་དང་ཁེ་གྲགས་མེད་པ་དང་། སྙན་ངག་པའི་གང་ལྟར་འཕྲིན་སྟེགས་དེ་ལས་འགྲེམ་སྟོན་བྱས་པ་ན། དེ་འཕྲལ་སྙན་ངག་གསར་རྩོམ་བྱེད་མཁན་དབྱར་མཚོ་རྒྱས་པ་བཞིན་འཕེལ་བ་རེད། སྐྱེས་ཐོབ་ཀྱི་རིག་པའི་སྙན་ངག་ཡོད་པ་དང་། ཤེས་བྱ་སྦྱོང་བརྡར་གྱི་སྙན་ངག་པ་ཡོད་ལ། དྲ་རྒྱ་འཕྲིན་སྟེགས་ནས་འགོ་བརྩམས་ཏེ། སྙན་ངག་གི་ཆེས་རིང་སའི་མྱུར་ལམ་དུ་བསྐྱོད་ཐུབ་ངེས་རེད། དེར་བརྟེན་དྲ་རྒྱའི་སྒོ་འབྱེད་རང་བཞིན་གྱིས་སྙན་ངག་པར་སྔར་ལས་རང་རྟོགས་ཀྱི་ཐོག་མའི་གསར་གཏོད་དང་ཁེར་རྐྱང་གི་གསར་གཏོད་བྱེད་དུ་འཇུག་པའོ།།
གསུམ་པ། སྙན་ངག་ནི་གང་འདྲ་བྱས་ཏེ་ཡོང་བ་རེད་དམ།
༡ སྙན་ངག་ནི་གང་འདྲ་བྱས་ཏེ་བྱུང་བ་ཡིན་ནམ། གཅིག་ནི་དཔེ་ཀློག་གི་ཉམས་མྱོང་དང་། གཉིས་ནི་མི་སྒེར་གྱི་བརྩེ་སེམས་ཉམས་མྱོང་ལས་བྱུང་བ་ཡིན།
༢ སྙན་ངག་ནི་རྡུལ་ཕྲན་མཚོན་ཆ་ཡིན་ལ། བོངས་ཚད་ཆུང་ནའང་ནུས་ཚད་ཆེས་དྲག
༣ གསོག་འཇོག་ཡོད་ན་ད་གཟོད་ཀློད་གྲོལ་ཡོད། སྙན་ངག་པར་སེམས་ཤུགས་ཡོད་པ་དང་གསར་རྩོམ་བྱེད་འདོད་ཡོད། བརྩམས་ཆོས་ཡག་པོ་ཞིག་ལ་ལོ་རྒྱུས་ཀྱི་མཐུག་ཚད་ཡོད་ཅིང་། ཏག་ཏག་དགའ་སྣང་མེད་པ་ཞིག་གི་སྒོ་ནས་མཚམས་འཇོག་མི་སྲིད།
༤ སྙན་ངག་གི་ཕྱི་རོལ་ནི་འཛུགས་སྐྲུན་གནད་དོན་ཡིན་ཞིང་། ནང་རོལ་ནི་དབྱངས་འགྲོས་གནད་དོན་ཡིན་ལ། ཁྱོད་ཀྱི་སྙན་ངག་གིས་ཉེན་ཁང་མི་བསྐྲུན་པར། ཕྱི་ནང་ཕན་ཚུན་ཀུན་སྙོམས་ལྟ་རྟོག་བྱེད་དགོས།
༥ གལ་ཏེ་ཁྱོད་ཀྱི་སྙན་ངག་གི་ནང་དུ་དངོས་གནས་གྲངས་ཀ་བཀོལ་རྒྱུ་ཡིན་ན། གྲངས་ཀ་འདི་ནི་ངེས་པར་དུ་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད།
༦ སྙན་ངག་ལ་ཁྱད་མཚར་རང་བཞིན་ཡོད་དགོས་ཤིང་། གྲུ་ག་མང་བའི་ཤེལ་མིག་དང་མཚུངས་བར། མི་འདྲ་བའི་མིས་བཀླགས་ན་མི་འདྲ་བའི་ཚོར་སྣང་ཡོད།
༧ སྙན་ངག་བཀླགས་ཆོག་པ་མ་ཟད། ད་དུང་ངེས་པར་གཞས་བཏང་ཡང་ཆོག སྙན་ངག་འབྲི་བར་ཆེས་བཟང་བའི་སྙན་ངག་གི་ཁོར་ཡུག་ཅིག་དགོས་ཤིང་། རྩོད་གླེང་བྱས་ཀྱང་ཆོག རྩོད་གླེང་གི་ཁྲོད་ནས་ད་གཟོད་ཡར་ཐོན་འབྱུང་སྲིད།
༨ སྙན་ངག་མང་བོ་འབྲི་མི་དགོས། ངེས་པར་དུ་ཤོག་སྟོང་བསྐྱུར་དགོས། བསྐྱུར་ན་བྲོ་བ་ཡོད་པས། དེར་འབྲི་མཚམས་ཚོར་འབྲེལ་ཟེར།
༩ སྙན་ངག་འབྲི་བའི་གཞི་རྩ་ནི་ཡི་གེ་དང་མིང་ཚིག་བཞུ་སྲེག་བྱེད་པ་དང་། ཁྱོད་ཀྱིས་བཀོལ་བཞིན་པའི་ཡི་གེ་དང་མིང་ཚིག་རེ་རེ་ཚང་མར་ཡང་བསྐོར་དུ་ཞིབ་བརྟག་ཡང་ཡང་བྱེད་པ་དང་། བསམ་གཞིགས་གཏོང་དགོས། དེར་མཚུངས། འཛམ་གླིང་ལ་ཁ་གཏད་དེ་ཆ་མེད་རྒྱུས་མེད་ཀྱི་ཚོར་བ་རྒྱུན་འཁྱོངས་དང་། ཆ་མེད་རྒྱུས་མེད་ཚོར་བ་རྒྱུན་འཁྱོངས་བྱེད་པ་ནི་དངོས་པོ་ཡོད་ཚད་ལ་ཁ་གཏད་དེ་ཚོར་ཤེས་རྒྱུན་འཁྱོངས་དང་། གསར་ཐོན་རྒྱུན་འཁྱོངས་བྱེད་དགོས།
༡༠ སྙན་ངག་པའི་རྩོམ་ཡིག་འབྲི་བའི་དམིགས་ཡུལ་མི་སྒེར་གྱི་མིང་ཚིག་གི་མཐུ་ནུས་མངོན་པ་དང་མཛེས་དཔྱད་ཉམས་མྱོང་སོགས་ལ་དོ་སྣང་མི་བྱེད་ཅིང་། དེ་ལས་རྩོམ་འབྲི་དམིགས་ཡུལ་འདི་དག་ནི་ཀློག་པ་པོའི་ལྟ་ཀློག་བརྒྱུད་དེ་འགྲུབ་ཏུ་འཇུག་དགོས། སྙན་ངག་གི་མཇེས་དཔྱོད་རིག་པའི་དམིགས་ཡུལ་དེ་ལས་ནི་ཀློག་པ་པོའི་ལྟ་ཀློག་བརྒྱུད་དེ་མངོན་འགྱུར་བྱུང་དགོས། དམིགས་ཡུལ་འདི་ནི་ཀློག་པ་པོས་ཁྱེར་ཡོང་བའི་དགའ་སྣང་ལ་སྟེར་དགོས།
༡༡ འཚོ་བའི་ཁྲོད་འགྲན་ཟླ་བྲལ་ཞིང་ཕུན་སུམ་ཚོགས་པའི་སྙན་ངག་པའི་བསམ་པའི་བཀོད་ཤུགས་ལ་བརྟེན་ནས་མངོན་འགྱུར་ཡོང་རྒྱུ་ནི་ཐབས་མེད་པ་ཞིག་ཡིན། འཚོ་བའི་ཁྲོད་ནས་དོན་དངོས་ཀྱི་ཚོར་སྣང་ཐོབ་པ་ན། ད་གཟོད་སྙན་ངག་པའི་བསམ་བཀོད་ལ་གཤོག་རྩལ་སྤྲད་པ་དང་། ཡང་ན་ད་གཟོད་ང་ཚོའི་སྙན་ངག་བརྩམས་ཆོས་ལ་ཤ་ཁྲག་ཡོད་ཅིང་། དགའ་སྐྱོའི་གླུ་སྒྲ་ཡི་འབོད་པ་ཡོད། ན་ཟུག་དང་དགའ་སྤྲོ་ཡོད་ལ། སྐད་ཆ་གཅིག་གིས་འགོག་མི་ཐུབ་པས། སྟོབས་ཤུགས་ཆེ་བ་དང་། སྙན་ངག་གི་བསམ་བློ་ཡིད་འགུག་འབོད་ཤུགས་ཀྱི་ཁོངས་སུ་གཏོགས།
༡༢ སྙན་ངག་པའི་རྩོམ་འབྲི་བ་ནི་གསར་གཏོད་དང་། ཁེར་རྐྱང་གི་གསར་གཏོད་ཡིན། ཁེར་རྐྱང་གི་གསར་གཏོད་གཞན་བརྟེན་བྱེད་མི་ཆོག་པ་ལ། ཁེར་རྐྱང་གི་གསར་གཏོད་ངེས་པར་དུ་རང་ཉིད་ཀྱི་ལུས་སྟེང་གི་ཁ་ཤུབས་ཧྲུལ་པོར་སོ་བཏབ་སྟེ་གཞན་གྱི་དར་གོས་དང་དེ་མིན་གཤོག་པའི་ཤུན་པར་འགྱུར་དགོས། ཁེར་རྐྱང་གི་གསར་གཏོད་ནི་སྙན་ངག་པའི་ཚད་མཐོ་བའི་བསམ་བློའི་རང་རྟོགས་ཡིན་པ་དང་། ཁ་ཕྱེ་བ་ན་ལྷིང་འཇགས་དེ་དག་དཀྲོགས་པ་དང་། རྒྱུན་དུ་སྙན་འཇེབས་མིན་པའི་དངོས་པོ་དང་བརྩེ་སེམས་ཡིན་ཞིང་། རང་ཉིད་སྙན་ངག་པ་བྱེད་པའི་ནུས་ཤུགས་ཡོད་པ་མངོན་འགྱུར་དང་བདེན་དཔང་ནི་དངོས་ཡོད་སྤྱི་ཚོགས་ཀྱི་དོན་དངོས་ལྗོངས་རིས་ངོས་སུ་བཤམས་ཡོད་པ་དང་། སྙན་ངག་པ་རང་ཉིད་ཀྱི་འཕྲུལ་སྣང་མངོན་པ། སྙན་ངག་པ་རང་ཉིད་ཀྱི་བསམ་པའི་བཀོད་ཤུགས་དང་གསར་གཏོད་ནུས་པ་གོམ་གང་མདུན་སྤོས་ཀྱི་མཚོན་ཡོད་དོ།།
བཞི་བ། སྙན་ངག་ལ་བརྟེན་ནས་གཞན་ཅི་ཞིག་བརྗེ་ལེན་བྱེད་པར་རེ་བ་མ་བཅངས།
༡ སྙན་ངག་པ་རྒྱ་མཚོ་དང་མཚུངས་བར་བྱེད་དགོས་ལ། བཞུར་རྒྱུན་རེ་རེ་ཚང་མས་རང་ཉིད་ཕུན་སུམ་ཆོགས་པར་བྱེད།
༢ སྙན་ངག་པའང་ཆུ་རྫིང་ཡིན་ཞིང་། སྣ་མང་གི་ཉ་གསོས་ཆོག
༣ འཇིག་རྟེན་སྟེང་ན་མི་ལ་རིགས་གསུམ་ཡོད་པ་དེར་བཟོད་སྒོམ་བྱས་ཆོག་པ་སྟེ། སྙན་ངག་པ་དང་། ལོ་ལོན། བྱིས་པ་གསུམ་ཡིན་ནོ།། མིའི་རིགས་གསུམ་པོ་འདིས་སྤྱིར་བཏང་དུ་རྫུན་མི་གཏམ་པ་ཡིན་པས་སོ།།
༤ སྙན་ངག་པའི་བརྩེ་དུང་ལ་དམིགས་ཡུལ་ཡོད་པ་ལས། དོན་མེད་སྟོང་བ་ཡིན་མི་ཆོག
༥ སྙན་ངག་པའི་མིང་ཚིག་ལ་ཚོར་སྐྱེན་དགོས། སྙན་ངག་པས་ཚིག་སྒྲིག་ཆོག་པ་མ་ཟད། ཚིག་སྒྲིག་པའི་མིང་ཚིག་ལ་གཞན་གྱིས་ལས་སླ་མོའི་དང་ལེན་བྱེད་ཐུབ་དགོས།
༦ སྙན་ངག་པའི་ཡུན་རིང་དུ་ཚོར་སྐྱེན་གྱི་སེམས་རྒྱུན་འཁྱོངས་བྱེད་དགོས། སྙན་ངག་པར་རྒྱུས་མེད་ཀྱི་ཁོར་ཡུག་ཁྲོད་ན་ད་གཟོད་དགའ་སྣང་ཡོད།
༧ སྙན་ངག་པ་ལ་མི་གཞན་གྱིས་ལྟ་སྟངས་མི་འདྲ་བ་འཛིན་པ་ཡིན་ཞིང་། སྙན་ངག་པ་ལ་ཕུགས་རྒྱང་རང་བཞིན་ཡོད་ལ། ལོ་རྒྱུས་ཀྱི་རྟོལ་ཤུགས་ཡོད་པས་སོ།།
༨ སྙན་ངག་པ་ཚང་མ་ནི་ཅུང་ཙམ་གཞུང་དྲང་དང་། མི་ཁེར་རྐྱང་ཡིན།
༩ སྙན་ངག་པ་ནི་གསར་གཏོད་པ་ཡིན། རྒྱུན་ཤེས་མ་བཤད་ན་ཆོག་སྟེ། དཔེར་ན། ཆུས་སྐོམ་སེལ་ཆོག་པ་དང་། དྲོན་འཇམ་ཡིན་ཆོག འདི་ནི་སྙན་ངག་མིན་ཞིང་འདི་ནི་རྒྱུན་ཤེས་ཡིན། སྙན་ངག་པ་ནི་མཚན་ཉིད་རིག་པ་བ་ཡིན་དགོས་ཤིང་། མཚན་ཉིད་རིག་པ་ནི་སྙན་ངག་གི་བུ་ཕྲུག་ཡིན། སྙན་ངག་པ་ནི་ཤེས་ལྡན་པ་ཡིན་ལ། ཤེས་ལྡན་པས་ངེས་པར་གསར་གཏོད་བྱེད་དགོས། སྙན་ངག་པ་ཞིག་ལ་གལ་ཏེ་རྩོམ་ནུས་མ་འདང་ན། ཁོའི་བརྩམས་ཆོས་སྲབ་པ་དང་སྟོབས་ཤུགས་ཆད་པ་ཡིན།
༡༠ སྙན་ངག་པར་བརྩེ་སེམས་ཕུན་སུམ་ཚོགས་པ་དགོས་ཤིང་། རྣོ་ཚད་དགོས་ལ། ལྭ་བའི་ནང་དུ་ཁབ་སྦས་པ། བསམ་བློའི་ནང་དུ་མཁྲེགས་གཤིས་དགོས་ལ། རང་བྱུང་ལ་ཁ་གཏོད་ཐུབ་པ་དང་། རང་ཉིད་ཀྱི་བརྡར་གཅོད་བྱེད་ཐུབ་པ་དགོས།
༡༡ སྙན་ངག་ལ་བརྟེན་ནས་གཞན་ཅི་ཞིག་བརྗེ་ལེན་བྱེད་པར་རེ་བ་མ་བཅངས། སྙན་ངག་ནི་བརྩེ་སེམས་ཀྱི་བརྒྱུད་ལམ་ཁོ་ན་ཡིན། སྙན་ངག་ལ་གུས་ཤིང་སྐྲག་པའི་སེམས་དགོས། མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་ལག་ནང་གི་ལས་སླ་མོའི་ལས་ཀ་དོན་དངོས་སུ་བསྒྲུབ་དཀའ་བ་དང་། ཟ་མ་ཚང་མས་ལས་ཤེས་པ་མ་ཟད ། ཇ་མ་བྱེད་པར་དཀའ་ཁག་ཡོད་པ་དང་མཚུངས།
༡༢ འཚོ་བའི་ཁྲོད་རང་ཉིད་རང་བྱུང་གི་མི་བྱེད་དགོས་པ་ལས། སྙན་ངག་པ་བྱེད་མི་ཉན།
༡༣ ཕུལ་དུ་བྱུང་བའི་སྙན་ངག་པས་ཅི་ཞིག་བྲིས་ཀྱང་ཡོད་ཚད་བཟང་བས། རྩོམ་རིག་གི་རིགས་སྣ་ཚོགས་ལ་ཁ་ལོ་བསྒྱུར་པ་སྟེ། དཔེར་ན། བརྩམས་སྒྲུང་། ལྷུག་རྩོམ། འཁྲབ་གཞུང་ལྟ་བུའོ།།
༡༤ སྙན་ངག་པ་འཚོ་བར་དགའ་དགོས་ཤིང་། རང་ཉིད་ཀྱི་འཚོ་བར་དགའ་བ་མ་གཏོགས། ད་དུང་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་འཚོ་བར་དགའ་དགོས་ལ། རྩོམ་པ་པོ་ཨའེ་ཆིན་དང་འདྲ་བར་ས་གཞི་འདིར་གཏིང་ཟབ་པའི་དགའ་དགོས།
༡༥ སྙན་ངག་པའི་བརྩམས་ཆོས་ཅིས་ཀྱང་འཚོ་བར་ཞིབ་ཕྲའི་སྦྱོང་བརྡར་བརྒྱུད་དགོས་པ་དང་། མི་གཤིས་དང་རང་བྱུང་ཁམས་ཀྱི་སྙིང་བཅུད་བསྡུ་ལེན་བྱེད་པ་མ་ཟད། ཚེ་སྲོག་གི་གཤེར་གཟུགས་སུ་འགྲུབ་ཏུ་འཇུག་དགོས། འདི་ལྟར་ཀློག་པ་པོས་ལྟ་ཀློག་བྱེད་སྐབས་སྙན་ངག་གིས་ཡང་བསྐྱར་མངོན་འགྱུར་གྱི་ནུས་པ་གློད་བཀྲོལ་བཏང་བས། ད་གཟོད་གསལ་དྭངས་དང་དྲོད་འཇམ་གྱི་ཚོར་བ་ཤེས་པ་རེད། ཐག་གཅོད་སྒོས་བཤད་ན། འཇིག་རྟེན་ན་མེ་དུ་བྲོ་བའི་སྙན་ངག་མེད་ན། སྙན་ངག་ཡག་པོ་མིན་པ་དང་། སྙན་ངག་པའི་བརྩེ་དུང་སྙན་ངག་གི་གཏིང་ཟབ་སར་མ་ལྷུང་ན་སྙན་ངག་བཟང་བོ་ཞིག་ཡོང་མི་སྲིད་དོ།།
གཅན་རྣམ་ཐར་གྱིས་བསྒྱུར།
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།