སྲིན་འབུ་མེ་ཁྱེར།
༡
ལོ་གང་མང་ཞིག་གི་ཡར་སྔོན་ལ། ང་རང་ཞག་སྡོད་སློབ་གྲྭ་ཞིག་ཏུ་ཡོད། ལོ་གང་མང་ཞེས་བརྗོད་ཀྱང་། དོན་གྱིས་མི་ལོ་བཅུ་བཞི་བཅོ་ལྔའི་སྔོན་ཙམ་ཡིན། སྐབས་དེར་ང་ནི་སློབ་ཆེན་འགྲིམས་མ་ཐག་པའི་ལོ་ན་བཅོ་བརྒྱད་ཅན་གྱི་གཞོན་ནུ་ཞིག་སྟེ། ཏུང་ཅིན་གྲོང་ཁྱེར་ལ་རྒྱུས་མངའ་མེད་ཅིང་། རང་ཉིད་གཅིག་པུ་འཚོ་བ་རོལ་ཐེངས་ཐོག་མའང་ཡིན། ཕ་མ་གཉིས་ཀྱིས་ང་རང་གཅིག་པུ་སྡོད་པར་བློ་མ་བདེ་བར། སློབ་གྲྭའི་ནང་དུ་འདུག་གནས་ཤིག་བཙལ། དོན་གྱིས་སྤྱོད་ཚུལ་དེར་སྒོར་མོའི་ཐད་ཀྱི་བསམ་ཚུལ་ཡང་ཡོད། རྒྱུ་མཚན། ཕྱི་རུ་མི་རྐྱང་གི་འཚོ་བ་རོལ་པར་བསྡུར་ན། སློབ་མའི་སྡོད་ཤག་ནི་འགྲོ་སོང་ཉུང་ཤོས་དེ་ཡིན། ང་རང་ཉིད་ལ་མཚོན་ན། གཅིག་པུར་ཁང་པ་ཞིག་གླས་ནས་རང་མགོ་རང་རྒྱའི་འཚོ་བ་རོལ་འདོད་སྐྱེས་ཀྱང་། སྒེར་བཙུགས་སློབ་ཆེན་གྱི་སློབ་ཐོན་རིན་དངུལ་དང་སློབ་ཡོན། ཟླ་རེའི་འཚོ་བའི་འགྲོ་གྲོན་སོགས་མཐོ་དྲག་པས། རང་ཉིད་ཀྱི་འདོད་འདུན་ཡོད་ཚད་གནོན་ཅི་ཐབས་བྱས།
ཞག་སྡོད་སློབ་གླིང་དེ་གྲོང་ཁྱེར་གྱི་ཡུལ་ལྗོངས་ཆེས་ལེགས་ཤོས་སུ་གཏོགས་པའི་རི་སྒང་ཅིག་ཏུ་ཆགས་འདུག གཞི་རྒྱ་ཤིན་ཏུ་ཆེ་ཞིང་། མཐའ་བཞི་ཨར་འདམ་གྱི་ལྕགས་རིས་བསྐོར་ཡོད། སྒོ་ཆེན་དུ་འཛུལ་མ་ཐག མིག་མདུན་དུ་ཆེ་ལ་བརྗིད་པའི་སྡོང་རྒན་ཞིག་མངོན་ཡོང་། སྡོང་རྒན་དེར་ལོ་ངོ་བརྒྱ་དང་ལྔ་བཅུའི་ལོ་རྒྱུས་ལྡན་པར་བཤད་ཀྱང་། བལྟས་མ་ཐག་དེ་ལས་ཀྱང་ག་ལ་ཚད་སྙམ་པའི་ཚོར་བ་སྟེར། སྡོང་བོའི་འོག་ནས་མཁའ་དབྱིངས་སུ་བལྟས་ཚེ། མཐོང་ལམ་ཡོད་ཚད་སྔོ་ལྗང་ལྗང་གི་ལོ་འདབ་ཀྱིས་ཡོངས་སུ་སྒྲིབ་ངེས།
ཨར་འདམ་གྱི་ལམ་ཕྲན་ཞིག་ཆེ་ལ་བརྗིད་པའི་སྡོང་རྒན་དེར་བསྐོར་བ་བྱས་ནས། ཡང་བསྐྱར་དྲང་ཐིག་གི་རྣམ་པས་ཚོམས་དཀྱིལ་དུ་འཐེན་འདུག ཚོམས་ཆེན་གྱི་མཐའ་གཉིས་སུ་ས་རྡོ་ལྕགས་གསུམ་གྱིས་གྲུབ་པའི་ཁང་བརྩེགས་སུམ་ཐོག་ཅན་གཉིས་གྲལ་འགྲིག་པོར་བསྟར་བ་ནི་ཨར་ལས་ཆེ་ཁག་ཏུ་མཐོང་། སྒོ་དང་སྒེའུ་ཁུང་རང་དགར་ཕྱེ་བ་ལས་སྒྲ་སྡུད་འཕྲུལ་ཆས་ནང་གི་རོལ་མོའི་ལེ་ཚན་གྱི་མདོ་འཛིན་པའི་སྐད་ངག་མཆེད་འོང་། སྒེའུ་ཁུང་རེ་རེའི་ཡོལ་བ་ནི་ཉི་འོད་ཀྱིས་བསྒྱུར་བར་སྐྲག་མི་དགོས་པའི་འོ་སྤྲིའི་མདང་ཅན་ཤ་སྟག་རེད།
བགྲོད་ལམ་དེད་ནས་མདུན་དུ་སྐྱོད་ཚེ། བརྩེགས་གཉིས་ཅན་གྱི་དཀྱིལ་སྙིང་ཐོག་ཁང་དེ་ཁ་གཏད་དུ་འགྲེང་འདུག དཀྱིལ་སྙིང་ཐོག་ཁང་གི་བརྩེགས་དང་པོ་ཟ་ཁང་དང་འཁྲུད་ཁང་རེད། བརྩེགས་གཉིས་པར། འཁྲབ་སྟོད་ཁང་དང་ཚོགས་ཁང་འགའ། མགྲོན་པོ་གལ་ཆེན་བསུ་ས་བཅས་ཡོད། དཀྱིལ་སྙིང་ཐོག་ཁང་གི་འགྲམ་དུ་ཞག་སྡོད་ཐོག་ཁང་གསུམ་པ་ཡོད་ཅིང་། ཐོག་ཁང་དེའང་བརྩེགས་གསུམ་ཅན་ཞིག་སྟེ། ར་སྐོར་ཤིན་ཏུ་ཆེ། ལྗང་མདོག་ནེའུ་གསིང་གི་དཀྱིལ་དབུས་སུ་ཆུ་གཏོར་མཆུ་ཏོ་ཞིག་དུས་རྟག་ཏུ་འཁོར་ཞིང་། ཆུ་ཡི་ཟེགས་མ་ལས་ཉི་མའི་ལྡོག་འོད་སེར་ལམ་ལམ་འཕྲོ། དཀྱིལ་སྙིང་ཐོག་ཁང་གི་རྒྱབ་ཕྱོགས་སུ་དབྱུག་གྲུག་དང་རྐང་གྲུག་མཉམ་སྤྱོད་བྱེད་ཆོག་པའི་ལུས་རྩལ་ར་བ་ཞིག་དང་། གཟེབ་གྲུག་ར་བ་དྲུག་བཅས་ཅི་དགོས་གང་དགོས་འདུག
ཞག་སྡོད་གླིང་གི་གནད་དོན་གཅིག་པུ་ནི། དོན་གྱིས་དེའང་གནད་དོན་ཞིག་ཏུ་རྩིས་ཆོག་མིན་ལ་ལྟ་ཚུལ་འདྲ་མིན་འདུག གང་ལྟར། གནས་དེ་གཡས་ལྷུང་གི་མི་སྣ་ག་གེ་མོ་ཞིག་ལྟེ་བ་ཡིན་པའི་ངོ་བོ་མི་གསལ་པའི་འབྱོར་ཚོགས་ཀྱི་འགན་མི་ཞིག་གིས་ལས་གཉེར་བྱེད་ཀྱིན་པ་དེའོ།། འདིའི་ཐད་ཞག་སྡོད་ཕྱོགས་སྟོན་གྱི་ཚབ་མཚོན་དེབ་ཆུང་དང་ཞག་སྡོད་སློབ་མའི་བསྲུང་བྱ་ཞེས་པར་གཟིགས་པས་ཀྱང་ཕལ་ཆེར་རྟོགས་ཐུབ། “སློབ་གསོའི་གཞི་རྩ་ནི། རྒྱལ་ཁབ་ལ་མཁོ་བའི་འཇོན་མི་གསོ་སྐྱོང་བྱེད་རྒྱུ་དེའོ”ཞེས་པ་ནི་ཞག་སྡོད་ཐོག་ཁང་སྒྲུབ་པའི་རྩ་དོན་ཡིན་པར་བརྗོད་པ་དང་། རྩ་དོན་འདི་དང་བསམ་ཚུལ་མཐུན་པའི་འབྱོར་ལྡན་མི་སྣ་མང་པོས་རོགས་སྐྱོར་བླ་ལྷག་བྱས་ཡོད་པར་བརྗོད་པ་སོགས་ནི་ཕྱི་ཕྱོགས་ལ་དམིགས་པའི་བསྒྲགས་གཏམ་དང་སྒོ་བྱང་རེད། ནང་ཁུལ་ལ་མཚོན་ན། གཡོ་ཇུས་ལ་བརྟེན་ནས་མགོ་གཡོག་མགོ་སྐོར་བྱེད་པར་གོམས་ཡོད། དྲང་མོར་བཤད་ན། ཁོ་ཚོའི་ཁྲོད་དུ། སུ་ལའང་ཤེས་སུ་མ་བཅུག་པར་ཁྲལ་དངུལ་ལ་བྱོལ་མཁན་དང་། སློབ་མའི་ཞག་སྡོད་ཁང་སྐྲུན་པར་ཁ་གཡར་ཏེ། མགོ་སྐོར་དང་གཡོ་འཕྲུལ་གྱི་ལག་ཐབས་ལ་བརྟེན་ནས། ས་ཆའི་སྤྱོད་དབང་སྒེར་འཛིན་བྱེད་མཁན། དེར་བརྟེན་ནས་མཚན་སྙན་གྲགས་རྒྱས་པར་རེ་མཁན་སོགས་འདྲ་མིན་སྣ་ཚོགས་ཡོད་པར་ལབ། ང་རང་1967ལོའི་དཔྱིད་ཀ་ནས་ལོ་གཉིས་པའི་སྟོན་ཁའི་བར་ཞག་སྡོད་ར་བ་འདིར་འཚོ་བ་རོལ་པ་ཡིན། ནམ་རྒྱུན་གྱི་འཚོ་བ་རང་ངོས་ནས་བཤད་ན། གཡས་ལྷུང་ཡིན་ཡང་ཆོག གཡོན་ལྷུང་ཡིན་ཡང་རུང་། བཟང་བོར་རྫུ་མཁན་ཡིན་ཡང་ཆོག ངན་པར་རྫུ་མཁན་ཡིན་ཡང་རུང་། གང་ལྟར། ང་ལ་མཚོན་ན་ཐམས་ཅད་ལ་ཁྱད་པར་ཆེན་པོ་མེད།
ཞག་སྡོད་གླིང་གི་ཉིན་གཅིག་གི་འཚོ་བ་ནི་གཟབ་ནན་རང་བཞིན་གྱི་དར་ཆ་བསྒྲེང་པའི་མཛད་སྒོ་ནས་འགོ་རྩོམ་ངེས། དེ་དང་འབྲེལ་ནས་རྒྱལ་གླུ་གཏོང་བ་ནི་སྨྲས་མ་དགོས་པའོ།། གསར་འགྱུར་ལེ་ཚན་རོལ་དབྱངས་དང་ཁ་འབྲལ་ཐབས་མེད་པ་བཞིན། དར་ཆ་བསྒྲེང་བར་ཡང་རྒྱལ་གླུ་མེད་དུ་མི་རུང་། དར་ཆ་བསྒྲེང་སའི་སྟེགས་བུ་ནི་ར་སྐོར་གྱི་དཀྱིལ་དབུས་སུ་ཡོད་ཅིང་། ཞག་སྡོད་ཐོག་ཁང་གང་ཡིན་རུང་སྒེའུ་ཁུང་བརྒྱུད་ནས་ཏན་ཏན་མཐོང་ཐུབ།
དར་ཆ་བསྒྲེང་བ་དེ་ང་རང་སྡོད་སའམ་ཐོག་ཁང་ཤར་མའི་ཁང་བདག་གི་འགན་ཁུར་རེད། ཁོང་ནི་ལོ་ན་ལྔ་བཅུ་ཡས་མས་ཀྱི་ཕོ་རྒོད་ཅིག་སྟེ། གཟུགས་རིང་ཞིང་། མིག་ཟུང་ལ་སྤྱང་གྲུང་འཛོམས་པ། ཅུང་ཙམ་དཀར་པོར་གྱུར་པའི་སྐྲ་ལོ་གྲལ་དག་ཅིང་། ཉི་འོད་ཀྱིས་ནག་པོར་བསྒྱུར་པའི་སྐེ་ཁུག་ཏུ་རྨ་ཤུལ་ཞིག་འདུག ངག་སྒྲོས་ལྟར་ན། མི་འདི་ཀྲུང་དབྱེ་རྐང་དམག་སློབ་གྲྭ་ནས་མཐར་ཕྱིན་པར་བཤད། ཁོའི་གམ་དུ་སློབ་མ་ཞིག་ཡོད་ཅིང་། ཕར་བལྟས་ཚོད་ཀྱིས་དར་ཆ་བསྒྲེང་མཁན་གྱི་ལག་རོགས་པའི་བཟོ་ལྟ་མངོན་འདུག མགོ་ན་སྐྲ་མེད་ཅིང་། ནམ་རྒྱུན་སློབ་གོས་ཤིག་གྱོན་འདུག་པ་ཙམ་ལས། ཁོའི་རུས་དང་མིང་། སྡོད་ཁང་གང་དུ་ཡོད་པ་སོགས་མི་འདིའི་གནས་ཚུལ་ཤེས་མཁན་ཧ་ལམ་མེད་ཟེར་ཆོག སློབ་གྲྭའི་ཟ་ཁང་དང་འཁྲུད་ཁང་སོགས་ནས་ཀྱང་གཏན་ནས་མཐོང་མ་མྱོང་། ཁོ་རང་སློབ་མ་ཞིག་ཡིན་མིན་ཡང་ཤེས་མཁན་མེད་མོད། ལུས་ལ་སློབ་ལྭ་གྱོན་ཡོད་པས། སློབ་མ་ཞིག་རེད་ཅེས་ཁ་ཚོད་གཅོད་རྒྱུ་ལས་ཐབས་གཞན་མི་འདུག མི་འདི་“ཀྲུང་དབྱེ་སློབ་གྲྭ”དང་རྦད་དེ་ལྡོག་ཟླར་གྱུར་འདུག ཁོ་ནི་གཟུགས་ཐུང་ཞིང་། ངོ་གདོང་དཀར་ལ། ཤ་རྒྱགས་པ་ཞིག་འདུག དེ་ལྟར་ཁོང་གཉིས་ཀྱིས་དུས་རྒྱུན་ཞོགས་པའི་ཆུ་ཚོད་དྲུག་པར་རྟག་ཏུ་ཉི་མའི་དཀྱིལ་འཁོར་ཅན་གྱི་དར་ཆ་དེ་བསྒྲེང་བར་བྱེད།
དང་ཐོག བདག་གིས་སྒེའུ་ཁུང་བརྒྱུད་ནས་རྒྱུན་དུ་དར་ཆ་སྒྲེང་བའི་རྣམ་པར་བལྟས་པ་ཡིན། ཞོགས་པའི་ཆུ་ཚོད་དྲུག་པ་སླེབས་མ་ཐག ཁོང་གཉིས་སྒྲ་བསྡུད་འཕྲུལ་ཆས་ཀྱི་ལེ་ཚན་སྔོན་བརྡ་བསྒྲགས་པ་དང་མཉམ་དུ་ར་སྐོར་ནང་ཐོན་ངེས། “སློབ་ལྭ་གྱོན་མཁན”གྱི་ལག་ཏུ་ཤིང་སྒམ་ལེབ་ལེབ་ཞིག་བཟུང་། “ཀྲུང་དབྱེ་སློབ་གྲྭས”སའོ་ནེའུ་རྟགས་ཅན་གྱི་སྤྱིན་ཤོག་སྒྲ་ཕབ་བཞག་ཆོག་པའི་སྒྲ་སྡུད་འཕྲུལ་ཆས་ཤིག་ཁྱེར་ཡོང་། “ཀྲུང་དབྱེ་སློབ་གྲྭས”སྒྲ་སྡུད་འཕྲུལ་ཆས་དེ་དར་ཆ་བསྒྲེང་སའི་སྟེགས་བུའི་སྟེང་བཞག་པ་དང་། “སློབ་ལྭ་གྱོན་མཁན”གྱིས་ཤིང་སྒམ་ཁ་འབྱེད་པ་ན། སྒམ་ནང་དུ་རྒྱལ་དར་གྲལ་དག་པོར་བལྟབས་ནས་བཞག་ཡོད་པ་མཐོང་ཐུབ། ཁོས་རྒྱལ་དར་“ཀྲུང་དབྱེ་སློབ་གྲྭའི”ལག་ཏུ་ཕུལ་རྗེས། “ཀྲུང་དབྱེ་སློབ་གྲྭས”དེ་མ་ཐག་དར་ལུང་ཐག་པར་སྦྲེལ་ཞིང་། “སློབ་ལྭ་གྱོན་མཁན”གྱིས་སྒྲ་སྡུད་འཕྲུལ་ཆས་ཀྱི་སྒོ་འབྱེད་ངེས།
རྒྱལ་དར་དལ་བ་དལ་བུར་ཡར་འཛེགས།
“བྱེ་མ་འགྱུར་ནས་རྡོ་རུ་གྲུབ”—རྒྱལ་གླུ་གཏོང་མཚམས་འདིར་ཐོན་དུས། རྒྱལ་དར་དེ་དར་ཤིང་གི་དཀྱིལ་དུ་སླེབས་ཡོད།
“ སྟེང་དུ་ཆིན་ཐེ་སྐྱེ་དངོས་གང”—རྒྱལ་གླུ་རྫོགས་མ་ཐག རྒྱལ་དར་དེ་དར་ཤིང་གི་རྩེ་མོར་སླེབས་ཡོད། ཁོང་གཉིས་ཀྱིས་བྲང་ཁོག་སྔོན་ལ་འབུར་ཤིང་། དྲང་མོར་ལངས་ནས། མིག་ཟུང་གཡོ་བ་མེད་པར་རྒྱལ་དར་ལ་ཕྱོགས་ནས་འདུག གལ་སྲིད་གནམ་ངོ་དྭངས་ཤིང་། བསིལ་རླུང་རྒྱུ་བའི་སྐབས་དང་ཁེལ་པ་ཡིན་ན། སྣང་ཚུལ་དེར་དེ་ལས་ཀྱང་བརྗིད་ཉམས་ལྡན་པའི་ཚོར་སྣང་སྟེར།
ས་སྲོད་ཀྱི་དུས་སུ་རྒྱལ་དར་མར་ཕབ་ངེས། སྲོད་དུས་ཀྱི་དར་ཆ་ནི་རླུང་གི་རྒྱུ་བ་དང་བསྟུན་ནས་བསྐྱོད་མི་དགོས་པར། སྐད་ཅིག་ཙམ་ལ་མར་ཕབ་རྗེས། སྒམ་ཆུང་དུ་བསྡུས་པས་ཆོག མཛད་སྒོའི་རྣམ་པ་ལ་འགྱུར་བ་ཆེན་པོ་མི་འདུག་ཅིང་། འགྲོ་རིམ་ཐད་ཞོགས་པ་ལས་ལྡོག་སྟེ་སྤེལ་བ་ཙམ་མོ།།
སྲོད་དུས་དར་ཆ་ངེས་པར་མར་ཕབ་དགོས་པའི་རྒྱུ་མཚན་དེ་བདག་གིས་བསམ་བློ་ཇི་ལྟར་བཏང་ཡང་རྟོགས་མི་ཐུབ། དོན་གྱིས། མཚན་མོ་ཡིན་ཡང་རྒྱལ་ཁབ་སྔར་བཞིན་གནས་ལ། ལས་ཚོགས་ལ་ཞུགས་མཁན་ཡང་མི་ཉུང་བ་ཡོད་མོད། ཁོ་ཚོས་རྒྱལ་ཁབ་ཀྱི་འགེབས་སྲུང་ཉམས་སུ་མྱོང་མི་དགོས་པ་འདྲ་བས། བདག་གིས་སྣང་ཚུལ་དེ་སྤྱི་མཐུན་ཞིག་མིན་པར་མཐོང་ཡོད། འོན་ཀྱང་། ང་རང་མ་གཏོགས་ཕལ་ཆེར་གནས་ཚུལ་དེ་ཡ་མཚན་ཞིག་ཏུ་སྒོམ་མཁན་མེད་པ་འདྲ་ལ། སུས་ཀྱང་སྣང་འཇོག་བྱེད་མི་སྲིད་པས། བདག་གིས་ཀྱང་སེམས་ལ་དྲན་པ་ཙམ་ལས་དོན་གྱི་འབྱུང་རྩར་ཇུས་གཏོགས་བྱེད་འདོད་ཀྱི་བསམ་པ་སྐྱེས་མ་མྱོང་།
སྡོད་ཤག་གི་བཀོད་སྒྲིག་ཐད་རྩ་བའི་ཆ་ནས་ལོ་རིམ་དང་པོ་དང་གཉིས་པར་མི་གཉིས་རེར་ཁང་པ་གཅིག་དང་། ལོ་རིམ་གསུམ་པ་དང་བཞི་པར་མི་རེར་ཁང་པ་རེ་རེད།
མི་གཉིས་རེ་ལྷན་དུ་སྡོད་སའི་ཁང་པ་དེ་མལ་ཁྲི་དྲུག་ཤོང་སའི་ཁང་མིག་ཅིག་ཡིན་པས་ཅུང་རྒྱ་ཆེན་པོར་མཐོང་། ཕུགས་ཀྱི་སྒེའུ་ཁུང་ནི་ཧ་ཡང་ལྕགས་བསྲེས་མའི་རྒྱུ་ཡིས་གྲུབ་ཅིང་། མདུན་ཅོག་གཉིས་དང་། ལྕགས་ཀྱི་མལ་ཁྲི་ཉིས་བརྩེགས་ཤིག གོས་སྒམ་གཉིས། གྱང་ངོས་སུ་སྐྲུན་པའི་དངོས་པོ་འཇོག་སའི་སྒམ་ཆུང་ཞིག་བཅས། ནང་གི་ཁྱིམ་ཆས་དང་སྒྲིག་གཞི་སོགས་སྟབས་བདེའི་རྣམ་པ་གཙིགས་སུ་བཟུང་ཞིང་སྤུས་ཀ་བཟང་ཤོས་སུ་གཏོགས། ཕལ་ཆེར་ཁང་མིག་རེ་རེའི་གྱང་ངོས་ཀྱི་སྒམ་ཆུང་དུ་སྒྲ་སྡུད་འཕྲུལ་ཆས་དང་སྐྲ་སྐེམ་འཕྲུལ་ཆས། ཚ་དམ། གློག་ཐབ། ཁོ་ཧྥེ་དང་མགྱོགས་ཐུག་སྐོལ་བྱེད་ཀྱི་སླ་ང་སོགས་སྟབས་བདེའི་གཡོ་སྐོལ་ཡོ་ཆས་ཀྱི་རིགས་བཞག་འདུག ཨར་འདམ་གྱི་གྱང་ངོས་སུ《སྐུ་སྲས་ཁྲ་ཁྲའི》ནང་གི་གཟུགས་མཛེས་མ་ཚོའི་པར་ཆེན་པོ་དག་སྦྱར་འདུག མདུན་ཅོག་སྟེང་སློབ་དེབ་དང་དར་ཁྱབ་ཆེ་བའི་བརྩམས་སྒྲུང་འགའ་བཅས་དཔེ་ཆའི་བསྟར་ཕྲེང་གཅིག་བསྒྲིགས་འདུག
སྡོད་ཤག་ཏུ་སྐྱེས་པ་རྐྱང་རྐྱང་ཡིན་པས་གཙང་སྦྲ་ཞན་ཞིང་ལྟ་མི་གཟོད་པ་ཞིག་སྟེ། གད་སྙིགས་གཞུང་བའི་འོག་ལ་རུལ་ནས་སྤུ་སྐྱེས་པའི་ཚ་ལུ་མའི་ཤུན་ལྤགས་མང་པོ་འབྱར་ཤིང་། ཤེལ་དམ་སྟོང་བ་རྣམས་དུ་ཐལ་གཏག་སའི་ཚབ་བྱས་ཤིང་། དེའི་ནང་ལ་དུ་སྣེ་སྤུངས་ནས་གང་འདུག ཕོར་བའི་ནང་དུ་ཁོ་ཧྥེའི་འཚིག་དྲེག་འབྱར་ཞིང་། ཁང་མཐིལ་དུ་མགྱོགས་ཐུག་གི་ཤུན་ལྤགས་དང་ལྦུ་རག་གི་ཤེལ་དམ་སོགས་རང་དགར་འཕངས་འདུག ལན་རེར་རླུང་བུ་རེ་ལྡང་ཚེ། ཁང་བའི་ནང་དུ་ས་རྡུལ་འཐིབས་ཤིང་མུན་པས་གཡོགས་ལ་དྲི་ངན་ལྡང་། བཀྲུ་རན་བའི་ལྭ་བ་དག་མལ་ཁྲིའི་འོག་བརྫངས་ནས་འཇོག་པར་མ་ཟད། མལ་གདན་སོགས་ཉི་མར་ལྡེ་བའི་གོམས་སྲོལ་མེད་པས། མལ་ཁྲི་ལས་སྣར་གཟན་པའི་སྐྱུར་དྲི་ཐུལ་ཡོང་།
དེ་དག་དང་བསྡུར་ན། ངའི་མལ་ཁང་ནི་ཤིན་ཏུ་གཙང་ཞིང་མཛེས་ཞེས་བརྗོད་ཆོག མཐིལ་ཤིང་དུ་རྡུལ་དུད་འབྲུ་ཙམ་ཡང་མི་མཐོང་། དུ་ཐལ་གཏག་སའི་གཞུང་བ་ཡང་རྟག་ཏུ་གཙང་དག་བྱས་པས་གསར་པ་གསར་རྐྱང་དུ་སྣང་། མལ་ཆས་སོགས་གཟའ་འཁོར་རེར་ཉི་མར་ལྡེ་བ་དང་། སྨྱུ་གུ་རྣམས་སྨྱུག་གཞུང་དུ་གོ་རིམ་ལྡན་པའི་ངང་བསྒྲིགས་ཡོད། གྱང་ངོས་སུ་ཨར་མྲི་སི་ཐེ་ཏིན་གྱི་གཙང་བོའི་བརྙན་པར་ཞིག་ལས་གཟུགས་མཛེས་མ་ཚོའི་པར་སོགས་སྦྱར་མེད། འདི་དག་ཡོད་ཚད་ནི་བདག་གི་མལ་གྲོགས་དེ་ཚད་ལས་བརྒལ་བའི་གཙང་ཞེན་ཅན་ཞིག་ཡིན་པས་སོ།། གད་དར་གྱི་ལས་སྒོ་ཡོད་ཚད་ཁོ་རང་གཅིག་པུས་སྒྲུབ་པར་མ་ཟད། བཀྲུ་བཤལ་གྱི་རིགས་སུ་གཏོགས་པ་ཐམས་ཅད་ཀྱང་ཁོས་འགན་དུ་ཁུར་པས། བདག་གིས་ལག་པ་འགུལ་ཙམ་ཡང་བྱེད་མི་དགོས། ནམ་རྒྱུན། བདག་གིས་ལྦུ་རག་གི་ཤེལ་དམ་སྟོང་བ་ཞིག་མདུན་ཅོག་སྟེང་བཞག་པ་ཡིན་ཚེ། མིག་རྡེབ་དབང་ཙམ་གྱིས་གད་སྙིགས་གཞུང་བའི་ནང་འཕངས་ཡོད། བདག་གི་མལ་གྲོགས་ཀྱི་ཆེད་ལས་ནི་ས་ཁམས་རིག་པ་ཡིན།
“ང་ནི་ས་་་་་ས་་་་ས་ཁྲ་འབྲི་སྦྱོང་བྱེད་མཁན་ཞིག་ཡིན།” ཐོག་མར་འཕྲད་སྐབས་ཁོས་དེ་ལྟར་ཟེར།
“ས་ཁྲ་ལ་སྤྲོ་བ་ཡོད་པས་ཡིན་ནམ”ངས་དེ་ལྟར་དྲིས།
“ཨིན། སློབ་ཆེན་མཐར་ཕྱིན་རྗེས། རྒྱལ་ཁོངས་ས་ཁམས་གླིང་དུ་སོང་ནས། ས་་་་་་ས་་་་་་ས་ཁྲ་འབྲི་འཆར་ཡོད”ཟེར།
ཁོས་དེ་ལྟར་བཤད་སྐབས། བདག་གིས་ད་གཟོད་འཇིག་རྟེན་འདིར་ཅི་འདྲའི་རེ་འདུན་འདྲ་མིན་འདུག་ཨང་སྙམ། ཁོ་དང་མ་འཕྲད་པའི་ཡར་སྔོན་ལ། བདག་གིས་ས་ཁྲ་འབྲི་མཁན་ནི་གང་འདྲ་ཞིག་ཡིན་པ་དང་། ཁོ་ཚོར་བསམ་བྱ་ཅི་ཞིག་ཡོད་མིན་ལ་བསམ་བློ་གཏོང་མ་མྱོང་། ཡ་མཚན་པ་ཞིག་ལ། རྒྱལ་ཁོངས་ས་ཁམས་གླིང་དུ་འགྲོ་འདོད་མཁན་གྱི་མི་འདིས་“ས་ཁྲ”ཞེས་པའི་མིང་བརྡ་དེ་གླེང་མ་ཐག་ངག་ལྡབ་ལྡིབ་ཏུ་གྱུར་འགྲོ། དོན་གྱིས་ཁོ་རང་མ་གཞི་ནས་ངག་ལྡབ་ལྡིབ་ཅན་ཞིག་མིན་པར། ཏན་ཏན་“ས་ཁྲ”ཞེས་པའི་མིང་བརྡ་དང་འཕྲད་སྐབས་ད་གཟོད་དེ་འདྲ་རེད།
“ཁྱེད་ཀྱི་ཆེད་སྦྱོང་ཅི་ཡིན”ཁོས་དེ་ལྟར་དྲིས་བྱུང་།
“ཟློས་གར།”བདག་གིས་ཅི་མི་སྙམ་པར་དེ་ལྟར་ལན་བཏབ།
“ཟློས་གར་ཟེར་ན། འཁྲབ་སྟོན་བྱེད་དགོས་པ་རེད་དམ།”
“མ་རེད། མ་རེད། ཟློས་གར་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་དགོས་པ་རེད། དཔེར་ན། དབྱི་པུ་སིན་དང་ཧྲ་སི་ཕུ་ཡྰ་ལྟ་བུ།”
ཁོས་ཧྲ་སི་ཕུ་ཡྰ་མ་གཏོགས་གཞན་ཐོས་མ་མྱོང་ཟེར། དོན་དུ་བདག་གིས་ཀྱང་བསླབ་དེབ་ཁྲོད་ངོ་སྤྲོད་བྱས་འདུག་པ་མཐོང་བ་ཙམ་ལས་གསལ་བོ་མི་ཤེས།
“གང་ལྟར་ཡང་། ཁྱེད་རང་དེ་ལ་སྤྲོ་བ་ཡོད་རྒྱུ་རེད་ལ”ཁོས་དེ་ལྟར་དྲིས་བྱུང་།
བདག་གིས“དགའ་བོ་ཞེ་དྲག་མེད”ཅེས་ལན་བཏབ་པར།
ཁོའི་གདོང་ལ་རྟོགས་དཀའ་བའི་རྣམ་འགྱུར་ཞིག་བཟུང་ནས་ང་ལ་ཅེར་ཞིང་། ངག་ལྡབ་ལྡིབ་བྱེད་ཚུལ་ཡང་ཚབ་ཆེན་དུ་གྱུར་སོང་། ཚུལ་དེ་ནི་བདག་གིས་ཁོ་ལ་དཔེ་མི་སྲིད་པའི་ཁྲེལ་མེད་ཀྱི་ལས་ཤིག་སྒྲུབ་པ་མིན་ནམ་སྙམ་པའི་སྣང་བ་ཞིག་སྟེར།
ངས་དེ་མ་ཐག “ང་ལ་མཚོན་ན་རྒྱ་གར་མཚན་ཉིད་རིག་པ་ཡིན་ཡང་ཆོག ཉི་ཧོང་ལོ་རྒྱུས་ཡིན་ཡང་རུང་། ཁྱད་པར་ཆེན་པོ་མེད། ཟློས་གར་ཆེད་སྦྱོང་དུ་འདེམས་པ་ཡང་སྟེས་དབང་ཁོ་ན་ཡིན”ཞེས་གསལ་འགྲེལ་བྱས།
“གོ་བ་ལོན་དཀའ་ཀི”ཁོས་མུ་མཐུད་དུ་བཤད་རྒྱུར། “ང་་་་་་ང་་་་་ང་ལ་མཚོན་ན། ས་་་་་་ས་་་་ས་ཁྲ་ལ་དགའ་བའི་རྐྱེན་གྱིས་ད་གཟོད་་་ས་་་་་་་་ས་་་་་་ས་ཁྲའི་ཆེད་སྦྱོང་འདི་འདེམས་པ་ཡིན། འདིའི་དོན་དུ་ཁྱིམ་མིར་དངུལ་སྐུར་དུ་བཅུག་ནས། ཆེད་དུ་ཏུང་ཅིན་ལ་སློབ་ཆེན་འདོན་དུ་ཡོང་བ་ཡིན། འོན་ཀྱང་། ཁྱེད་ལ་མཚོན་ན་དེ་ལྟ་མ་རེད་་་་་་་”
ཁོས་བཤད་པར་རྒྱུ་མཚན་ལྡན་པས་ང་ཡང་ཁུ་སིམ་མེར་སྡོད་དགོས་བྱུང་། ངེད་གཉིས་ཀྱིས་མལ་ཁྲིའི་སྟེང་འོག་གང་དུ་ཉལ་དགོས་པའི་ཐད་འབར་ཞུན་དབྱུག་ཐུང་སྤྱད་དེ་རྒྱན་བླངས་པ་ཡིན། མཇུག་མཐར་ཁོ་རང་སྟེང་དུ་ཉལ་དགོས་བྱུང་།
ཁོའི་ནམ་ཡང་ཚི་ལེན་དཀར་པོ་དང་རྐང་སྣམ་ནག་པོའི་རིགས་གྱོན་ངེས། མགོ་ན་སྐྲ་མེད་ཅིང་། མཁུར་མགོའི་རུས་པའི་དབྱེ་མཚམས་རེ་རེ་ཡང་གསལ་པོར་མངོན། སློབ་ཁྲིད་ལ་འགྲོ་སྐབས་རྟག་པར་སློབ་གོས་གྱོན། ཀོ་ལྷམ་དང་དཔེ་ཁུག་ཀྱང་མདོག་ནག་པོའི་རིགས་ཁོ་ན་སྤྱོད། བལྟས་མ་ཐག་གཡས་ལྷུང་གི་སློབ་མ་ཞིག་ཡིན་པའི་ཚོར་སྣང་སྟེར། ཀུན་གྱིས་ཀྱང་ཁོ་ལ་ལྟ་ཚུལ་དེ་འདྲ་བཟུང་ཡོད་ཀྱང་། མི་འདི་ཆབ་སྲིད་ལ་ཤིན་ཏུ་རྨོངས་པས། དེ་ནི་ཁོ་རང་ཁྲོམ་ཉུལ་བྱས་ཏེ་ལྭ་བ་ཉོ་བར་སུན་སྣང་སྐྱེས་པ་ཙམ་མོ།། ཁོའི་དགའ་ཕྱོགས་ནི་རྒྱ་མཚོའི་འགྲམ་རྒྱུད་ཀྱི་འགྱུར་བ་དང་ལྕགས་ལམ་གསར་པའི་ཕུག་ལམ་གྱི་ལས་སྒོ་རྫོགས་ཡོད་མིན་ལྟ་བུའི་རིགས་ཏེ། ནམ་རྒྱུན་གླེང་གཞི་འདིའི་རིགས་དང་འཕྲད་ཚེ། བདག་གིས་སྐད་ཆེན་པོའི་སྨྲེ་སྔགས་འདོན་པའམ་གཉིད་དུ་ཡུར་རག་བར་དུ། ཁོས་ངག་ལྡབ་ལྡིབ་ངང་ཆུ་ཚོད་གཅིག་གཉིས་ཤིག་ལ་བརྗོད་ཀྱང་རྫོགས་མཐའ་མེད།
ཞོགས་པའི་ཆུ་ཚོད་དྲུག་པར། ཁོ་རང་དྲིལ་བརྡའི་ཚབ་བྱེད་ལྟ་བུའི་“ཅོན་ཀྲི་ཏའེ”ཞེས་པའི་གླུ་སྐད་དང་ལྷན་དུ་ཏན་ཏན་ཡར་ལངས་ངེས། འདི་ལས་དར་ཆ་བསྒྲེང་བའི་མཛད་སྒོ་དེ་ཡང་། སྤྱོད་སྒོ་ཕྲན་ཙམ་ཡང་མེད་པ་མིན་ཚུལ་རྟོགས། ཁོས་དེ་མ་ཐག་ལྭ་བ་གྱོན་པ་དང་འཁྲུད་ཁང་དུ་སྐྱོད། ཁ་ལག་བཀྲུ་ཡུན་ཧ་ཅང་རིང་པས། སོ་ཡི་ཕྲེང་རྡོག་རེ་རེ་བླངས་ནས་ནན་ནན་ཏན་ཏན་གྱིས་གཙང་དག་བྱེད་ཀྱིན་ལོས་ཡོད་ལྟ་བུའི་ཚོར་སྣང་སྟེར། ཕྱིར་སླེབས་རྗེས། ལག་ཕྱིས་དེ་སྟེང་གི་རི་མོའི་དྲང་ཐིག་ལྟར་ལྟེབ་ནས་སེམས་ཆུང་ངང་གོས་རྡང་དུ་བཀལ། སོ་སྨན་དང་འདག་རྫས་ཕྱིར་གྱང་ངོས་ཀྱི་ཐེག་ཆའི་སྟེང་བཞག་རྗེས། སྒྲ་སྡུད་འཕྲུལ་ཆས་ཀྱི་སྒོ་འབྱེད་དེ་རྒྱང་སྒྲོག་ལུས་སྦྱོང་བྱེད་འགོ་རྩོམ་སྲིད།
ང་ནི་མཚན་ལ་ངལ་གསོ་བྱེད་འཕྱི་ཞིང་། གཉིད་ལ་ཤོར་རྗེས་སད་དཀའ་བའི་རིགས་ཡིན། དེ་བས། ཁོ་རང་སྔ་མོར་ལངས་ནས་གྲགས་འགུལ་ཅི་ཙམ་བྱས་རུང་། ཐ་ན། སྒྲ་སྡུད་འཕྲུལ་ཆས་ལས་རོལ་དབྱངས་བཏང་སྟེ་རྒྱང་སྒྲོག་ལུས་སྦྱོང་བྱས་ཀྱང་། ང་རང་སྔར་བཞིན་རྨི་ལམ་གྱི་ཞིང་ཁམས་སུ་འགྲིམས་ཐུབ། རེད་དེ། རྩལ་སྦྱོང་བྱས་ནས་མཆོང་ལྡིང་གི་མཚམས་དེར་སླེབས་འཕྲད་ཏན་ཏན་བདག་གི་རྨི་ལམ་དཀྲོགས་ངེས། མཚམས་འདིར་ཁོ་དངོས་གནས་ཚད་མཐོན་པོར་མཆོང་ཐུབ་ཅིང་། འགུལ་སྟངས་ཀྱི་འགྲོས་དང་བསྟུན་ནས་བདག་གི་མགོ་བོ་ཡང་། སྔས་མགོ་ནས་ལི་རྨི་ལྔ་ཡི་མཚམས་ལ་ཡར་ལྡིང་མར་ལྡིང་བྱེད་དུ་འཇུག་པས། ཅི་འདྲའི་གཉིད་སྟུག་པོ་ཞིག་ཡོད་རུང་མ་སད་རང་སད་རེད།
ཉིན་བཞི་པར། བདག་གིས“དགོངས་པ་མ་ཚོམས། ཁྱེད་རང་ཐོག་ཁང་གི་ཡང་སྟེང་དུ་སོང་ནས་ལུས་སྦྱོང་བྱས་ན་ག་འདྲ་འདུག མིན་ཚེ་ང་གཉིད་ཐབས་མི་འདུག”ཅེས་བཤད་པར།
ཁོས་“དེ་ག་ལ་འགྲིག ཐོག་ཁང་གི་ཡང་སྟེང་དུ་སོང་ན། བརྩེགས་གསུམ་པའི་འདུག་མཁན་ཚོར་བསམ་འཆར་ཡོད། ང་ཚོ་བརྩེགས་དང་པོ་ཡིན་པས་འོག་ན་འདུག་མཁན་མེད”ཟེར།
“འོ་ན་ར་བའི་ནང་སོང་།”
“དེ་ཡང་མི་ཆོག བདག་ལ་གློག་རྫས་བཞག་ཆོག་པའི་སྒྲ་སྡུད་འཕྲུལ་ཆས་མེད། རོལ་དབྱངས་མེད་ཚེ་ལུས་སྦྱོང་བྱེད་ཐབས་མི་འདུག”ཟེར།
བདེན་པ་རེད། ཁོའི་སྒྲ་སྡུད་འཕྲུལ་ཆས་ནི་ཐད་ཀར་གློག་སྐུད་ལ་སྦྲེལ་དགོས་པའི་རིགས་སུ་གཏོགས། ངའི་སྒྲ་སྡུད་འཕྲུལ་ཆས་ལ་གློག་རྫས་བཞག་ཆོག་མོད། ཐད་གཏོང་ལེ་ཚན་ཁོ་ན་མ་གཏོགས་མེད།
“འོ་ན་མཆོང་ལྡིང་བྱེད་དགོས་པའི་འགུལ་སྟངས་དེ་སྐྱུར་རོགས། གྲགས་འགུལ་ཆེ་དྲག་པས་ང་རང་གཉིད་ཐབས་བྲལ། དགོངས་པ་མ་ཚོམས”ངས་དེ་ལྟར་བཤད་པར།
ཁོས་གདོང་ལ་རྟོགས་དཀའ་བའི་རྣམ་འགྱུར་ཞིག་བཟུང་ནས“མཆོང་ལྡིང་བྱེད་པའི་འགུལ་སྟངས་ཞེ་ན་་་”ཟེར།
“གནམ་ལྡིང་ས་ལྡིང་དང་ཡར་མཆོང་མར་མཆོང་བྱེད་པ་དེ་ཟེར་བ་ཡིན”ཞེས་བཤད་པར།
ཁོས་“དེ་འདྲ་ཞིག་མེད”ཟེར།
སྐབས་དེར་བདག་ལ་མུ་མཐུད་ཁོ་དང་ཁ་འཐབ་བྱེད་རྒྱུའི་མདུན་པ་འགག་མོད། ཞིབ་འདང་རེ་རྒྱབ་ཚེ། གང་ལྟར། གླེང་གཞིའི་འགོ་བཟུང་ཟིན་པས་གཏམ་ཅི་ཡོད་སྨྲས་ན་དགའ་སྙམ་ནས། བདག་གིས་ཕྱོགས་གཅིག་ནས། སྣ་གླུའི་ཚུལ་གྱིས། རྒྱང་སྒྲོག་ཐུན་ཚོགས་ཀྱིས་བསྒྲགས་པའི“རྒྱང་སྒྲོག་ལུས་རྩལ་དང་པོ”ཞེས་པའི་རོལ་དབྱངས་ཅེར་ཞིང་། ཕྱོགས་གཅིག་ནས་གནམ་ལྡིང་ས་ལྡིང་བྱེད་ཞོར་ཁོ་ལ་བསྟན་ཏེ།
“མེད་མི་དཔེ། བལྟས་ཨ། འདི་ཟེར་པ་ཡིན་”ཞེས་བཤད།
“ཨ་ལ། བདེན་པ་རེད། དངོས་གནས་ཡོད་འདུག སྔོན་ཆད་མཉམ་འཇོག་བྱེད་མ་མྱོང”ཟེར།
“འགུལ་སྟངས་འདི་སྐྱུར་རོགས་ཟེར་པ་ཡིན། གཞན་རྣམས་བདག་གིས་མིག་ཡས་ཞ་ར་དང་རྣ་ཡས་འོན་པ་བྱས་ཆོག”ཅེས་བཤད།
“མི་ཆོག མི་ཆོག ”ཁོས་ཚིག་ཐག་ཆོད་པའི་ངང་མུ་མཐུད་དུ་བཤད་རྒྱུར“འགུལ་སྟངས་གཅིག་བཞག་ན་ག་ལ་འགྲིག བདག་གིས་ལོ་མང་པོར་འདི་ལྟར་སྦྱང་པ་ཡིན། ད་ནི་གོམས་གཤིས་སུ་གྱུར་པས་འགོ་བཟུང་མ་ཐག་རང་བཞིན་གྱིས་གཅིག་འཕྲོར་གཅིག་མཐུད་དེ་མཇུག་ལ་སླེབས་སྲིད། འགུལ་སྟངས་གཅིག་བཞག་ན། རྩ་་་་་རྩ་་་་་རྩ་བ་ནས་རྩེ་མི་ཤེས་པར་གྱུར་འགྲོ”ཟེར།
“འོ་ན་ཐམས་ཅད་གཡུག་ཞོག”
“ཁྱེད་ཀྱིས་དེ་ལྟར་བཀའ་འབེབས་བཀོད་འདོམས་ཀྱི་ཚུལ་གྱིས་བཤད་ན་བཟང་པོ་མ་རེད”ཟེར།
“ཝ་ཡེ། ང་རང་མ་མཐའ་ཡང་ཆུ་ཚོད་བརྒྱད་བར་ཉལ་འདོད་པ་ཙམ་ཡིན། བཀའ་བཀོད་བྱེད་ཀྱིན་མེད། གལ་སྲིད་སྔ་ལངས་བྱེད་དགོས་པའི་དབང་དུ་བཏང་ཡང་། རང་བཞིན་གྱིས་སད་དགོས་པ་ལས། ང་རང་ལྟོ་ཆས་འཕྲོག་རྩོད་བྱེད་པ་ནང་བཞིན་ལངས་འདོད་མེད། ཧ་གོ་སོང་ངམ” བདག་གིས་དེ་ལྟར་བཤད་པར།
ཁོས“གོ་ནི་གོ་སོང”ཟེར།
“འོ་ན། ཁྱོས་བཤད་ན་ག་འདྲ་བྱས་ན་བཟང”ཞེས་དྲིས་པར།
ཁོས“ཁྱེད་ཀྱང་ལངས་ནས་མཉམ་དུ་རྩེས་ན་འགྲིག”ཟེར།
བདག་ལ་བྱ་ཐབས་བྲལ་ནས་ཕྱིར་མལ་ཁྲིའི་སྟེང་ཉལ། རྗེས་ཕྱོགས་ཀྱང་ཁོས་སྔར་བཞིན་ཉིན་རེ་བཞིན་ཆད་ལྷག་མེད་པར་རྒྱང་སྒྲོག་ལུས་སྦྱོང་བྱེད་བཞིན་འདུག
༢
མལ་གྲོགས་ཀྱི་གནས་ཚུལ་དང་ཁོས་རྒྱང་སྒྲོག་ལུས་སྦྱོང་བྱེད་ཚུལ་སོགས་ཀྲི་ཙིར་བཤད་པར། མོ“ཧ་ཧ་ཧ”ཞེས་གད་མོ་ཤོར། བདག་གིས་གནས་ཚུལ་དེ་དག་དགོད་ཁ་སློང་ཆེད་ཁོ་མོར་བཤད་པ་མིན་མོད། མཇུག་མཐར་དེ་འདྲའི་བྱེད་ནུས་ཐོན་བྱུང་། དགོད་སྒྲ་དེ་སྐད་ཅིག་ཙམ་གྱིས་རྫོགས་ནའང་། ཡུན་རིང་ལ་ཁོ་མོའི་གདོང་ནས་འདི་ལྟའི་འཛུམ་མདངས་ཤིག་མངོན་ཚུལ་ང་ལ་དྲན་རྒྱུ་མི་འདུག
དེ་ནི་ཟླ་ལྔ་པའི་ཟླ་དཀྱིལ་གྱི་གཟའ་ཉི་མའི་ཕྱི་དྲོ་ཞིག་སྟེ། ང་དང་ཀྲི་ཙི་གཉིས་སི་ཀོའུ་འབབ་ཚིགས་ནས་བབས་རྗེས། ལྕགས་ལམ་འགྲམ་གྱི་ས་ཡིས་སྐྲུན་པའི་ཆུ་མཛོད་བརྒྱུད་དེ་ཧྲི་ཀོའུ་ཕྱོགས་སུ་སྐྱོད་པ་ཡིན། ཞོགས་པ་ནས་བབས་པའི་ཆར་བ་དེ་ཉིན་གུང་སྔོན་ལ་གཞི་ནས་འབབ་མཚམས་བཞག ནག་ལ་སྟུག་པའི་ཆར་སྤྲིན་དེ་ཡང་ལྷོ་རླུང་གིས་སོ་སོར་གཏོར་ཏེ་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མི་འདུག ནེམ་ལ་ལྗང་བའི་སྡོང་བོའི་ཡལ་འདབ་དག་རླུང་གིས་སྐྱོམ་པ་ན་འོད་ལམ་ལམ་བྱེད། ཉི་ཟེར་གྱི་སྐུད་པའི་དྲོད་ཁོལ་ལས་དབྱར་འགོ་མའི་རང་མདངས་མངོན། ཉེ་འཁོར་གྱི་མི་རྣམས་ཀྱིས་བལ་ལྭ་དང་སྟོད་ཐུང་ཕུད་དེ་ཕྲག་མགོར་ཁུར་ནས་འགྲོ་བཞིན་འདུག གཟེབ་གྲུག་ར་བ་ན་སྐྱེས་པ་ཚོ་དཔུང་རྗེན་ལ་བུད་དེ། དོར་ཐུང་ཁོ་ན་གྱོན་ནས་གྲུག་རྡེག་དགུང་ལ་ཕྱར་ཞིང་ཡར་ལྡིང་མར་ལྡིང་བྱེད་ཀྱིན་འདུག མཐའ་དཀྲིས་ལྕགས་རིགས་ཀྱིས་གྲུབ་པའི་གྲུག་རྡེག་དེ་དགོང་ཁའི་ཉི་ཟེར་འོག་འོད་ལམ་ལམ་བྱེད།
རྐུབ་སྟེགས་རིང་བོའི་སྟེང་ལྷན་དུ་སྡོད་མཁན་གྱི་དགེ་སྒྲུབ་མ་དེ་གཉིས་ཁོ་ནས། སྔར་བཞིན་འགྲོ་བཟོ་སྡོད་མཁས་ཀྱིས་དགུན་གྱི་ཆོས་ལྭ་གྱོན་ཞིང་། སྤྲོ་སེམས་ཁོལ་བའི་ངང་ཅི་ཞིག་ལ་གླེང་མོལ་བྱེད་བཞིན་འདུག ཁོ་མོ་གཉིས་ཀྱི་བཟོ་ལྟ་ལས། དབྱར་ནི་ད་དུང་རྒྱང་རིང་གི་མ་འོངས་པ་ཞིག་ལོས་ཡིན་ལྟ་བུའི་ཚོར་བ་སྦྱིན་འོང་།
སྐར་མ་བཅོ་ལྔ་ཙམ་སོང་མཐར་སྒལ་གཞུང་ནས་རྔུལ་ཆུས་སྦངས་ཡོང་། བདག་གིས་སྲིང་བལ་གྱི་ཚི་ལེན་ཕུད་དེ་གོང་དཀྲིས་མེད་པའི་འོག་ལྭ་ཁོ་ན་གྱོན། མོས་ཚི་ལེན་སྔོ་སྐྱ་ཞིག་གི་ཕུ་ཐུང་དཔུང་བའི་མཚམས་རྫིས་འདུག ཚི་ལེན་དེའི་ཁ་འདབ་ཀྱི་ཚོན་ཁ་ཅུང་ཙམ་ཤོར་འདུག་པས། བལྟས་པ་ཙམ་གྱིས་ཐེངས་མང་པོར་བཀྲུས་པ་རྟོགས་ཐུབ། ང་ལ་སྔོན་ཆད་མོས་ཚི་ལེན་འདི་འདྲ་ཞིག་གྱོན་མྱོང་པའི་དྲན་ཚོར་འདུག་མོད། དེ་ནི་བདག་གི་དྲན་ནོར་ཡིན་ཡང་སྲིད། རྒྱུ་མཚན། དོན་དག་མང་པོ་ཞིག་ལ་བདག་གིས་དྲན་གསོ་བྱེད་མི་ཐུབ་ཅིང་། དེ་དག་ཡོད་ཚད་རྒྱང་རིང་རྒྱང་རིང་གི་སྔོན་ཆད་ཅིག་ལ་བྱུང་བའི་འདས་དོན་ཙམ་དུ་སྣང་།
“གཞན་དང་ལྷན་དུ་ཁ་དང་གྲིབ་མ་གཤིབ་ནས་སྡོད་པར་དོན་སྙིང་ཨེ་འདུག”ཁོ་མོས་གློ་བུར་དུ་དེ་ལྟར་དྲིས་བྱུང་།
“འགྲོགས་ནས་ཡུན་རིང་མིན་པས་བཤད་ཁག་པོ་རེད།”
ཁོ་མོ་རང་འབབ་ཆུ་བོའི་སྟེགས་བུའི་གམ་ནས་བསྡད་ཅིང་ཆུ་ཉུང་ཙམ་འཐུང་རྗེས། རྐང་སྣམ་ཁུག་མ་ནས་ལག་རས་དཀར་པོ་ཞིག་བླངས་ཏེ་མཆུ་ཏོ་གཙང་མར་ཕྱིས་ཤིང་། མགོ་བོ་སྨད་དེ་གཟབ་ནན་ངང་ལྷམ་སྒྲོག་ཡང་བསྐྱར་སྒྲོག
“དེ་ལྟར་བཤད་ན། ངས་ཀྱང་དེ་ལྟ་བུའི་འཚོ་བ་རོལ་ཐུབ་པ་རེད་དམ།”
“ཐུན་མོང་གི་འཚོ་བ་ཟེར་པ་ཡིན་ནམ”ངས་དེ་ལྟར་དྲིས་པར།
ཀྲུ་ཙིས“ཨིན”ཟེར།
“ཅི་ལྟར་བཤད་དགོས་སམ། དོན་དངོས་ཁྲོད་སྔོན་དཔག་བྱས་པ་ལས་ཀྱང་དཀའ་ཚེགས་མང་པོ་འདུག སྒྲིག་སྲོལ་ལ་ལ་རྙོག་དྲ་ཚ་པོ་འདུག ད་དུང་སུན་སྣང་སྐྱེ་བའི་རྒྱང་སྒྲོག་ལུས་རྩལ་ལྟ་བུ།”
“ཨ་ཡེ—” མོས་དབུགས་རིང་ཞིག་བཏང་སྟེ། མཐོང་བྱེད་དབང་བོ་གཅིག་ཏུ་བསྡུས་ནས་བདག་གི་མིག་ཟུང་ལ་ཅེར་བྱུང་། ཁོ་མོའི་མིག་ཟུང་ལ་རྒྱུན་ཤེས་ཀྱིས་མཚོན་མི་ཐུབ་པའི་དྭངས་གཙང་གི་ཆ་ཞིག་འདུག བདག་གིས་སྔོན་ཆད་ཁོ་མོར་འདི་འདྲའི་དྭངས་གཙང་མཛེས་སྡུག་གི་མིག་ཟུང་ཞིག་ཡོད་པ་ཉམས་འཇོག་བྱས་མ་མྱོང་། དྭངས་གཙང་གི་ཚད་དེ་གཞན་དང་མ་འདྲ་བ་ཞིག་རེད་ལ། བློས་དཔག་དཀའ་བ་ཞིག་ཀྱང་འདུག དེ་བས། གཞན་ལ་སྟོང་ལྷང་ལྷང་གི་ནམ་མཁར་གདོང་གཏད་འདུག་པ་ལྟ་བུའི་འཁྲུལ་སྣང་སྦྱིན་ཡོང་།
“རེད་དེ། བདག་གིས་ནམ་རྒྱུན་དེ་ལྟར་བྱས་ན་འགྲིག་མིན་ལ་བསམ་བློ་བཏང་པ་ཡིན། ངས་བལྟས་ན་་་་་་་”བཤད་མཚམས་འདིར་སླེབས་རྗེས། མོས་གཡོ་འགུལ་མེད་པར་བདག་གི་མིག་ཟུང་ལ་ཅེར་ནས་ཡུད་ཙམ་བསྡད་རྗེས། མ་ཁར་སོ་འདེབས་ཞོར་དེ་མ་ཐག་མགོ་བོ་སྨད་དེ“གཡུག་ཞོག གསལ་བོ་ཞིག་བཤད་མི་ཤེས་ཀི”ཟེར།
ངེད་གཉིས་ཀྱི་ལབ་གླེང་དེ་ལྟར་མཇུག་རྫོགས། ཀྲི་ཙིས་མུ་མཐུད་དུ་མདུན་ཕྱོགས་སུ་གོམ་ཁ་བསྒྱུར་བྱུང་།
བདག་གིས་ལོ་ཕྱེད་རིང་ལ་ཀྲི་ཙི་མཐོང་མ་མྱོང་། ཏག་ཏག་ལོ་ངོ་ཕྱེད་ཀ་འདིའི་རིང་ཁོ་མོ་ཤ་རིད་དེ་མི་གཞན་ཞིག་ཏུ་འགྱུར་འདུག སྔོན་གྱི་རྒྱག་ཤ་དོད་པའི་གདོང་དེ་ཡང་ད་ལྟ་ལེབ་ལེབ་ཏུ་གྱུར་འདུག སྐེ་ཤ་ཡང་ཉག་ཇེ་ཕྲར་གྱུར་ཡོད། རེད་དེ། རིད་ནས་རུས་པ་མ་གཏོགས་ལྷག་མི་འདུག་ལྟ་བུའི་མི་མཛེས་པའི་ཚོར་བ་དེ་འདྲ་མི་སྟེར། ལྡོག་སྟེ། ངའི་དྲན་པའི་ཁྲོད་ཀྱི་ཁོ་མོའི་སྔོན་ཆད་ཀྱི་སྣང་བརྙན་ལས་མངོན་སུམ་ཇེ་མཛེས་སུ་སོང་འདུག བདག་གིས་འདིའི་ཐད་ནས་ཁོ་མོར་ཅི་ཞིག་བཤད་འདོད་ཀྱི་བློ་སྐྱེས་ཀྱང་། ཅི་ལྟར་བཤད་དགོས་པ་མི་ཤེས་པས། མཇུག་མཐར་སྐད་ཆ་ཚིག་གཅིག་ཀྱང་ངག་སྒོར་མ་ཕུད།
ང་ཚོ་སི་ཀོའུ་ལ་ཡོང་དོན་ཡང་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་མིན་ཏེ། ང་དང་ཀྲི་ཙི་གཉིས་ཀྲུང་དབྱིང་ལམ་ཐིག་གི་སྤྱི་སྤྱོད་གློག་འཁོར་དུ་མ་གྲོས་གཅིག་ཏུ་འཛོམས་ཤིང་། ཕྱོགས་གཉིས་ཀར་ངེས་པར་སྒྲུབ་དགོས་པའི་དོན་དག་ཅི་ཡང་མེད་པས། ཀྲི་ཙིས་“མར་འབབ”ཞེས་བཤད་མ་ཐག ངེད་གཉིས་མཉམ་དུ་གློག་འཁོར་ལས་བབས་པ་ཡིན། ཏག་ཏག་གནས་དེ་ནི་སི་ཀོའུ་འབབ་ཚིགས་རེད། དོན་གྱིས། ངེད་གཉིས་གཅིག་པུར་ལྷག་ཀྱང་བརྗོད་མི་ཚར་པའི་གླེང་གཞི་ཅི་ཡང་མི་འདུག དེ་བས། ཀྲི་ཙིས་“མར་འབབ་”ཟེར་དོན་ཅི་ཡིན་ཐད་ང་ལ་གསལ་ཆ་མེད། གང་ལྟར་ཐོག་མ་ཉིད་ནས་བརྗོད་གཞི་འཚམ་པོ་ཞིག་རྙེད་མ་སོང་།
འབབ་ཚིགས་ཕྱི་རུ་སླེབས་རྗེས་ཀྱང་། མོས་གནས་ངེས་མེད་དུ་གོམ་ཁ་བསྒྱུར་ཏེ་མདུན་ཕྱོགས་སུ་སྐྱོད་ཅི་ཐུབ་བྱེད་ཅིང་། བདག་གིས་ཁོ་མོ་བདའ་བ་བཞིན་རྗེས་བསྙེགས་ཅི་ཐུབ་བྱས་པ་ཡིན། ངེད་གཉིས་ཀྱིས་སྨི་གཅིག་ལྷག་གི་བར་ཐག་བཟུང་ནས་མུ་མཐུད་དུ་མདུན་དུ་སྐྱོད། མོས་སྐབས་སྐབས་སུ་མགོ་བོ་ཕྱིར་འཁོར་ནས་ང་ལ་ཁ་བརྡ་བྱེད། བདག་གིས་སྐབས་རེར་ཆུ་བཞུར་པ་ལྟར་ལན་འདེབས་རྐྱང་བྱས་པ་དང་། སྐབས་རེར་ཅི་ཞིག་བཤད་དགོས་མི་ཤེས་པར་ལུས། ཡང་སྐབས་རེར་མོས་ཅི་ཞིག་བཤད་ཀྱིན་པ་གཏན་ནས་མི་ཚོར་བའི་གནས་ཚུལ་ཡང་འབྱུང་། འོན་ཀྱང་། ཀྲི་ཙིས་དེ་དག་ལ་སྣང་དོག་སྤུ་ཙམ་ཡང་བྱེད་ཀྱིན་མེད་པ་འདྲ། མོས་རང་ཉིད་ཀྱིས་ཅི་ཞིག་བཤད་འདོད་པ་དེ་བཤད་ཚར་རྗེས། ཁུ་སིམ་མེར་མུ་མཐུད་དུ་མདུན་ཕྱོགས་སུ་སྐྱོད་ཅི་ཐུབ་བྱེད། ཅི་ཡའེ་ལ་འབྱོར་དུས་ཉི་མ་རི་བོའི་ཕག་ཏུ་ནུབ་ཟིན།
“གནས་འདི་གང་ཞིག་རེད”མོས་ང་ལ་དེ་ལྟར་དྲིས་བྱུང་།
“ཅི་ཡའེ”བདག་གིས་མུ་མཐུད་དུ“ངེད་གཉིས་ཀྱིས་བསྐོར་བ་ཆེན་པོ་ཞིག་རྒྱབ་བྱུང་”ཞེས་བཤད།
“གནས་འདིར་ཅི་ལྟར་ཐོན་པ་རེད།”
“ཁྱེད་རང་ཡོང་བ་རེད། ང་ཁྱེད་ཀྱི་རྗེས་དེད་པ་ཙམ་ཡིན།”
ངེད་གཉིས་འབབ་ཚིགས་ཉེ་འཁོར་གྱི་ཆའོ་མེ་བྱེ་ཐུག་ཟ་ཁང་དུ་སོང་ནས་ཟ་མ་སྟབས་བདེ་ཞིག་ཟས། ཟ་མ་བོས་པ་ནས་ཟས་ཚར་རག་བར་དུ་ངེད་གཉིས་སུས་ཀྱང་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་བསྡད། ང་རང་ཐང་ཆད་དེ་རུས་པའི་ཚིགས་རྣམས་ཀྱང་འཐོར་གྲབས་བྱེད། མོས་ཐོག་མཐའ་བར་གསུམ་དུ་ཅི་ཞིག་ལ་བསམ་བློ་བཏང་ནས་འདུག
“ཁྱེད་ཀྱི་ལུས་ཕུང་ཅི་འདྲའི་བཟང་པ་ལ”བདག་གིས་ཆའོ་མའེ་ཕྱེ་ཐུག་ཟས་ཚར་རྗེས་དེ་ལྟར་བཤད།
“དེ་འདྲ་རེད་དམ།”
“ཨུན།”
“བལྟས་མ་ཐག་བདག་གི་ལུས་པོ་བཟང་རྒྱུ་མེད་པ་ལྟར་སྣང་མོད། དམའ་འབྲིང་སྐབས་སུ་ང་རང་རྒྱང་རྒྱུག་ལུས་རྩལ་པ་ཞིག་ཡིན། དེ་མིན། ཕ་ལགས་རི་འཛེགས་བྱེད་རྒྱུར་དགའ་བོ་ཡོད་པས། བདག་ཆུང་དུས་ནས་གཟའ་ཉི་མའི་ཉིན་རྟག་པར་རི་འགོར་འཛེགས་པ་ཡིན། དེ་བས་རྐང་པ་གཉིས་ལ་ད་ལྟའང་ཞེ་དྲག་ནུས་ཤུགས་འཛོམས་ཡོད་”ཟེར།
“རྣར་མི་འགྲོ་བ་ཞིག་རེད།”
མོ་བགད་བྱུང་།
“ངས་ཁྱེད་རང་ཁྱིམ་ལ་བསྐྱལ་ན་ཅི་འདྲ་རེད”བདག་གིས་དེ་ལྟར་གྲོས་འགོ་བཏོན།
“མི་དགོས།” མོས་མུ་མཐུད་དུ“ ང་རང་གཅིག་པུ་འགྲོ་ཐུབ། སེམས་ཁུར་བྱེད་མི་དགོས”ཟེར།
བདག་གིས“ང་ལ་མཚོན་ན་ཁྱེད་རང་སྐྱེལ་རྒྱུར་དཀའ་ངལ་ཅི་ཡང་མེད”ཅེས་བཤད་ཀྱང་།
མོས་ཡང་བསྐྱར་“དངོས་གནས་མི་དགོས། ང་རང་གཅིག་པུར་འགྲོ་རྒྱུར་གོམས་ཡོད”ཟེར།
དྲང་མོར་བཤད་ན། མོས་དེ་ལྟར་བཤད་པས་ང་ཡང་དགའ་ཡོད། གཅིག་ན། ཁོ་མོ་སྡོད་སའི་གནས་དེར་གློག་འཁོར་ལ་བསྡད་ཀྱང་དུས་ཚོད་གཅིག་ལ་ཐོན་མི་ཐུབ། གཉིས་ན། ཡུན་རིང་པོར་ཁ་བརྡ་ཅི་ཡང་མེད་པར་ཁུ་སིམ་མེར་གློག་འཁོར་ལ་བསྡད་དེ་འགྲོ་དགོས་ཚེ་ང་ལ་མཚོན་ན་མནར་གཅོད་ཅིག་རེད། མཇུག་མཐར་ཁོ་མོ་གཅིག་པུ་ཡུལ་ལ་འགྲོ་རྒྱུར་འཆམ་པ་དང་། རེབ་དེའི་ཟས་རིན་བདག་གིས་བྱིན་པ་ཡིན།
ཁ་འབྲལ་ཁར། མོས“ཨེ། གལ་སྲིད་སྟབས་བདེ་ཡིན་ན། ངས་བཤད་རྒྱུར། གལ་སྲིད་ཁྱེད་ལ་བར་ཆད་བཟོས་སོང་མི་བསམ་ན། ང་ཚོ་ཡང་བསྐྱར་ངོ་འཕྲད་ན་ཅི་འདྲ་འདུག གནས་ལུགས་ལྟར་ན། བདག་གིས་དེ་ལྟར་བརྗོད་ན་མི་འོས་མོད་་་་་་་་”ཟེར།
ང་རང་ཡ་མཚན་སྐྱེས་ཏེ“དེར་གནས་ལུགས་ཡིན་མིན་གྱི་བཤད་ཚུལ་ཞིག་གང་ན་འདུག”ཅེས་བཤད་པར།
མོའི་ངོ་གདོང་དམར་པོར་གྱུར་སོང་། ཕལ་ཆེར་བདག་གིས་ཧ་ཅང་ཡ་མཚར་མདོག་བསྟན་པས་ཡིན་སྲིད།
“གསལ་བཤད་བྱེད་ཁག་པོ་རེད”མོས་འགྲེལ་བཤད་ཀྱི་ཚུལ་གྱིས་དེ་ལྟར་ཟེར་ཞོར། ལུས་རྩལ་ལྭ་བ་དེའི་ཕུ་ཐུང་གཉིས་དཔུང་བའི་བར་དེད་ཅིང་། ཡང་བསྐྱར་མར་ཕབ། གློག་འོད་ཀྱིས་མོའི་ལུས་ཀྱི་བ་སྤུ་དག་མཛེས་སྡུག་གི་གསེར་མདོག་ཏུ་བསྒྱུར་འདུག མུ་མཐུད་དུ“བདག་གིས‘གནས་ལུགས་ལྟར་ན’ཞེས་པའི་ཚིག་དེ་བཤད་བསམ་པ་མིན། མ་གཞི་བཤད་སྟངས་གཞན་ཞིག་བཀོད་འདོད་མོད”ཅེས་ཟེར།
ཀྲི་ཙིས་གྲུ་མོ་མདུན་ཅོག་སྟེང་བཞག་ཅིང་། མིག་ཟུང་བཙུམས་ཏེ། འོས་འཚམ་གྱི་བརྡ་ཆད་ཅིག་འཚོལ་ཅི་ཐུབ་བྱས་ཀྱང་། མོའི་རེ་འདོད་མ་འགྲུབ།
སྐབས་དེར་བདག་གིས“མི་སྐྱོན་ཀི”ཞེས་བཤད།
མོས་ “གོ་བརྡ་ཡག་པོ་ཞིག་སྤྲོད་དཀའ་མོ་འདུག” ཅེས་བཤད་པ་དང་། ཡང་བསྐྱར་“ཉིན་འདི་ཚོར་རྒྱུན་དུ་དེ་འདྲ་རེད། ཅི་ཞིག་བཤད་དགོས་བསམ་ཚེ། སེམས་ལ་དྲན་པ་དེར་འོས་འཚམ་གྱི་ཚིག་ཅིག་རྙེད་དཀའ་བའི་སྣང་ཚུལ་འབྱུང་། སྐབས་རེར་འོས་འཚམ་གྱི་གོ་བརྡ་སྤྲོད་མི་ཐུབ་པ་དང་། སྐབས་རེར་རྦད་དེ་གོ་བ་ལྡོག་ཕྱོགས་སུ་གྱུར་འགྲོ དེ་མ་ཐག་དག་བཅོས་བྱེད་བསམ་སྐབས། ཀླད་པ་ཉོབ་སྟེ་ཚིག་གཅིག་ཀྱང་རྙེད་དཀའ། ཐ་ན་དང་ཐོག་རང་ཉིད་ཀྱིས་ཅི་ཞིག་བཤད་འདོད་པ་དེ་ཡང་ཡོངས་སུ་བརྗེད་འགྲོ། ཚུལ་དེ་ནི་རང་ཉིད་དུམ་བུ་གཉིས་སུ་བགོས་ཏེ། བར་དུ་ཆེ་ཞིང་སྦོམ་པའི་ཀ་བ་ཞིག་བསྒྲེངས་ཞིང་། ཀ་བ་དེའི་གཡས་གཡོན་ནས་ཕན་ཚུན་བདའ་ཞིང་ནམ་ཡང་ངོ་འཕྲད་རྒྱུ་མེད་པའི་གབ་རྩེད་བྱེད་པ་དང་འདྲ། ཏག་ཏག་འོས་འཚམ་གྱི་མིང་བརྡ་དག་དུམ་བུར་གྱུར་པའི་ང་ཕྱེད་ཀ་དེའི་ལག་ཏུ་ཡོད་ཅིང་། དུམ་བུར་གྱུར་པའི་ང་གཞན་པ་དེས་ནམ་ཡང་ཁོའི་རྗེས་མི་ཟིན་པ་དང་འདྲ”ཞེས་བཤད་རྗེས། ལག་པ་གཉིས་ཅོག་ཙེའི་སྟེང་བཞག་སྟེ། མིག་ཟུང་གཡོ་འགུལ་མེད་པར་ང་ལ་ཅེར་ཞིང“ཚུལ་འདི། ཁྱེད་ཀྱིས་རྟོགས་ཐུབ་བམ”ཟེར།
བདག་གིས་“སུ་ལའང་ཚད་འདྲ་མིན་གྱི་གནས་ཚུལ་དེ་ལྟ་བུ་འབྱུང་སྲིད”ཞེས་བཤད་པ་དང་། ཡང་བསྐྱར“སུས་ཀྱང་རང་ཉིད་མཚོན་ཅི་ཐུབ་བྱེད་ཀྱང་། ཏག་ཏག་བདེ་ལེགས་ངང་མཚོན་ཐབས་བྲལ་བས། སེམས་འཚབ་དང་སུན་སྣང་སྐྱེ་སྲིད”ཅེས་བཤད།
བདག་གིས་དེ་ལྟར་བཤད་པར། ཀྲི་ཙིའི་གདོང་ལ་ཅུང་བློ་ཕམ་གྱི་རྣམ་འགྱུར་ཞིག་མངོན་བྱུང་།
མོས“འོན་ཀྱང་། ངའི་གནས་ཚུལ་དེ་དག་དང་མི་འདྲ”ཞེས་བཤད་རྗེས། དེ་ལས་ལྷག་པའི་གསལ་འགྲེལ་བྱས་མ་བྱུང་།
“ངོ་འཕྲད་རྒྱུར་གནད་དོན་མེད”བདག་གིས་དེ་ལྟར་བཤད་པ་དང་། མུ་མཐུད་ནས“ཡང་གཅིག་བཤད་ན། གཟའ་ཉི་མའི་ཉིན་ང་ལ་དོན་དག་ཅི་ཡང་མེད་པས། ཁོམ་ནས་ཅི་ཞིག་བྱེད་དགོས་ཀྱང་མི་ཤེས། གཞན། འཆམ་འཆམ་དུ་འགྲོ་ཐུབ་ཚེ་ལུས་ཕུང་ལའང་ཕན”ཞེས་བཤད།
ངེད་གཉིས་ཀྱིས་ཕན་ཚུན་ལ་བདེ་མོ་བཞག་རྗེས། དེ་ལྟར་རླངས་འཁོར་འབབ་ཚིགས་ནས་ཁ་བྲལ་པ་ཡིན།
༣
ཐེངས་དང་པོར་ཀྲི་ཙིར་ཕྲད་དུས། མཐོ་འབྲིང་ལོ་རིམ་གཉིས་པའི་སྐབས་ཀྱི་དཔྱིད་ཀ་ཞིག་སྟེ། ངེད་གཉིས་ལོ་མཉམ་ཡིན། ཁོ་མོས་ཆོས་ཚོགས་ཀྱི་རྒྱབ་ལྗོངས་ཡོད་པའི་ཚད་ལྡན་གྱི་བུད་མེད་སློབ་གྲྭ་ཞིག་ཏུ་སློབ་གཉེར་བྱེད་ཀྱིན་འདུག ཀྲི་ཙི་ང་ལ་ངོ་སྤྲོད་བྱེད་མཁན་ནི། བདག་གི་ཆེས་བཟང་པོའི་གྲོགས་པོ་ཞིག་སྟེ། ཁོ་དང་ཀྲི་ཙི་གཉིས་མཛའ་གྲོགས་ཡིན། ཁོང་གཉིས་སློབ་ཆུང་ནས་བཟུང་མཉམ་འགྲོག་མཉམ་འདུག་བྱས་ཏེ་ནར་སོན་པའི་རྩེད་གྲོགས་རེད། ཁྱིམ་ཚང་གཉིས་ཀྱི་བར་ཐག་ལའང་སྨི་ཉིས་བརྒྱ་ཙམ་ལས་མེད།
ཆུང་སྐྱེས་ཆུང་འགྲོག་གཞན་དག་དང་འདྲ་བར། ཁོང་གཉིས་ཀྱང་གཅིག་པུར་ལྷན་དུ་སྡོད་པའི་བསམ་འདུན་ཞེ་དྲག་མེད་པ་འདྲ། ནམ་རྒྱུན་ཕར་འགྲོ་ཚུར་འོང་བྱས་ཏེ། ཕྱོགས་གཉིས་ཀྱི་ཁྱིམ་མི་དང་ལྷན་དུ་བཟའ་བཏུང་ལ་རོལ་པ་དང་། ང་རང་བོས་ནས་མི་བཞི་ལྷན་ཅིག་ཏུ་དུས་འདེབས་པའི་གནས་ཚུལ་ཡང་ཐེངས་འགའ་བྱུང་མྱོང་། འོན་ཀྱང་། སྐབས་དེར་བདག་གི་འབྲས་བུ་མ་སྨིན་པའི་བརྩེ་དུང་གི་ས་བུན་དེར། མཛེས་སྡུག་གི་འདབ་ལོ་རྒྱས་པའི་སྐལ་པ་དང་བྲལ་བས། མཇུག་མཐར་ང་དང་གྲོགས་པོ། ཁོ་མོ་བཅས་གསུམ་པོ་ལྷན་དུ་རྩེད་མོར་རོལ་དགོས་པར་གྱུར། ངེད་ཚོ་ལྷན་དུ་སྡོད་པའི་སྐབས་སུ། ཁྱོད་དགའ་ང་སྐྱིད་ཀྱི་སྣང་བ་སྤྲོ་བོ་ཞིག་ལྡན་པས་སྐྱིད་སྣང་འཆར། སྐབས་དེའི་ངེད་ཚོའི་འཚོ་བ་དེ་ཁྲབ་ཚན་ཞིག་ཡིན་པའི་དབང་དུ་བཏང་ན། ང་ནི་གནས་སྐབས་ཁྲབ་སྟོན་པའི་ཚུལ་དང་། གྲོགས་པོ་ནི་སྤྱང་གྲུང་འཛོམས་པའི་མདོ་འཛིན་པ་ཞིག ཀྲི་ཙི་ནི་འཛུམ་མདངས་ལྷུག་ལྷུག་བྱེད་པའི་ལག་རོགས་པ་ཞིག་དང་། ཡང་ན། གཙོ་ཁྲབ་པ་ཞིག་དང་འདྲ་ཞེས་བརྗོད་ཆོག
བདག་གི་གྲོགས་པོ་དེ་རང་ཉིད་ཀྱི་འཁྲབ་བྱའི་མི་སྣར་དགའ་པོ་ཞེ་དྲག་འདུག ཁོང་ལ་མི་གཞན་པར་ཁྲེལ་དགོད་བྱེད་རྒྱུར་དགའ་བའི་བསམ་བློའི་འཁྱེར་ཕྱོགས་ཤིག་འདུག་མོད། སྤྱིའི་ཆ་ནས་མི་གཞུང་དྲང་རྩེད་མཚར་ཅན་ཞིག་ཡིན། ང་དང་ཀྲི་ཙི་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་ཞིང་། ངེད་གཉིས་ཀྱི་སུ་ལའང་ཀུ་རེ་དང་རྩེད་མཚར་སློང་ངེས། གལ་སྲིད་ཕྱོགས་གཅིག་ལ་སྨྲ་བ་དབེན་ཞིང་ཁ་རོགས་གེར་བསྡད་ཚེ། ཁོང་གིས་དེར་བསྟུན་གྱི་གླེང་གཞི་བཙལ་ཏེ། ཐབས་མཁས་ཀྱིས་ངེད་གཉིས་གླེང་མོལ་གྱི་གྲལ་དུ་འདྲེན་ཅི་ཐུབ་བྱེད། ཁོང་ལ་ཡུལ་དངོས་ཁ་དབུགས་ཀྱི་འགྱུར་ལྡོག་དག་ནོར་འཁྱུག་མེད་པར་འཛིན་ཐུབ་ཅིང་། གནས་བབ་དང་བསྟུན་ནས་བདེ་ལེགས་ངང་སྣེ་ཁྲིད་བྱེད་ཐུབ་པའི་ནུས་པ་ཁྱད་པར་བ་ཞིག་མངའ། གཞན། ཁོང་ལ་ད་དུང་ཕ་རོལ་བོའི་གཏམ་གླེང་ཁྲོད་ཀྱི་སྙིང་དོན་འཛིན་ཐུབ་པའི་འཇོན་ཐང་མངའ་བས། བདག་གི་བསམ་པར། ཁོང་དང་གླེང་མོལ་བྱེད་པ་ནི། རང་ཉིད་ཀྱི་མི་ཚེའི་སྐྱིད་སྣང་ཞིག་ཡིན་པར་འདོད་ནས་དགའ་ཚོར་བླ་ལྷག་ཅིག་སྐྱེས་མྱོང་།
འོན་ཀྱང་། ནམ་རྒྱུན་ཁོ་རང་གནས་སྐབས་སུ་ཁ་བྲལ་ཏེ་ངེད་གཉིས་གཅིག་པུར་ལྷག་དུས། ང་དང་ཀྲི་ཙི་གཉིས་ལ་ཁ་བརྡ་ཅི་ཡང་མེད་པར་འགྱུར་ངེས། དོན་གྱིས་ང་དང་ཀྲི་ཙི་གཉིས་ལ་གཞི་མཐུན་གྱི་གླེང་གཞི་ཅི་ཡང་མེད་པས། སུས་ཀྱང་ཅི་ལྟར་གླེང་སློང་བྱེད་དགོས་པ་མི་ཤེས། དེ་བས། ངེད་གཉིས་ཀྱིས་ཁུ་སུམ་མེར་ཆུ་འཐུང་ནས་འདུག་པའམ། ཡང་ན་མདུན་ཅོག་སྟེང་གི་དངོས་པོ་དག་ཡར་ནོག་མར་ནོག་བྱས་ནས། ཁོ་རང་སླེབས་པར་བསྒུག་ནས་སྡོད་དགོས། ཁོ་ཕྱིར་ཕེབས་མ་ཐག རང་བཞིན་གྱིས་རྫོགས་རྒྱུ་མེད་པའི་གཏམ་གླེང་གི་འགོ་ཚུགས་ངེས།
ཁོང་གི་འདས་མཆོད་རྫོགས་ནས་ཟླ་གསུམ་ཙམ་གྱི་རྗེས་སུ། ཀྲི་ཙི་དང་ངེད་གཉིས་ཐེངས་གཅིག་ཕྲད་མྱོང་། དོན་ཆུང་ཞིག་གི་ཆེད་དུ། ངེད་གཉིས་ཀྱིས་བཟའ་བཏུང་ཁང་ཞིག་ཏུ་དུས་བཏབ། དོན་དག་གྲུབ་རྗེས། གླེང་མོལ་རང་བཞིན་གྱིས་མཇུག་རྫོགས། བདག་གིས་གླེང་གཞི་སྐོར་ཞིག་བཙལ་ནས་ཁོ་མོར་ཁ་བརྡ་བྱས་མོད། མཇུག་མཐར། ཡོད་ཚད་འབྲས་མེད་དུ་གྱུར། སྒོས་སུ་མོའི་སྐད་ཆའི་ཤུགས་སུ་ཅུང་མ་རེངས་པའི་རྣམ་འགྱུར་ཞིག་འདུག ཕལ་ཆེར་ཀྲི་ཙི་བདག་གི་སྟེང་ལ་ལྟ་ཚུལ་ཞིག་ཡོད་པ་འདྲ། དེ་བས་ཕན་ཚུན་ལ་བདེ་མོ་བཞག་ནས་རང་རང་སར་གྲོལ།
བདག་གིས་འདི་ལྟར་བརྗོད་ན་མི་ལེགས་པ་ཤེས་མོད། ཀྲི་ཙིས་བདག་ལ་མ་རེངས་པའི་ལྟ་སྟངས་འཛིན་དོན་ནི། ཕལ་ཆེར་ཆེས་མཐའ་མཇུག་ཁོང་དང་ངོ་ཕྲད་ནས་གླེང་མོལ་བྱེད་མཁན་དེ། ཁོ་མོ་མ་ཡིན་པར་ང་ཡིན་པའི་རྐྱེན་གྱིས་ཡིན་སྲིད། དེ་བས། ངས་ཁོ་མོའི་སེམས་ཁམས་ལ་བསམ་ཤེས་བྱེད་ཐུབ། དྲང་མོར་བཤད་ན། བདག་གིས་ཀྱང་དོན་རྐྱེན་དེ་རང་ཉིད་ཀྱི་སྟེང་དུ་བྱུང་ན་བསམ་མོད། ཡོད་ཚད་འདས་ཟིན་པས་ལྡོག་ཐབས་ག་ལ་ཡོད།
དེ་ནི་ཟླ་ལྔ་པའི་ཕྱི་དྲོ་ཞིག་སྟེ། སློབ་གྲྭ་གྲོལ་རྗེས་ཀྱི་ལམ་སྐབས་སུ།(དོན་གྱིས་སློབ་བྱོལ་བྱས་པ་ཡིན)ང་དང་གྲོགས་པོ་གཉིས་སྟེགས་གྲུག་སྤོ་ལོ་རྩེད་ཁང་ཞིག་ཏུ་སོང་། སྟུད་མར་ཚན་སྐོར་བཞི་རྩེས་པར། ཚན་སྐོར་དང་པོ་ང་རང་རྒྱལ་ན་ཡང་། ཐ་མའི་ཚན་སྐོར་གསུམ་པོ་སྟུད་མར་ཁོ་རང་རྒྱལ། བདག་གིས་སྔོན་ལ་བཤད་པ་ལྟར་སྟེགས་གྲུག་རྩིས་པའི་རིན་དངུལ་བྱིན།
ཉིན་དེའི་མཚན་མོར། ཁོས་ཁོང་ཚང་གི་མོ་ཊ་འཇོག་ཁང་དུ་རང་ཤི་རྒྱབ་པ་རེད། ཁོས་འགྱིག་གི་སྦུ་གུ་ཞིག་N360ཅན་གྱི་མོ་ཊའི་རླུང་འབུད་མཆུ་ཏོ་ལ་སྦྲེལ་ཞིང་། མོ་ཊའི་ཤེལ་སྒོའི་གས་སྲུབས་ཡོད་ཚད་འགྱིག་རས་ཀྱིས་དམ་པོར་སྦྱར་རྗེས། མོ་ཊ་འབར་དུ་བཅུག དུས་ཡུན་ཅི་ཙམ་སྤྱད་མཐར་ཤི་ཐུབ་པ་སུ་ཡིས་རྟོགས། ཁོའི་ཕ་མ་གཉིས་གཉེན་ཉེར་ལྟ་རུ་སོང་ནས་ཕྱིར་སླེབས་ཤིང་། མོ་ཊ་འཇོག་ཁང་གི་སྒོ་འབྱེད་སྐབས། ཁོ་རང་སྔ་མོ་ནས་ཤི་ཟིན་པ་མཐོང་། མོ་ཊའི་སྒྲ་སྡུད་འཕྲུལ་ཆས་ཀྱི་གློག་སྒོ་སྔར་བཞིན་ཕྱེས་ཡོད། རླངས་སྣུམ་བླུགས་པའི་འབྱོར་ཡིག་ཅིག་ཆར་ཕྱི་དང་མདུན་ཤེལ་གྱི་བར་ལ་བཅུག་འདུག
ཁ་ཆེམས་ཡི་གེ་མེད་པས། རང་ཤི་རྒྱག་དགོས་པའི་དོན་གྱི་འབྱུང་རྩ་ཅི་ཡིན་ཐད་རིགས་འདེད་བྱེད་ཐབས་བྲལ། ཉེན་རྟོག་པས་ང་རང་ཁོང་དང་ཆེས་མཐའ་མཇུག་ངོ་ཕྲད་ཅིང་གླེང་མོལ་བྱེད་མཁན་ཡིན་པ་རྒྱུ་རྐྱེན་དུ་བཟུང་ནས། བདག་བོས་ཏེ་གནས་ཚུལ་ལ་རྒྱུས་ལོན་བྱས། བདག་གིས་ནམ་རྒྱུན་དང་འདྲ་བས་རང་ཤི་རྒྱག་པའི་སྔ་ལྟས་ཅི་ཡང་མི་འདུག་ཅེས་ལབ་པ་ཡིན། མང་པོ་བཤད་དོན་མེད་དེ། བློ་ཐག་རྦད་ཆོད་ཀྱིས་རང་ཤི་རྒྱག་འཆར་ཡོད་པའི་མི་ཞིག་གིས། སྟེགས་གྲུག་སྤོ་ལོ་རྩེས་ནས་སྟུད་མར་ཐེངས་གསུམ་ལ་རྒྱལ་ཁ་ལེན་རྒྱུ་ནི་མི་སྲིད་པ་ཞིག་གོ། ཉེན་རྟོག་པ་ང་དང་ཁོའི་སྤྱོད་ཚུལ་ལ་ཕལ་ཆེར་ལྟ་ཚུལ་ལེགས་པོ་ཞིག་མེད་ཚོད་འདུག ཕར་བལྟས་ཚོད་ཀྱིས། མཐོ་འབྲིང་འགྲིམས་ཟིན་ཡང་སློབ་བྱོལ་བྱས་ཏེ། སྟེགས་གྲུག་སྤོ་ལོ་རྩེ་རུ་འགྲོ་མཁན་ཞིག་གིས། རང་ཤི་རྒྱབ་ཀྱང་བློས་དཔོག་དཀའ་བ་ཞིག་མིན་པར་བསམ་གྱིན་པ་འདྲ། མཐར་ཚགས་པར་དུ་གནས་ཚུལ་ཐུང་ངུ་ཞིག་སྤེལ་རྗེས། དོན་དེ་མཇུག་རྫོགས་སུ་བཅུག N360ཅན་གྱི་མོ་ཊ་དེ་ཡང་མེད་པར་བཏང་། སློབ་ཁང་དུ་ཁོས་སྤྱད་མྱོང་པའི་མདུན་ཅོག་སྟེང་། ཡུན་རིང་ཞིག་ལ་མེ་ཏོག་དཀར་པོ་ཞིག་བཞག་འདུག
མཐོ་འབྲིང་མཐར་ཕྱིན་ཏེ་ཏུང་ཅིན་གྲོང་ཁྱེར་དུ་སླེབས་རྗེས། བདག་གིས་སྒྲུབ་པའི་དོན་དག་ཉག་གཅིག་ལས་མེད་དེ། དེ་ནི་བྱ་དངོས་ཅི་ཞིག་ལ་བསམ་བློ་བཏང་རུང་གཏིང་ཟབ་མོར་མི་འཇུག་པ་དེའོ།། སྟེང་གདན་ལྗང་མདོག་ཡིན་པའི་སྟེགས་གྲུག་སྟེགས་བུ་ཡིན་ནའང་རུང་། N360ཅན་གྱི་མོ་ཊ་དམར་པོ་ཡིན་ཡང་ཆོག མདུན་ཅོག་སྟེང་བཞག་པའི་མེ་ཏོག་དཀར་པོ་སོགས་གང་ཡིན་ཡང་། ཡོད་ཚད་བློ་ཐག་རྦད་ཆོད་ཀྱིས་དྲན་ངོས་ནས་དོར། ད་རུང་། པུར་སྲེག་ཁང་ནས་མཁའ་ལ་སྙེག་པའི་དུ་སྤྲིན་ནག་པོ་དང་། ཉེན་རྟོག་ཁང་གི་ཤོག་བུ་གནོན་ཆས་སོགས་ཡོད་ཚད། སྐད་ཅིག་ཙམ་ལ་རྗེད་ངོས་ཀྱི་དབྱིངས་སུ་འཐིམ་དུ་བཅུག དེ་ལྟར་བྱས་པའི་ཐོག་མའི་ཉིན་དེ་ཚོར། ཧ་ཅང་བདེ་ཞིང་ལེགས་པར་སྣང་མོད། མཐར། ངས་ཅི་ལྟར་ཧུར་བརྩོན་བྱས་ཏེ་རྗེད་དུ་བཅུག་ཀྱང་། དོན་དག་མང་པོ་ཞིག་གསལ་ལ་མི་གསལ་པའི་སྨུག་སྤྲིན་བཞིན་འདོར་ཐབས་བྲལ། དུས་ཀྱི་འཁོར་སྐྱོད་འོག་སྨུག་སྤྲིན་དེ་རིམ་བཞིན་ཇེ་གསལ་ནས་ཇེ་གསལ་དུ་གྱུར་ཞིང་། གཟུགས་ཅན་གྱི་རྣམ་པས་གསལ་ལྷང་ངེར་མངོན་བྱུང་། གཟུགས་དབྱིབས་དེ་བདག་གིས་སྐད་ཆ་ཡི་རྣམ་པས་མཚོན་ན་འདི་ལྟ་སྟེ།
འཆི་བ་ནི་གསོན་པའི་ཁ་གཏད་མིན་པར། དེ་ནི་གསོན་པའི་ཆ་ཤས་སུ་གྲུབ་པའི་རྟག་པའོ།།
སེམས་ཁམས་དེ་སྐད་ཆས་མཚོན་པར་བྱས་ཚེ། དངོས་གནས་སྤྱིར་བཏང་གི་གནས་ལུགས་ཙམ་དུ་སྣང་ཞིང་ཕལ་བ་ཡིན་ཆེ་བས་མི་ལ་སུན་པོ་བཟོ་ངེས་མོད། སྐབས་ཐོག་དེའི་ང་ལ་མཚོན་ན། སྣང་ཚུལ་དེ་སྐད་ཆ་རུ་ཕབ་འདོད་པ་མིན་པར། སྨུག་སྤྲིན་གྱི་རྣམ་པ་ཅན་གྱི་དངོས་གཟུགས་ཤིག་ཏུ་སྒོམ་ནས་ལུས་སེམས་གཉིས་ཀྱིས་ཉམས་སུ་མྱོང་འདོད་པ་ཡིན། ཤོག་བུ་གནོན་ཆས་དང་། སྟེགས་གྲུག་སྟེགས་བུའི་སྟེང་གྲལ་འགྲིག་པོར་བཞག་པའི་ལྒང་ལི་དཀར་དམར་བཞི་བོ་གང་ཡིན་རུང་། ཐམས་ཅད་ཀྱི་ཁྲོད་དུ་འཆི་བ་གནས་འདུག དེ་མིན། ང་ཚོ་མི་སུ་ཡིན་རུང་གསོན་པོར་གནས་པའི་ཞོར་ལ་འཆི་བ་དེ་ས་རྡུལ་རྔུབ་པ་བཞིན་གློ་བའི་ནང་འབྱིན་བཞིན་ཡོད།
དེའི་ཡར་སྔོན་ལ། བདག་གིས་འཆི་བ་ནི་གསོན་པ་དང་རིང་དུ་གྱེས་ཏེ་རང་རྐྱ་ཐུབ་པའི་ངང་གནས་པ་ཞིག་གི་ཚུལ་གྱིས་ངོས་འཛིན་བྱས་པ་ཡིན། དེ་ནི“ནམ་ཞིག་འཆི་བདག་གིས་ང་ཚོ་འཛིན་སྲིད། ཡིན་ཡང་། འཆི་བདག་མ་སླེབས་པའི་སྐད་ཅིག་མའི་ཡར་སྔོན་ལ། ང་ཚོ་ད་དུང་འཆི་བདག་གི་ལག་ཏུ་ཤོར་མེད”ཅེས་པ་ལྟ་བུའོ།། འཆི་བ་ནི་འདི་ཕྱོགས་དང་གསོན་པ་ནི་ཕར་ཕྱོགས་ཏེ། བདག་གི་བསམ་པར། རང་ཉིད་ཀྱི་ལྟ་བ་དེ་ནི་དོན་དངོས་དང་མཐུན་ཞིང་སྐྱོན་འདོགས་བྱེད་ཐབས་བྲལ་བར་སྒོམ་ཡོད།
འོན་ཏེ། གྲོགས་པོ་ཤི་བའི་མཚན་མོ་དེ་ནས་བཟུང་། བདག་གིས་ཤི་གསོན་ལ་དེ་ལྟ་བུའི་བྱིས་བློ་གཙང་མས་ངོས་འཛིན་བྱེད་མ་མྱོང་། འཆི་བ་ནི་གསོན་པའི་ཁ་གཏད་མིན་པར། དེ་ནི་མ་གཞི་ནས་“ང”ཞེས་པའི་གཞི་གྲུབ་འདིའི་ཆ་ཤས་སུ་གྲུབ་ནས་ཡོད་ཅིང་། ང་ཚོས་ཅི་ལྟར་འབད་འབུངས་བྱས་ཏེ། དེ་ཉིད་རྒྱང་དུ་དོར་འདོད་ཀྱང་འབྲས་མེད་དུ་འགྱུར་ངེས། དེ་ནི་དངོས་དཔང་ཡོད་པ་ཞིག་སྟེ། རྒྱུ་མཚན། ལོ་ན་བཅུ་བདུན་ཡིན་པའི་བདག་གི་གྲོགས་པོ་དེ་ཟླ་ལྔ་པའི་མཚན་མོ་ཞིག་ལ་འཆི་བདག་གིས་བཟུང་སོང་ལ། དེ་དང་ལྷན་དུ་ང་ཡང་བཟུང་སོང་ངོ་།།
བདག་གིས་དོན་དེར་ངེས་ཤེས་གསལ་པོ་རྙེད་པ་དང་སྦྲགས། གོམ་གང་མདུན་སྤོས་ཀྱིས་གཏིང་ཟབ་མོར་བསམ་བློ་མི་གཏོང་བར་ཐག་གཅད། འོན་ཀྱང་། དེ་ནི་སྒྲུབ་ཐབས་མེད་པ་ཞིག་སྟེ། ང་རང་ད་དུང་ལོ་ན་བཅོ་བརྒྱད་ཡིན་ལ། ན་ཚོད་ཆུང་དྲག་པས། བྱ་དངོས་གང་རུང་གི་འགྱུར་ལྡོག་ལ་ངེས་ཤེས་རྙེད་དཀའ།
༤
དེ་ནས་བཟུང་། ཁོ་མོ་དང་ངེད་གཉིས་ཀྱིས་ཟླ་རེར་ཐེངས་གཅིག་ནས་གཉིས་ལ་དུས་བཏབ་པ་ཡིན། བདག་གིས་དེ་ལ་དུས་བཏབ་ཞེས་གོ་བ་བླངས་ན་ལེགས་པར་འདོད། གང་ལྟར་དེ་ལས་ལྷག་པའི་མིང་བརྡ་འོས་འཚམ་ཞིག་དྲན་མ་བྱུང་།
ཁོ་མོས་ཏུང་ཅིན་གྱི་གྲོང་མཐར་ཡོད་པའི་བུད་མེད་སློབ་ཆེན་ཞིག་ཏུ་སློབ་གཉེར་བྱེད་ཀྱིན་འདུག སློབ་གྲྭ་དེ་ཆུང་ལ་གྲལ་དག་པོ་ཞིག་འདུག མོ་རང་སྡོད་སའི་གཞིས་སྡོད་གླིང་ནས་སློབ་གྲྭར་རྐང་ཐང་ལ་སོང་རུང་སྐར་མ་བཅུ་ཡང་མི་དགོས། ལམ་འགྲམ་དུ་ཆུང་ལ་ཕྲ་བའི་མིས་བཟོས་ཆུ་ཕྲན་ཞིག་བཞུར་གྱིན་འདུག ཕར་བལྟས་ཚོད་ཀྱིས་ཀྲི་ཙིར་ཡང་ཕལ་ཆེར་གྲོགས་པོ་གཞན་མེད་པ་འདྲ། ངེད་གཉིས་ཀྱིས་ནམ་རྒྱུན་གནས་དེ་རུ་ཕར་འགྲོ་ཚུར་འོང་བྱས་ཏེ་འཆམ་འཆམ་བྱས་པ་ཡིན། ཀྲི་ཙིར་སྔར་བཞིན་སྨྲ་བ་ཉུང་། ང་ལའང་ངེས་པར་བཤད་དགོས་པའི་བརྗོད་གཞི་འདྲ་མེད་པས། ཁོ་མོ་དང་འདྲ་བར་ཁ་རོག་གེར་བསྡད་པ་ཡིན། དེ་བས་ངོ་ཕྲད་ཐེངས་རེར། རྫོགས་རྒྱུ་མེད་པའི་འགྲུལ་བཞུད་ཁོ་ནར་གཡེང་བ་ཡིན།
རེད་དེ། ང་དང་ཀྲི་ཙིའི་འབྲེལ་བར་ཡང་ཡར་རྒྱས་མེད་པ་ག་ལ་སྲིད། དབྱར་གནང་རྫོགས་ལ་ཉེ་བའི་སྐབས་ཤིག་ལ། ཀྲི་ཙི་རང་བཞིན་གྱིས་བདག་གི་གམ་ལ་སླེབས་བྱུང་། ངེད་གཉིས་དཔུང་བ་མཉམ་གཤིབ་ཀྱིས་ལ་རིང་ཐུང་དང་། ཟམ་ཆེ་ཆུང་། གཞུང་ལམ་སོགས་བརྒལ་ནས་རྫོགས་མཐའ་མེད་པའི་གོམ་པའི་འདེགས་འཇོག་ལ་རོལ། དེ་ལྟའི་མདུན་སྐྱོད་ཀྱི་སྤྱོད་སྟངས་ལ་མངོན་གསལ་གྱི་ཁ་ཕྱོགས་མེད་ལ། ངེས་གཏན་གྱི་དམིགས་འབེན་ཡང་མེད། རྟག་པར་དུས་ཡུན་ངེས་ཅན་རེར་སོང་མཐར། བཟའ་བཏུང་ཁང་ཞིག་ཏུ་འཛུལ་ནས་ཁོ་ཧྥེ་རེ་འཐུང་། ཁོ་ཧྥེ་འཐུང་ཚར་རྗེས་ཡང་བསྐྱར་མུ་མཐུད་དུ་ལམ་ལ་ཆས། དེ་ལྟར་དུས་ཚིགས་ཁོ་ན་ནི་གློག་བརྙན་གྱི་པར་རིས་བཞིན་གོ་རིམ་ལྡན་པའི་ངང་བརྗེ་བཞིན་འདུག སྟོན་ཟླ་སླེབས་པ་ན། ཞག་སྡོད་གླིང་གི་ར་བར་སྡོང་བོའི་ལོ་འདབ་ཀྱིས་ཁེངས་ངེས། སྐབས་དེར། སྤུན་དོག་གི་སྟོད་གོས་གྱོན་པ་ན། ད་གཟོད་དུས་ཚིགས་གསར་པ་ཡིན་པའི་ཉམས་སྣང་སྐྱེ། དེའི་རིང་། བདག་གིས་ཀོ་ལྷམ་ཞིག་གྱོན་ནས་རལ་དུ་བཅུག་ཅིང་། ཤེའུ་ལྤགས་ལ་འདྲ་བཟོ་བྱས་པའི་ཀོ་ལྷམ་གསར་པ་ཞིག་ཉོས།
སྟོན་ཟླ་རྫོགས་པ་ན། ལྷག་རླུང་གིས་སྲང་ལམ་ཉུལ་པའི་དུས་ལ་སླེབས། དུས་དེ་ནས་ཁོ་མོ་སྐབས་རེར་བདག་གི་དཔུང་བར་འཇུ། མེ་ཏོག་རྩུབ་མོ་རྒྱུ་དག་ཡིན་པའི་སྟོད་གོས་མཐུག་པོ་བརྒྱུད་ནས། བདག་གིས་ཀྲི་ཙིའི་དབུགས་ཀྱི་གཏོང་ལེན་རེ་རེ་ཉམས་སུ་མྱོང་ཐུབ། བདག་གིས་ལག་ཟུང་ལྭ་རིང་གི་ཁུག་མར་བཅུག་ནས། སྔར་བཞིན་མུ་མཐུད་དུ་མདུན་ཕྱོགས་སུ་སྐྱོད། ང་དང་ཀྲི་ཙིས་གྱོན་པའི་ལྷམ་མཐིལ་ནི་འགྱིག་བཟོས་ཡིན་པས། ངེད་གཉིས་མདུན་སྐྱོད་བྱེད་པའི་གོམ་སྒྲ་ཕལ་ཆེར་ཚོར་དཀའ། ལམ་འགྲམ་ཕྱོགས་གཉིས་སུ་ལྷུང་པའི་ཧྥ་རན་སིའི་ཝུའུ་ཐུང་ཤིང་གི་ལོ་འདབ་སྟེང་སྤོས་པ་ན། ད་གཟོད་སྐམ་ཤས་ཆེ་བའི་དངོས་པོ་ཕན་ཚུན་ཐོགས་པའི་སྒྲ་ལྟ་བུ་ཞིག་འབྱུང་། དོན་གྱིས། ཁོ་མོར་མཁོ་བ་ནི་བདག་གི་དཔུང་བ་མིན་པར། མི་གཞན་ཞིག་གི་དཔུང་བ་རེད། ཁ་མོར་མཁོ་བ་ནི་བདག་གི་ལུས་དྲོད་མིན་པར། མི་གཞན་ཞིག་གི་ལུས་དྲོད་རེད། མ་མཐའ་ཡང་བདག་གིས་དེ་ལྟར་བསམ།
ཁོ་མོའི་མིག་ཟུང་ལ་སྔོན་ལས་ལྷག་པའི་དྭངས་གཙང་ལྡན། དྭངས་གཙང་གི་ཆ་དེ་ནི་རྫོགས་མཐའ་བྲལ་ཞིང་སྨྲ་བསམ་བརྗོད་འདས་ཤིག་སྟེ། ཁོ་མོས་རྟག་ཏུ་སྤྱན་གཉིས་གཡོ་བ་མེད་པར་བདག་གི་མིག་ཟུང་ལ་ཅེར་ངེས། འོན་ཀྱང་། སྤྱོད་ཚུལ་དེ་ལ་ངེས་གཏན་རང་བཞིན་གྱི་རྒྱུ་མཚན་བགྲང་རྒྱུ་ཅི་ཡང་མེད། སྐབས་དེར། བདག་ལ་སྐྱོ་སྣང་གི་སེམས་ཁམས་ཤིག་རང་བཞིན་གྱིས་གྲུབ་འོང་།
ནམ་རྒྱུན་ཀྲི་ཙིས་ཁ་པར་ཡོང་བའམ། ཡང་ན་གཟའ་ཉི་མའི་ཞོགས་པར་ཕྱི་ལ་འགྲོ་སྐབས། ཞག་སྡོག་ཐོག་ཁང་གི་འདུག་གྲོགས་ཚོས། ང་ལ་ཀུ་རེ་དང་རྩེད་མཚར་སྣ་ཚོགས་སློང་སྲིད། སྣང་ཚུལ་དེ་ནི་རྒྱུན་ལྡན་ཞིག་རེད་ཟེར་ན་དེ་ལྟར་བསམ་ཡང་ཆོག་སྟེ། རྒྱུ་མཚན། ཁོ་ཚོ་ཚང་མས་ངེད་གཉིས་དགའ་རོགས་ཡིན་པར་རློམ་ཡོད། དོན་དེ་འགྲེལ་བཤད་བྱེད་ཐབས་བྲལ་བ་ཞིག་རེད། འགྲེལ་བཤད་བྱེད་པའི་དགོས་པ་ཡང་མེད་པས། ངས་ཀྱང་ཁོ་ཚོས་ཅི་བཤད་ལ་སྣང་དག་བྱེད་མ་མྱོང་། སྲོད་དུས་ཕྱིར་སླེབས་སྐབས། མི་ལ་ལས་ཆགས་སྤྱོད་སྐོར་གྱི་བཙོག་གཏམ་སྣ་ཚོགས་འདྲི་ངེས། བདག་གིས་ཀྱང་ཡིད་ལ་ཡོང་སྟངས་ཀྱིས་ཁྲལ་སེལ་བྱེད་ཐུབ་བྱས་པ་ཡིན།
དེ་ལྟར། ང་རང་ལོ་ན་བཅོ་བརྒྱད་ནས་བཅུ་དགུར་བུད། ཉི་མ་ཡར་འཕག་ཅིང་མར་ནུབ་ལ། རྒྱལ་དར་ཡར་བསྒྲེང་ཞིང་མར་ཕབ་པའི་འགྲོས་རིམ་ཁྲོད། གཟའ་ཉི་མ་སླེབས་ཐེངས་རེར། བདག་གིས་འདས་ཟིན་པའི་གྲོགས་ཀྱི་དགའ་རོགས་དང་དུས་བཏབ་པ་ཡིན། རང་གིས་རང་ལ་ཁྱེད་ཀྱིས་ད་ལྟ་ཅི་ཞིག་སྒྲུབ་བཞིན་ཡོད། མ་འོངས་པར་འཆར་གཞི་ཅི་ཡོད་སོགས་ཀྱི་དྲི་བ་འཕང་ཚེ། ང་ནི་སྨུག་སྤྲིན་ཁྲོད་མགོ་འཁོར་པ་བཞིན་སྨྲ་བ་འགག སློབ་ཆེན་གྱི་ཚོགས་ཐུན་སྐབས། བདག་གིས་ཁི་ལེ་ཏེ་ཨེར་དང་། ལྰ་ཞིན། ཨེ་སིན་སི་ཐྰན་སོགས་ཀྱི་གསུང་རྩོམ་ཀློག་ཅི་ཐུབ་བྱས་པ་ཡིན་མོད། དེ་ཡང་ཁོང་ཚོ་ཐམས་ཅད་རྩོམ་འབྲིའི་ཡིག་རྩལ་ལ་རང་དབང་ཐོབ་འདུག་པ་དག་ཏུ་གོ་བ་བླངས་པ་ཙམ་ལས། རྒྱུ་མཚན་གཞན་ཅི་ཡང་མེད། འཛིན་གྲྭའི་ནང་། བདག་གིས་སུ་ལ་ཡང་གྲོགས་ཀྱི་འབྲེལ་ཟམ་འཛུགས་མ་མྱོང་། སྡོད་ཤག་ནང་གི་འབྲེལ་འདྲིས་དེར་ཡང་འགྱུར་བ་ཆེར་མི་འདུག མལ་གྲོགས་ཚོས་བདག་གིས་ནམ་རྒྱུན་གཅིག་པུར་དཔེ་ཆ་བལྟ་བ་མཐོང་བས། ང་རང་རྩོམ་པ་པོ་ཞིག་བྱེད་འདོད་པར་རློམ་ཡོད། ཡིན་ནའང་། ང་རང་ཉིད་ལ་མཚོན་ན་རྩོམ་པ་པོ་བྱེད་འདོད་ཀྱི་རེ་བ་ཤུགས་དྲག་མེད་པར་མ་ཟད། ངེས་གཏན་གྱི་ལས་རིགས་ཅི་ཡང་སྒྲུབ་འདོད་མེད་ཀྱི་བསམ་འདུན་མེད།
བདག་གིས་ཐེངས་འགར་དེ་ལྟའི་སེམས་ཁམས་དེ་ཀྲི་ཙིར་བཤད་འདོད་སྐྱེས། མོས་ཚད་ངེས་ཅན་ཞིག་ནས་བདག་གི་བསམ་འདུན་དག་བདེ་ལེགས་ངང་རྟོགས་ཐུབ་ངེས་སྙམ་པའི་མག་མོག་གི་འདུ་ཤེས་ཤིག་སྐྱེས་ནའང་། ཅི་ལྟར་བཤད་པའི་ཐད་འོས་འཚམ་གྱི་བརྗོད་པ་ཞིག་རྙེད་མ་བྱུང་། ནམ་རྒྱུན་བདག་གིས་འོས་འཚམ་གྱི་བརྗོད་པ་ལ་བསམ་གཞིགས་བྱེད་སྐབས། དེ་མ་ཐག་གཏིང་ཟབ་པའི་མུན་ནག་གི་ཀློང་རིམ་ཞིག་ཏུ་འཐིམ་འགྲོ།
གཟའ་མཇུག་གི་སྲོད་དུས་སླེབས་ཐེངས་རེར། བདག་གིས་སྤྱི་སྤྱོད་ཁ་པར་ཡོད་སའི་ཚོམས་ཁང་གི་རྐུབ་སྟེགས་སུ་བསྡད་ནས། ཀྲི་ཙིས་ཁ་པར་ཡོང་རྒྱུར་བསྒུག་པ་ཡིན། ལན་རེར་གཟའ་འཁོར་གཉིས་རེར་སྟུད་མར་ཁ་པར་ཡོང་བ་དང་། ཡང་སྐབས་རེར་གཟའ་འཁོར་གསུམ་ལྷག་འགོར་ཡང་གྲགས་འགུལ་ཅི་ཡང་མེད། དེ་བས། བདག་གིས་གཟའ་སྤེན་པར་རྟག་ཏུ་སྒོ་ཁའི་ཚོམས་ཁང་གི་རྐུབ་སྟེགས་སུ་བསྡད་ནས་མོས་ཁ་པར་ལ་སྒུག་པ་ཡིན། གཟའ་སྤེན་པའི་མཚན་མོར། ཚང་མ་ཕྱི་རོལ་དུ་སྤྲོ་འཆམ་ལ་བུད་འགྲོ་བས། སྒོ་ཁའི་ཚོམས་ཁང་དེ་ནམ་རྒྱུན་དང་བསྡུར་ན་ལྷིང་འཇགས་སུ་གནས། བདག་གིས་ཕྱོགས་གཅིག་ནས་དེ་ལྟའི་ལྷིང་འཇགས་ཀྱི་བར་སྟོང་ན་རྒྱུ་བའི་འོད་ཀྱི་ཟེགས་མ་ཁྱུག་ཁྱུག་བྱེད་པར་གཟིགས་ཤིང་། ཕྱོགས་གཅིག་ནས་རང་ཉིད་ཀྱི་སྙིང་གི་འཕར་ལྡིང་ལ་རྒྱུས་ལོན་བྱེད་ཨེ་ཐུབ་ལ་འབད། བདག་གིས་མི་ག་གེ་མོ་ཞིག་གི་ལུས་སྟེང་ནས་ཅི་ཞིག་ལ་རེ་སྙེག་བྱེད་ཀྱིན་འདུག་སྟེ། དེ་ནི་ཐེ་ཚོམ་སྐྱེ་མི་དགོས་པའི་དྲི་བ་ཞིག་རེད། འོན་ཀྱང་། དེ་ལས་ཅུང་རྒྱང་རིང་གི་དོན་དག་ཞིག་གླེང་དགོས་ཚེ་ཅི་ཡང་རྟོགས་ཀྱིན་མེད། བདག་གིས་ལག་ཟུང་མདུན་ཕྱོགས་སུ་བརྐྱངས་ཀྱང་། སོར་རྩེར་རྒྱུ་བ་ནི་གཟུགས་མེད་ཀྱི་མཁའ་རླུང་ཁོ་ནའོ།།
༥
དགུན་ཁར། བདག་གིས་ཞིན་སའུ་ཡི་སྒྲ་ཕབ་ཆེད་བཙོང་ཁང་ཆུང་ཆུང་ཞིག་ཏུ་ཞོར་ལས་སྒྲུབ། ཕོག་དངུལ་མཐོན་པོ་མེད་ཀྱང་། གཟའ་འཁོར་གཅིག་ལ་མཚན་ལས་ཐེངས་གསུམ་མ་གཏོགས་འགྲོ་མི་དགོས་པས་ལས་ཚགས་མེད། དུས་ཚོད་བཀོད་སྒྲིག་ཐད་འོས་ཤིང་འཚམ། སྒོས་སུ་རིན་གོང་དམའ་བའི་ཆེད་སྒྲིག་ཀྱང་ཉོས་ཆོག ཡེ་ཤུའི་འཁྲུངས་སྐར་གྱི་ཉིན་མོར། བདག་གིས་ཀྲི་ཙིར་མོ་རང་ཉན་རྒྱུར་སྤྲོ་བའི་ཧིན་རེ·མེ་ཁུ་ནེ(Henry Mancini)ཡི་《སྙིང་ཉེ》(Dear Heart)ཞེས་པ་བསྡུས་ཡོད་པའི་སྒྲ་ཕབ་ཅིག་ཉོས། བདག་གིས་དེར་དངོས་སུ་ཐུམ་སྒྲིལ་བྱས་ཤིང་། དར་སྐུད་དམར་པོས་ལེགས་སྐྱེས་ལ་མདུད་པ་རྒྱབ། ཀྲི་ཚིས་བདག་ལ་ཁོ་མོས་དངོས་སུ་ལག་འཐག་བྱས་པའི་བལ་སྐུད་ཀྱི་ལག་འབོབ་ཅིག་གནང་། མཐེ་བོང་འཇུག་སའི་ཆ་དེ་ཅུང་ཐུང་དྲག་མོད། དྲོད་སྣང་སྦྱིན་རྒྱུར་གནོད་པ་མི་འདུག
དགུན་གནང་སྐབས་སུ་ཀྲི་ཙི་ཡུལ་ལ་མ་སོང་། ཟླ་དང་པོར་བདག་གིས་ཀྱང་ཀྲི་ཙིའི་སྡོད་ཤག་ཏུ་ལྟོ་ཚང་བསྒྲིགས།
དགུན་ཁ་དེར་དོན་དག་མི་ཉུང་བ་ཞིག་བྱུང་།
ཟླ་དང་པོའི་ཟླ་མཇུག་ལ། བདག་གི་མལ་གྲོགས་དེར་ཏུའུ་གྲངས་བཞི་བཅུར་ཉེ་བའི་ཚ་བ་རྒྱས། ཉིན་གཉིས་ལ་ཉལ་སར་ལྷུང་། དེ་བས། བདག་དང་ཀྲི་ཙིའི་དུས་བཅད་ལ་ཡང་བར་ཆད་བྱུང་། བདག་གིས་ཁོའི་འཆི་ཁའི་འཕག་འཚག་བྱེད་པ་ལྟ་བུའི་བཟོ་ལྟ་དེ་མཐོང་བས་སྣང་མེད་དུ་འཇོག་ཐབས་བྲལ། སྒོས་སུ། ང་མ་གཏོགས་ཁོ་ལ་བདག་སྐྱོང་བྱེད་འདོད་ཅན་གྱི་མི་ཞིག་ཀྱང་འཚོལ་དཀའ། བདག་གིས་འཁྱགས་རྡོག་མང་པོ་ཉོས་ནས། སྤོས་འགྱིག་གི་ཁུག་མ་འགར་བཅུག་སྟེ་འཁྱགས་ཕད་བཟོས་ཤིང་། ལག་ཕྱིས་རློན་པས་ཁོའི་རྔུལ་ཆུ་ཕྱིས། དུས་ཚོད་རེའི་མཚམས་ནས་ལུས་པོའི་དྲོད་ཚད་ཐེངས་རེ་འཇལ། ཏག་ཏག་ཉིན་གང་བོར་ཚ་བ་མར་འབབ་མ་ཐུབ། འོན་ཏེ། ཉིན་གཉིས་པའི་ཞོགས་པར་ཁོ་ཐག་སྒྲ་དང་བཅས་ཡར་ལངས་བྱུང་། ལུས་པོའི་དྲོད་ཚད་ཏུའུ་གྲངས་36.2ལ་བབས་འདུག
ཁོས“ཨ་ཡ་མཚར། ང་ལ་སྔོན་ཆད་གཏན་ནས་ཚ་བ་རྒྱས་མ་མྱོང་”ཟེར།
བདག་གིས“ཡིན་ཡང་ད་རེབ་ཚ་བ་རྒྱས་པ་དངོས་དོན་རེད”ཅེས་བཤད་མཐར། ཁོ་ལ་བདག་སྐྱོང་བྱས་རྐྱེན་འཕྲོ་བརླག་ཏུ་གྱུར་པའི་རོལ་མོའི་དགུང་ཚོགས་ཀྱི་པ་སེ་གཉི་ཀ་བསྟན།
ཁོས“སྟབས་ལེགས་པ་ཞིག་ལ་སྣེ་ལེན་པ་སེ་ཞིག་རེད”ཟེར།
ཟླ་གཉིས་པར་ཁ་བ་ཐེངས་འགར་བབས།
ཟླ་གཉིས་པའི་ཟླ་མཇུག་ལ། དོན་དག་ཆུང་ཆུང་ཞིག་ལ་རྐྱེན་བྱས་ཏེ། ཐོག་ཁང་གཅིག་གི་འདུག་གྲོགས་ཤིག་དང་ཁ་འཛིང་བྱས། ཕ་རོལ་བོའི་མགོ་བོ་ཨར་འདམ་གྱི་རྩིག་པར་རྒྱབ་ནས་རྡུང་པས། ང་རང་དོ་དམ་ཀྲུའུ་རིན་གྱིས་བོས་ཏེ་གཤེ་གཤེ་བཏང་། དེ་ནས་བཟུང་། སྡོད་ཞག་གི་འཚོ་བ་དེ་རིམ་བཞིན་སྐྱིད་པོ་མིན་པའི་སྣང་བ་བྱུང་།
ང་རང་ལོ་ན་བཅུ་དགུར་བུད་ཟིན། མ་འགྱང་པར་ལོ་རིམ་གཉིས་པར་འཕར། བདག་གི་སྐར་གྲངས་སྐོར་ཞིག་རྒྱུག་ཚད་ལ་མ་ལོངས། རྒྱུགས་འབྲས་མང་ཆེ་བCདང་ཡང་ན་Dརེད། Bཅན་ཉུང་ཙམ་ལས་མི་འདུག ཀྲི་ཙི་ལ་བསླབ་སྐར་གཅིག་ཀྱང་མ་ཆད་པར་ལོ་རིམ་གཉིས་པར་འཕར།
ཟླ་དྲུག་པ་སླེབས་ཙ་ན། ཀྲི་ཙི་ལོ་ན་ཉི་ཤུར་བུད། ཀྲི་ཙི་ཉི་ཤུར་བུད་པ་དེ། ང་ལ་མཚོན་ན་འདང་དཔོག་དཀའ་བ་ཞིག་སྟེ། ཀྲི་ཙི་ཡིན་ཡང་རུང་། རང་ཉིད་ཡིན་ཡང་ཆོག བདག་གི་བསམ་པར་ངེད་གཉིས་ནི་ལོ་ན་བཅོ་བརྒྱད་དང་། བཅུ་དགུ་གཉིས་ཀྱི་བར་ནས་ཕར་འཆོང་ཚུར་འཆོང་བྱས་ཏེ་བསྡད་ན་འོས་པ་ལྟ་བུའི་ཚོར་སྣང་ཞིག་འབྱུང་། བཅོ་བརྒྱད་ཀྱི་རྗེས་ནས་བཅུ་དགུ་དང་། བཅུ་དགུའི་རྗེས་སུ་ཡང་བསྐྱར་བཅོ་བརྒྱད། དེ་ལྟར་བསྐྱར་ཟློས་བྱས་ན་ད་གཟོད་འོས་འཚམ་ཡིན་སྣང་འཆར། འོན་ཀྱང་། དོན་དངོས་ཁྲོད་ཁོ་མོ་ལོ་ན་ཉི་ཤུར་བུད་ཅིང་། ང་ཡང་དགུན་ཁ་སླེབས་དུས་ལོ་ན་ཉི་ཤུར་འབུད་དགོས། ཤི་བོ་ཁོ་ན་དུས་རྟག་ཏུ་ལོ་ན་བཅུ་བདུན་བྱས་ཏེ་བསྡད་ཆོག
ཀྲི་ཙིའི་སྐྱེས་སྐར་ནི་ཆར་བ་ཤག་ཤག་འབབ་པའི་ཉིན་ཞིག་སྟེ། བདག་གིས་ཞིན་སའུ་ནས་སྒོང་ཟས་ཤིག་ཉོས་ཤིང་། གློག་འཁོར་ལ་བསྡད་དེ་ཁོ་མོའི་སྡོད་ཤག་ལ་སོང་། གློག་འཁོར་དུ་མི་ཡི་འཚང་ཁ་རྒོད་ཅིང་། གཡོ་སྐྱོམ་བྱེད་དྲག་པས། ཀྲི་ཙིའི་སྡོད་ཁང་དུ་འབྱོར་དུས། སྒོང་ཟས་ལ་ཆག་གྲུམ་ཤོར་ནས། རོམ་གྱི་ཟླུམ་དབྱིབས་ཅན་གྱི་ཟློས་གར་ཁང་ལྟར་གྱུར་འདུག དེ་ལྟ་ནའང་། ངེད་གཉིས་ཀྱིས་སྒེའུ་ཁུང་གི་ཁྲ་ཡོལ་གཡོགས། གློག་སྒྲོན་གཟིམ་ཞིང་འབར་ཞུན་བླངས་ཏེ། སྟ་གོན་བྱས་ཟིན་པའི་ཞག་སྒྲོན་ཉི་ཤུ་བཙུག་ནས་རེ་རེ་བཞིན་མེར་སྒྲོན། དེ་དག་ཡོད་ཚད་འགྲུབ་རྗེས་ད་གཟོད་སྐྱེས་སྐར་ལ་རོལ་བའི་སྣང་བ་ཙམ་ཤར། ངེད་གཉིས་ཀྱིས་ཟ་མ་སྟབས་བདེ་ཞིག་དང་སྒོང་ཟས་ཉུང་ཙམ་ཟས་རྗེས། ཀྲི་ཙིས་རྒུམ་ཆང་ཞིག་ལ་ཁ་བཏོད།
ཀྲི་ཙིས་“ང་ཡང་ལོ་ན་ཉི་ཤུར་བུད་པ་རེད། ངོ་མ་རྣར་མི་འགྲོ་བ་ཞིག་རེད” ཟེར།
ཟ་བཏུང་བྱས་ཚར་རྗེས། ངེད་གཉིས་ཀྱིས་མཉམ་དུ་སྣོད་ཆས་སོགས་གཙང་མར་བཀྲུས་པ་དང་། པང་གཅལ་དུ་བསྡད་ནས་རོལ་མོར་ཉན་ཞོར་རྒུམ་ཆང་ལྷག་འཕྲོ་དེ་འཐུང་། བདག་གིས་ཆང་ཕོར་གང་འཐུང་བའི་དུས་ཡུན་ནང་མོས་བསྟུད་མར་ཆང་ཕོར་དོ་འཐུང་ཟིན།
ཉིན་དེར་ཀྲི་ཙིར་ནམ་རྒྱུན་དང་བསྡུར་ན་སྨྲ་བ་མང་པོ་འདུག བྱིས་དུས་ཀྱི་དོན་དག་དང་། སློབ་གྲྭའི་དོན་དག ཁྱིམ་ཚང་གི་དོན་དག་སོགས་རྫོགས་མཐའ་མེད་པ་ཞིག་གླེང་བྱུང་། མ་ཟད། བཤད་པ་དག་ཀྱང་ཧ་ཅང་ཞིབ་ཚགས་ལྡན། སྒེའུ་ཁུང་ཕྱི་རོལ་ཏུ་ཆར་པ་སྔར་བཞིན་ཤག་ཤག་འཇོ་ཞིང་། དུས་ཚོད་ནི་ཤེས་མེད་ཚོར་མེད་ཀྱིས་མདུན་དུ་སྐྱོད། ཀྲི་ཙི་སྔར་བཞིན་རང་ཉིད་ཀྱི་སྨྲ་བར་གཡེང་འདུག
ཆུ་ཚོད་བཅུ་གཅིག་ལ་སླེབས་ཙ་ན། ང་རང་ཅུང་འདུག་མི་བཟོད་པར་གྱུར། ཀྲི་ཙིའི་སྨྲ་བ་བསྟུད་མར་དུས་ཚོད་བཞི་ལྷག་ལ་མ་ཆད། གློག་འཁོར་གཏོང་ཐེངས་ཐ་མ་ཡང་འགྲོ་ལ་ཉེ་བས། བདག་གིས་ཕྱོགས་གཅིག་ནས་ཁོ་མོར་ཡིད་ཚིམས་པ་ཞིག་ལབ་ཏུ་འཇུག་འདོད་ལ། ཕྱོགས་གཅིག་ནས་མོའི་བཤད་མཚམས་བཞག་ན་ཅི་མ་རུང་སྙམ་ནས་ཅི་བྱ་གཏོལ་མེད་དུ་གྱུར། བདག་གིས་ཡུད་ཙམ་ལ་ཐེ་ཚོམས་བྱས་མཐར་ཁོ་མོའི་སྨྲ་སྒོ་འགོག་པར་ཐག་བཅད། དྲང་མོར་བཤད་ན་དེ་རིང་མོས་དངོས་གནས་སྐད་ཆ་མང་པོ་ལབ་བྱུང་།
བདག་གིས“འཕྱི་དྲག་པས་ང་ཡང་འགྲོ་རན་འདུག”ཅེས་བཤད་པ་དང་། མུ་མཐུད་དུ“ཉིན་འགའི་རྗེས་སུ་བསླར་ཡང་ཁྱེད་ལ་སྐོར་རྒྱག་ཏུ་ཡོང་”ཞེས་བཤད།
འོན་ཀྱང་། བདག་གི་སྐད་ཆ་དེ་ཧ་ལམ་ཀྲི་ཙིས་མ་ཚོར་པའམ། ཡང་ན། ཚོར་ཡང་གོ་དོན་མ་གཏོགས་པ་ནང་བཞིན། མོས་མིག་བཙུམ་ཙམ་བྱས་རྗེས། བསླར་ཡང་བཤད་འགོ་བརྩམས། ང་རང་འུ་ཐུག་ནས་རང་ཉིད་ཀྱི་ཐོག་མའི་བསམ་ཚུལ་དག་རིང་དུ་དོར་ནས། ཐ་མག་གཟིམས། གང་ལྟར། ཚད་འདིར་སླེབས་པས། ཁོ་མོར་ཡིད་ཚིམས་པ་ཞིག་བཤད་དུ་བཅུག་ན་ལེགས། རྗེས་ཀྱི་དོན་རྣམས་སྐབས་བསྟུན་བྱེད་ཆོག་བསམ།
རེད་དེ། སྐབས་དེར་ཀྲི་ཙིས་ཁ་བརྡའི་རྒྱུན་མ་བསྐྱངས། བདག་གིས་ཉམས་འཇོག་དུས། མོས་སྔ་མོ་ནས་བཤད་མཚམས་བཞག་འདུག མཚམས་ཆད་པའི་སྨྲ་བ་དག གཅུས་ནས་ལྷུང་བའི་དངོས་ཟོག་ག་གེ་མོ་ཞིག་དང་འདྲ་བར་མཁའ་དབུགས་ཀྱི་བར་སྟོང་རེ་རེར་རྒྱུ་བའི་ཉམས་སྣང་སྟེར། དོན་གྱིས་མོའི་སྨྲ་བ་རྫོགས་པ་མིན་པར་གློ་བུར་དུ་བོར་བརླག་ཤོར་པ་འདྲ། སྤྱིར་ན་མོས་ཧུར་བརྩོན་གྱིས་བཤད་འཕྲོ་སྐྱོང་གྲབས་བྱས་མོད། སྐད་ཆ་དག་སྔ་མོ་ནས་གར་སོང་ཆ་མེད་དུ་གྱུར་ཞིང་། ཅི་ཞིག་གིས་གཏོར་བརླག་བྱས་ཚར་ཟིན། མོའི་མིག་ཟུང་སྐྱ་ཐང་ཐང་དུ་སྣང་། ཕར་བལྟས་ཚོད་ཀྱིས་ཤུན་ལྤགས་སྲབ་མོ་ཞིག་གིས་གཡོགས་འདུག་པ་དང་འདྲ། སྐབས་དེར་བདག་ལ་རང་ཉིད་ཀྱིས་དོན་ངན་ཅི་ཞིག་བསྒྲུབས་སོང་པའི་སྣང་བ་བྱུང་།
བདག་གིས་ “བསམ་བཞིན་ཁྱེད་ཀྱི་བཤད་མཚམས་གཅོད་འདོད་པ་མིན” ཅེས་ཚིག་འབྲུ་རེ་རེ་ནན་བཤད་བྱས་ཤིང་། མུ་མཐུད་དུ“དངོས་གནས་འཕྱི་དྲག་པས་་་་་་ཡང་གཅིག་བཤད་ན་་་་་”
མིག་ཆུའི་ཕྲེང་ལྡོག་འགའ་མོའི་མཁུར་མགོ་བརྒྱུད་ནས་མགྱོགས་མྱུར་ངང་སྒྲ་ཕབ་ཀྱི་ཤུབས་སྟེང་ལ་ཟེགས། དེ་མུར་ཆུ་མིག་རྡོལ་པ་བཞིན་འགོག་ཐབས་བྲལ། ཁོ་མོས་ལག་པ་གཉིས་མཐིལ་ཤིང་ལ་ཁེན་ཙམ་བྱས་ནས་སྐྱུག་པ་ལྟར་གཞི་ནས་ངུས་བྱུང་། བདག་གིས་ལག་པ་བསྲིངས་ནས་ཁོ་མོའི་དཔུང་པར་དལ་གྱིས་རྡེབ་ཙམ་བྱས་པར། དཔུང་པ་དེ་ཚད་མཐོན་པོས་ལྕུགས་འདར་བྱེད་ཀྱིན་པ་ཚོར། དེར་མཐུད་ནས། ང་རང་རང་དབང་མེད་པར་ཁོ་མོར་དམ་པོར་འཇུས། མོས་བདག་གི་པང་དུ་ངུ་ཤུམ་བྱས་པས། མིག་ཆུ་དང་ཁ་རླངས་ཀྱིས་བདག་གི་ཚི་ལེན་རློན་པར་བཏང་། ཀྲི་ཙིའི་ལག་པ་བདག་གི་སྒལ་བ་ནས་ཡར་འདྲུད་མར་འདྲུད་བྱེད་ཅིང་། ཅི་ཞིག་འཚོལ་བཞིན་པའི་ཉམས་སྣང་སྟེར། བདག་གིས་ལག་གཡོན་པས་ཀྲི་ཙིའི་ལུས་ཕུང་བསྐྱོར་ཞིང་། ལག་གཡས་པས་ཁོ་མོའི་ནག་ལ་སྣུམ་པའི་སྐྲ་ལོར་བྱིལ་བྱིལ་བྱེད་ཞོར། ཀྲི་ཙིའི་ངུ་མཚམས་འཇོག་པར་རེ་ཞིང་བསྒུགས་ནའང་ཁོ་མོ་སྔར་བཞིན་ངུས་ནས་རྒྱུན་མ་ཆད།
༦
མཚན་མོ་དེར། ང་རང་ཀྲི་ཙི་དང་མཉམ་དུ་ཉལ། བདག་གིས་དེ་ལྟར་བསྒྲུབ་ན་འགྲིག་མིན་རྟོགས་དཀའ་མོད། དེ་ལྟར་བྱེད་པ་ལས་བྱ་ཐབས་གཞན་ཅི་ཞིག་ཡོད་དམ།
བདག་གིས་ཡུན་རིང་ཞིག་ལ་བུད་མེད་དང་ལུས་འབྲེལ་མ་བྱས། ཁོ་མོར་མཚོན་ན་ཐེངས་དང་པོ་ཡིན་འདུག བདག་གིས་ཁོང་དང་ལུས་འབྲེལ་མི་བྱེད་དོན་ག་རེ་ཡིན་ཚུལ་དྲིས་པར། ཀྲི་ཙིས་བདག་ལ་དམ་པོར་འཇུས་པའི་ལག་པ་ལྷོད་ནས། སྒེའུ་ཁུང་ཕྱི་རོལ་ཏུ་རྒྱང་ལྟ་བྱེད་ཞོར་ང་ལ་རྒྱབ་གཏད་ནས་ཉལ་པ་ལས་ལན་ཅི་ཡང་གནང་མ་བྱུང་། དོན་གྱིས། དེ་ནི་དྲི་བ་འོས་འཚམ་ཞིག་མ་ཡིན་པ་བདག་གིས་ད་གཟོད་རྟོགས་བྱུང་། ངས་གནམ་གཅལ་ལ་ཅེར་ནས་དུ་བ་རྔུབ་འཐེན་བྱས།
སྐྱ་རེངས་ཤར་དུས། ཆར་བ་སྔོ་མོ་ནས་འབབ་མཚམས་བཞག་འདུག ཀྲི་ཙིས་བདག་ལ་རྒྱབ་གཏད་ནས་ཉལ་འདུག མདང་དགོང་མཚན་གང་བོར་ཁོ་མོར་གཉིད་ཡོང་མེད་ཀྱང་སྲིད། རེད་དེ། ང་ལ་མཚོན་ན་དེར་སྣང་དོག་ཅི་ཡང་མེད། ལོ་གཅིག་སྔོན་གྱི་ལྷིང་འཇགས་དེ་ཡང་བསྐྱར་ཁོ་མོའི་སྟེང་ལ་བབས་འདུག བདག་གིས་མོའི་ཕྲག་མགོར་བལྟས་ནས་ཡུད་ཙམ་བསྡད་རྗེས། ཅི་བྱ་གཏོལ་བྲལ་གྱི་ངང་ཡར་ལངས།
ཁང་པའི་ནང་མདང་ནུབ་དང་འགྱུར་ལྡོག་ཅི་ཡང་མེད། ཟས་ཅོག་སྟེང་ལྷག་འཕྲོར་གྱུར་པའི་སྒོང་ཟས་ཕྱེད་ཀ་དེ་སྔར་བཞིན་གནས། མདུན་ཅོག་ཏུ་ཚིག་མཛོད་དང་ཧྥ་ཡིག་གི་བྱ་ཚིག་རེའུ་མིག་ཅིག་ཡོད་ཅིང་། གྱང་ངོས་སུ་པར་རིས་མེད་པའི་ལོ་ཐོ་ཞིག་བཀལ་འདུག དེར་ཨང་ཀི་ཙམ་ལས་ཡི་གེ་དང་བརྡ་རྟགས་ཅི་ཡང་མེད་པར་དཀར་བོང་བོང་དུ་སྣང་། ཚད་དེ་ནི་དུས་ཚོད་ལ་མདུན་སྐྱོད་མེད་པར་སྔར་གནས་སུ་གཏན་དུ་བསྡད་པ་དང་ཀུན་ནས་མཚུངས།
བདག་གིས་མཐིལ་ཤིང་དུ་རང་དགར་ཕུད་པའི་ལྭ་བ་དག་བླངས་ནས་གྱོན། ཚི་ལེན་གྱི་བྲང་གཞུང་སྔར་བཞིན་རློན་ནས་འཁྱག་སིབ་སིབ་ཏུ་སྣང་། ཉེ་སར་བླངས་ནས་སྣོམ་ཙམ་བྱས་པར། ཀྲི་ཙིའི་ལུས་ཀྱི་དྲི་བསུང་གིས་བདག་གི་དྲི་འཛིན་བུ་ག་བརྟོལ་ནས་ལྡང་འོང་། བདག་གིས་མགྱོགས་ཙམ་ང་ལ་ཁ་པར་གཏོང་རོགས་ཞེས་པའི་ཤོག་བྱང་ཞིག་བཞག་རྗེས། སྒོ་ག་ལེར་གཏན་ནས་ཕྱིར་བུད།
གཟའ་འཁོར་གཅིག་ལྷག་རྒལ་ན་ཡང་ཀྲི་ཙིས་ཁ་པར་མ་ཐོན། ཁོ་མོ་སྡོད་སའི་གཞིས་ཁང་དེས་ཁ་པར་ཐོན་བརྡ་མི་གཏོང་པས། བདག་གིས་འཕྲིན་ཡིག་རིང་པོ་ཞིག་སྤྲིངས་པ་ཡིན། འཕྲིན་ཡིག་ཏུ་ངས་རང་ཉིད་ཀྱི་བསམ་ཚུལ་དག་སྦ་གསང་མེད་པར་བརྗོད་ཡོད། ནང་དོན་མདོར་བསྡུས་ན་འདི་ལྟ་སྟེ། རྩོལ་བ་ཅི་ལྟར་བྱས་ཀྱང་། དོན་དག་མང་པོ་ཞིག་ལ་བདག་གིས་ད་དུང་འདང་ཕོག་དཀའ། ཡོད་ཚད་རྟོགས་རྒྱུར་ཧ་ལམ་དུས་ཚོད་ངེས་ཅན་ཞིག་དགོས་ཚོད་འདུག དུས་ཡུན་ངེས་ཅན་ཞིག་སྤྱད་པའི་དབང་དུ་བཏང་རུང་། ངས་འབྱུང་འགྱུར་གྱི་རང་གི་གནས་བབ་ལ་ཚོད་སྒམ་བྱེད་ཐབས་བྲལ། རེད་དེ། བདག་གིས་གང་དེའི་གཏིང་ཟབ་སར་མནོ་བསམ་མི་གཏོང་པར་བརྩོན་གྱིས་ཡོད། གལ་སྲིད་མུ་མཐུད་དུ་ཕུ་འདེད་བྱས་ཚེ། འཇིག་རྟེན་འདིའི་རྟོགས་དཀའ་བའི་འགྱུར་ལྡོག་མོད་པོ་ཞིག་གི་ངོ་བོ་མཐོང་ངེས་ལ། དེ་ལྟར་བྱས་པའི་མཇུག་འབྲས་ལ་ངས་རང་ཉིད་ཀྱི་འདོད་བློ་མང་པོ་ཞིག་ཉེ་འཁོར་གྱི་སྐྱེ་བོ་དག་ལ་བཙན་གྱིས་སྦྱོར་སྲིད། ཏག་ཏག་ང་ལ་མཚོན་ན། སུ་ལ་ཡང་མི་འདོད་པའི་བསམ་སྦྱོར་སྤེལ་འདོད་མེད། ད་ལྟ་བདག་གིས་ཏན་ཏན་ཁྱེད་རང་མཐོང་འདོད། རེད་དེ། བདག་གིས་སྔོན་ཆད་བཤད་པ་བཞིན། རང་ཉིད་ཀྱི་འདོད་བློ་འདི་འགྲིག་མིན་བརྡར་ཤ་གཅོད་ཐབས་བྲལ།
ཟླ་བདུན་པའི་ཟླ་འགོར། ཀྲི་ཙིའི་འཕྲིན་ལན་ཞིག་འབྱོར་བྱུང་། དེ་ནི་འཕྲིན་ཡིག་ཐུང་ཐུང་ཞིག་རེད།
བདག་གིས་གནས་སྐབས་སུ་ལོ་གཅིག་ལ་སློབ་བསྐྱུར་ངལ་གསོ་བྱེད་རྒྱུར་སེམས་ཐག་བཅད་ཟིན། གནས་སྐབས་ཞེས་བཤད་ཀྱང་། དོན་གྱིས་ཕྱིར་སློབ་ཆེན་འགྲིམས་པའི་ཕུགས་མདུན་མངོན་འགྱུར་བྱུང་ཐུབ་མིན་བཤད་ཁག་པོ་རེད། དེའི་ཕྱིར། སློབ་བསྐྱུར་ངལ་གསོ་བྱེད་པ་དེ་འགྲོ་རིམ་ཙམ་ཡིན། སང་ཉིན་གཞིས་ཁང་ཡང་ཕྱིར་སྤྲོད་བྱེད་འཆར་ཡོད། ཉིད་ཀྱིས་ཕལ་ཆེར་དོན་འདི་གྲ་སྒྲིག་མེད་པའི་སྤྱོད་ཚུལ་ཞིག་ཏུ་སྒོམ་སྲིད་མོད། དོན་གྱིས་འདི་ནི་བདག་གིས་ཡུན་རིང་ལ་མནོ་བསམ་བཏང་པའི་ཐག་གཅོད་ཅིག་ཡིན། ཐག་གཅོད་འདི་ཐེངས་འགར་ཁྱེད་ལ་དངོས་སུ་བཤད་གྲབས་བྱས་མོད། ཐེངས་རེ་བཞིན་སྨྲ་བ་འགག་ནས་བརྗོད་ཐུབ་མ་སོང་། དྲང་མོར་བཤད་ན་བདག་གིས་དོན་འདི་ཁྱེད་ལ་བཤད་རྒྱུར་ཤིན་ཏུ་སྐྲག
དོན་དག་མང་པོ་ཞིག་ལ་ཉིད་ཀྱིས་སྣང་དག་བྱེད་མི་དགོས། ཅི་ཞིག་བྱུང་ཟིན་ཡང་རུང་། མ་བྱུང་ཡང་ཆོག ངས་བསམ་ན་མཇུག་འབྲས་ལ་སྔར་བཞིན་འགྱུར་ལྡོག་འབྱུང་མི་སྲིད། འདི་ལྟར་བརྗོད་ན་ཉིད་ཀྱི་སེམས་ལ་རྨ་ཁ་བཟོ་ཡང་སྲིད། གལ་སྲིད་དེ་འདྲ་ཡིན་ཚེ། བདག་གིས་ཁྱེད་ལ་དགོངས་དག་ཞུས་པ་ཡིན། ངས་བཤད་འདོད་པ་ནི། ཉིད་ཀྱིས་བདག་ལ་ཅི་ཞིག་བྱས་སོང་སྙམ་ནས་ལེ་བདའ་བྱེད་མི་དགོས་ཟེར་པ་དེ་ཡིན། ཡང་གཅིག་བཤད་ན། འདི་དག་ཡོད་ཚད་ང་རང་ཉིད་ཀྱིས་དང་ལེན་བྱེད་འོས་པ་ཞིག་རེད། རྒྱུ་མཚན། ཉིད་ལ་དཀའ་ལས་གཏད་འགྲོ་བསམ་ནས། ལོ་གཅིག་གི་རིང་འདིར། ངས་ཡང་དང་བསྐྱར་དུ་ཁྱེད་ལ་བཤད་རྒྱུ་ཕྱིར་འགྱངས་བྱས་པས་མཐའ་འབྲས་འདི་བྱུང་པ་ཡིན་སྲིད། གོ་ཐོས་ལ་ཅིན་ཏུའུ་རི་ཁུལ་དུ་ལུས་གསོ་ཁང་ཞིག་ཡོད་པར་བཤད། ང་རང་གནས་དེར་སོང་ནས་ཡུད་ཙམ་སྡོད་འཆར་ཡོད། གནས་དེ་སྤྱིར་བཏང་གི་སྨན་ཁང་ལྟ་བུ་མིན་པར། རང་དབང་གི་ལུས་གསོ་ཁང་ཞིག་ཡིན་འདུག ཞིབ་ཕྲའི་གནས་ཚུལ་ཐེངས་རྗེས་མར་ལབ་འོང་། ད་ལྟའི་བདག་ལ་མཚོན་ན། འཕྲིན་ཡིག་འབྲི་རྒྱུ་ཡང་ཁག་པོ་རེད། འདི་ཡང་སྔ་ཕྱིར་ཐེངས་བཅུ་ལྷག་ལ་ཡང་དང་བསྐྱར་དུ་དག་བཅོས་བྱས་པ་ཡིན། ལོ་གཅིག་ལྷག་ལ་ཉིད་ཀྱིས་བདག་ལ་འགྲོ་རོགས་འདུག་རོགས་བྱས་པར། ངས་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཞུས་པ་ཡིན། འདི་ལ་ཉིད་ཀྱིས་ཡིད་ཆེས་བྱེད་རོགས། སྐབས་སུ་འདི་ཙམ་གྱིས་མཐུས་པར་བྱ། ཉིད་ཀྱིས་གནང་པའི་སྒྲ་ཕབ་ལ་བདག་གིས་རྒྱུན་དུ་ཉན་བཞིན་ཡོད་པར་མ་ཟད། གཅེས་སྤྲས་ཀྱང་བླ་ལྷག་བྱས་པ་ཡིན།
འགྱུར་ལྡོག་ཆེ་བའི་ཁྲ་ཁྲ་རིག་རིག་གི་འཇིག་རྟེན་འདིར་གལ་སྲིད་ངེད་གཉིས་ཡང་བསྐྱར་འཕྲད་པའི་གོ་སྐབས་རེ་ལྡན་ན། སྐབས་དེར་ངེད་གཉིས་ཀྱིས་གཏམ་གྱི་སྣང་བ་རླུང་ལ་སྐུར་ཆོག་པར་སེམས།
སླར་མཇལ།
འཕྲིན་ཡིག་འདི་བདག་གིས་ཐེངས་བརྒྱ་ཕྲག་ལ་བཀླགས་པ་ཡིན། བཀླག་ཐེངས་རེར་ངའི་སེམས་པ་སྐྱོ་བས་མནར་འགྲོ། ཚུལ་དེ་ནི། ཀྲི་ཙིས་གཡོ་བ་མེད་པར་བདག་ལ་ཅེར་ནས་འདུག་སྐབས་ཅི་བྱ་གཏོལ་བྲལ་གྱི་སྐྱོ་སྣང་ཞིག་སྐྱེ་བ་དེ་དང་ཀུན་ནས་མཚུངས། དེ་ལྟའི་སེམས་ཁམས་དེར་བདག་གིས་ཕྱིར་བྱོལ་བྱེད་ཐབས་བྲལ་ལ། ནང་སེམས་ཀྱི་གྲུབ་ཚུལ་ཞིག་ཏུ་ཡང་སྒོམ་ཐབས་བྲལ། དེ་ནི་རང་དགར་རྒྱུ་བའི་རླུང་བུ་བཞིན་གཏན་ཚིགས་ཀྱིས་དབེན་ཞིང་། ལྗིད་ཚད་མེད་ལ། རང་ཉིད་ཀྱི་ལུས་སྟེང་དུ་གཡོགས་འདོད་ཀྱང་མི་སྲིད་པ་ཞིག་གོ། ཡུལ་ལྗོངས་ནི་བདག་གི་མིག་མདུན་ན་ག་ལེར་རྒྱུ་ཡང་། དེའི་སྨྲ་བརྗོད་དག་ཐོས་འཛིན་དུ་ལེན་ཐབས་བྲལ།
གཟའ་སྤེན་པའི་མཚན་མོ་སླེབས་ཐེངས་རེར། ང་རང་སྔར་བཞིན་སྒོ་འགྲམ་གྱི་རྐུབ་སྟེགས་སུ་བསྡད་ནས་དུས་ཚོད་འཆོལ་ཐབས་བྱས་པ་ཡིན། བདག་གིས་རང་ལ་ཁ་པར་ཡོང་མི་སྲིད་པ་ཤེས་མོད། འདི་ལྟར་སྡོད་རྒྱུ་ལས་བྱ་ཐབས་བྲལ། བདག་གིས་རྟག་ཏུ་བརྙན་འཕྲིན་ལས་དབྱུག་རྩེད་སྤོ་ལོ་བརྒྱུད་བསྒྲོགས་ཀྱི་ལེ་ཚན་ལ་རྣམ་གཡེང་དང་བཅས་གཟིགས། བདག་གིས་བརྙན་འཕྲིན་འཕྲུལ་ཆས་དང་ངེད་ཀྱི་བར་ཐག་དེ་བར་སྟོང་གཉིས་སུ་སྒོམ། དེ་ཡང་ཉིས་ཆའི་གཅིག་ཏུ་དབྱེ། དེ་ཡང་རིམ་བཞིན་དབྱེ་ནས་མཐར་ཐལ་ལྕགས་ལྟ་བུའི་བར་སྟོང་དུ་མར་བགོས།
དུས་ཚོད་བཅུ་ལ་སླེབས་མ་ཐག བརྙན་འཕྲིན་གཟིམས་ཤིང་། ཕྱིར་མལ་ཁང་དུ་ལོག་ནས་གཉིད་པ་ཡིན།
༧
ཟླ་མཇུག བདག་གི་མལ་གྲོགས་ཀྱིས་ང་ལ་སྲིན་འབུ་མེ་ཁྱེར་ཞིག་ལེགས་སྐྱེས་སུ་གནང་།
སྲིན་འབུ་མེ་ཁྱེར་དེ་སའོ་རོང་ཁོ་ཧྥེ་ཡི་ཤེལ་དམ་ཞིག་ཏུ་བཅུག ནང་དུ་རྩྭ་ལོ་དང་ཆུ་ཉུང་ཙམ་བླུགས། ཁ་ལེབ་ལ་ཨུ་ཁུང་མང་ཙམ་བཏོད་འདུག མུན་རུབ་མེད་པས་རྒྱུན་ལྡན་གྱི་མདོག་ནག་པོའི་འབུ་སྲིན་ཞིག་ཏུ་སྣང་ཡང་། ངེས་པ་དོན་གྱི་སྲིན་འབུ་མེ་ཁྱེར་རེད་དོ།། སྲིན་འབུ་མེ་ཁྱེར་དེ་འོད་ཆེམ་ཆེམ་གྱི་ཤེལ་དམ་ངོས་ནས་ཡར་འཛེགས་པར་བརྩོན་མོད། འཛེགས་ཐེངས་རེར་ཕྱིར་ལྷུང་འགྲོ། བདག་གིས་ཡུན་རིང་ཞིག་ལ་འདི་ལྟར་སེམས་གནད་ལ་ཕབ་ནས་སྲིན་འབུ་མེ་ཁྱེར་ལ་བལྟས་མ་མྱོང་།
“ཉེ་འཁོར་གྱི་མགྲོན་ཁང་དེས་མགྲོན་པོ་འགུག་ཆེད། དབྱར་ཁ་སླེབས་པ་དང་སྲིན་འབུ་མེ་ཁྱེར་བཏང་པ་ཡིན་སྲིད། ཕྱོགས་དེ་ནས་འཕུར་ཡོང་སྟེ་ར་བའི་ནང་བབས་འདུག” ཁོས་དེ་ལྟར་ཟེར་ཞོར་ཡུལ་སྐོར་འདྲུད་སྒམ་ཞིག་ཏུ་ལྭ་བ་དང་དཔེ་ཆ་སོགས་སྡུད་གསོག་བྱས། དབྱར་གནང་བཏང་ནས་གཟའ་འཁོར་འགའ་འདས་མོད། ང་དང་ང་ལྟ་བུའི་རིགས་ཀྱིས་ད་དུང་འདི་ལྟར་མལ་ཁང་སྲུང་ནས་བསྡད་ཡོད། ང་ལ་མཚོན་ན་ཁྱིམ་དུ་ལོག་འདོད་མེད་པས་ཡིན། ཁོར་མཚོན་ན་དངོས་སྦྱོང་བྱེད་དགོས་པས་སོ།། ད་ལྟ་ཁོའི་དངོས་སྦྱོང་གི་བྱ་བ་མཇུག་རྫོགས་ནས་ཁྱིམ་དུ་ལོག་རྒྱུར་ལྟ་གོན་བྱེད་ཀྱིན་འདུག
ཁོས་ཡང་བསྐྱར“བུད་མེད་ཅིག་ལ་ལེགས་སྐྱེས་སུ་བྱིན་དང་ཏན་ཏན་དགའ་ངེས”ཟེར།
དེ་ལ་བདག་གིས“ཐུགས་རྗེ་ཆེ”ཞུས།
ཉི་མ་ནུབ་སྟེ་མུན་རུབ་རྗེས། ར་བའི་ནང་ཤིན་ཏུ་ལྷིང་ཞིང་འཇགས། ཟ་ཁང་གི་སྒེའུ་ཁུང་ནས་གློག་འོད་མཆེད་ཡོང་། ད་ལྟ་སློབ་མ་ཉུང་དུ་ཕྱིན་འདུག་པས། ཟ་ཁང་གི་གློག་སྒྲོན་ཡང་ཕྱེད་ཙམ་ལས་འབྱེད་མེད། དེ་བས། གཡས་ཕྱོགས་ནག་ཐང་ཐང་དུ་སྣང་ལ། གཡོན་ཕྱོགས་དཀར་བོང་བོང་བྱེད། དགོང་ཟས་ཀྱི་དྲི་ཞིམ་གཉོམ་པོ་ཞིག་ཕྱོགས་བཞིར་མཆེད་འདུག་ཅིང་། དེ་ནི་འོ་སྤྲི་སྐོལ་པའི་དྲི་བསུང་རེད།
བདག་གིས་སྲིན་འབུ་མེ་ཁྱེར་བཅུག་པའི་སའོ་རོང་ཁོ་ཧྥེའི་དམ་བུ་དེ་ཁྱེར་ནས་ཁང་པའི་ཡང་སྟེང་དུ་སོང་། གནས་དེར་མི་ཡི་གྲིབ་མ་ཙམ་ཡང་མི་སྣང་། སུ་ཞིག་གིས་བརྗེད་ངོས་སུ་གྱུར་པའི་སྟོད་ལྭ་དཀར་པོ་ཞིག་ད་དུང་ཐགས་སུ་ལྷག་འདུག་པ་ནི། རྣམ་ཤེས་བྲལ་པའི་རོ་ཤུན་བཞིན་རླུང་གིས་ཕར་སྐྱོད་ཚུར་སྐྱོད་བྱེད་ཀྱིན་འདུག ངས་གྲུ་ཟུར་གྱི་ལྕགས་སྐས་དེད་ནས་ཆུ་འགོག་སྟེགས་བུའི་ཡང་སྟེང་དུ་བུད། ཟླུམ་དབྱིབས་ཅན་གྱི་ཆུ་འགོག་སྟེགས་བུ་དེ་ཉིན་མོར་ཚ་དྲོད་ཀྱིས་གཙེས་པས་དྲོད་ལམ་ལམ་བྱེད། ང་རང་གུ་དོག་པའི་གནས་དེར་མར་ཙོག་ནས་ལན་ཀན་ལ་རྒྱབ་གཏད། སྒོར་གཟིགས་སུ་མ་གྲུབ་བའི་སྐྱ་ཐིང་ཐིང་གི་ཟླ་བ་དེ་མིག་མདུན་དུ་ལྷང་ངེར་མངོན། གཡས་སུ་ཞིན་སུའུ་སྲང་ལམ་གྱི་མཛེས་སྡུག་མཐོང་ཐུབ་ལ། གཡོན་དུ་ཁྲི་ཏེའི་མཚན་ལྗོངས་ལ་མྱོང་རོལ་བྱེད་ཐུབ། མོ་ཊའི་མདུན་གློག་དག་གཅིག་ལ་གཅིག་སྦྲེལ་ནས་ཆ་ལྷེམ་ལྷེམ་འོད་ཀྱི་གཙང་བོར་གྲུབ་ནས། སྲང་ལམ་བརྒྱུད་དེ་བར་མཚམས་མེད་པར་བཞུར། སྒྲ་སྒམ་དག་ལས་དབྱངས་འགྲོས་འདྲ་མིན་སྣོལ་ནས་སྟོབས་ཞན་པའི་སྒྲ་རླབས་འཕྱུར་ཏེ། སྤྲིན་དཀར་གྱི་བང་རིམ་བསྒྲིགས་པ་བཞིན་གྲོང་ཁྱེར་གྱི་བར་སྟོང་ན་རྒྱུ།
ཤེལ་དམ་ནང་གི་སྲིན་འབུ་མེ་ཁྱེར་ལ་གསལ་ལ་མི་གསལ་པའི་འོད་ཟེར་འཚེར། འོད་དེ་ནི་གཉོམ་དྲག་ལ། ཚོན་ཁ་ཡང་ཧ་ཅང་མི་གསལ། བདག་གི་དྲན་པའི་ཁྲོད། སུན་འབུ་མེ་ཁྱེར་གྱིས་དབྱར་གྱི་མཚན་མོར་གསལ་ཞིང་གསལ་ལ་མིག་དབང་འཕྲོག་པའི་འོད་ཟེར་སྣ་ཚོགས་སྦྱིན་པའི་འདུ་ཤེས་ཤིག་འདུག
ཕལ་ཆེར། སྲིན་འབུ་མེ་ཁྱེར་འདིའི་དབུགས་ཀྱི་རྒྱུ་བ་འགག་ལ་ཡོད་ཀྱང་སྲིད། ངས་ཤེལ་དམ་གྱི་མགོ་ནས་བཟུང་སྟེ་སྒུལ་ཙམ་བྱས་པར། སྲིན་འབུ་མེ་ཁྱེར་དེས་ནུས་ཤུགས་ཧ་ཅང་ཞན་པའི་ངང་གཤོག་ལྷབ་ཅིག་བྱས་མོད། དེའི་འོད་ནི་སྔར་བཞིན་རེས་གསལ་རེས་མངོན་ཙམ་མོ།།
སྲིན་འབུ་མེ་ཁྱེར་གྱི་འོད་ནི་མ་གཞི་ནས་དེ་འདྲའི་གསལ་པོ་མིན་ཡང་སྲིད། བདག་གིས་ཨུ་ཚུགས་ཀྱིས་རང་ཉིད་ཀྱི་འདོད་ཚུལ་མཐར་ཆོད་བྱེད་པ་ཡིན་ཡང་སྲིད། ཧ་ལམ་བདག་གི་དྲན་པ་ལ་གོ་འཛོལ་བྱུང་པ་ཡིན་ཡང་སྲིད། ཡང་ན། སྐབས་དེར་བདག་གི་ཉེ་འཁོར་གྱི་མཚན་སྨུག་སྟུག་དྲག་པ་ཡིན་ཡང་སྲིད། གང་ལྟར། ད་ལྟ་བདག་གིས་བདེ་ལེགས་ངང་ཕྱིར་དྲན་བྱེད་ཐབས་བྲལ་ལ། ཐ་ན་མཇུག་མཐའི་སྲིན་འབུ་མེ་ཁྱེར་མཐོང་ཐེངས་དེ་ནམ་ཚོད་ཡིན་པ་ཡང་བརྗེད་ཟིན།
བདག་གིས་དྲན་ཐུབ་པ་ནི་མཚན་མོའི་ཆུ་བོའི་ཤག་ཤག་གི་བཞུར་སྒྲ་དང་། སོ་ཕག་གིས་གྲུབ་པའི་ཆུ་སྒོ་རྙིང་པ་ཙམ་མོ།། དེ་ནི་ཡར་གཅོད་མར་ལེན་བྱེད་དགོས་པའི་ལག་སྤྱོད་ཆུ་སྒོ་ཞིག་སྟེ། ཆུ་བོ་ཆེ་རྒྱུ་མེད་ཅིང་། བཞུར་རྒྱུན་ཡང་དྲག་པོ་མིན། ཆུ་འགྲམ་གྱི་རྩྭ་སྔོན་གྱིས་ཧ་ལམ་ཆུ་བོའི་བཞུར་རྒྱུན་སྒྲིབ་འདུག ཕྱོགས་བཞིར་མུན་པ་སྟུག་ཅིང་། ཆུ་སྒོའི་རྫིང་ཆུའི་མཁའ་མཐའ་རུ། སྲིན་འབུ་མེ་ཁྱེར་བརྒྱ་ཕྲག་དུ་མ་འདུས། གསེར་མདོག་གི་འོད་ཟེར་དེ་དྲག་ཏུ་འབར་པའི་སྐར་མེ་བཞིན་ཆུ་ངོས་སུ་རྒྱུ། རེད་དེ། རྣམ་པ་འདི་དུས་ནམ་ཞིག་ལ་ཡུལ་གང་ཞིག་ནས་བྱུང་པ་བདག་གི་དྲན་པའི་ཀློང་ལ་འཁོར་མ་བྱུང་།
དེང་སྐབས། ངའི་དྲན་པའི་ཁྲོད་ཀྱི་འདས་དོན་མང་པོ་ཞིག་སྔ་ཕྱི་འཁྲུག་ཅིང་། གོ་རིམ་འཆོལ་འདུག
བདག་གིས་མིག་ཟུང་བཙུམ་ཞིང་དངན་པ་རིང་པོ་ཞིག་འཐེན་དེ་སེམས་ལྷོད་ལ་འབབ་ཐབས་བྱས། རང་ཉིད་ཀྱི་ལུས་ཕུང་དེ་དབྱར་གྱི་མཚན་ལྗོངས་སུ་འཐིམ་བཞིན་པའི་ཚོར་སྣང་སྟེར། རེད་ཡ། མུན་རུབ་རྗེས་ཆུ་འགོག་སྟེགས་བུའི་སྟེང་བུད་པ་དེ་ཐེངས་དང་པོ་ཡིན། རླུང་བུ་ལྡང་པའི་སྒྲ་ནི་ནམ་རྒྱུན་ལས་གསལ་ཞིང་བདག་གི་ཐོས་འཛིན་གྱི་ཉེ་ས་ན་དལ་གྱིས་རྒྱུ། རླུང་བུའི་ལྡང་ཤུགས་མི་ཆེ་ནའང་བདག་གི་གམ་ནས་རྒྱུ་དུས་མངོན་གསལ་གྱི་རྗེས་ཤུལ་ཕབ་བྱུང་། མཚན་སྨུག་གིས་ཞི་འཇམ་དང་ལྷོད་གཡང་ངང་ཁོར་ར་ཁོར་ཡུག་སྒྲིབ་པར་བྱས། གྲོང་ཁྱེར་ཆེན་པོའི་འཇའ་ཚོན་གློག་བཞུ་དེ་ཇི་འདྲའི་མཛེས་ནའང་། མཚན་མོས་སྔར་བཞིན་རང་ཉིད་ཀྱི་གཡུལ་ས་བརྟན་སྲུང་བྱེད།
བདག་གིས་ཤེལ་དམ་གྱི་ཁ་ལེབ་འབྱེད་ཅིང་། སྲིན་འབུ་མེ་ཁྱེར་བླངས་ནས། ཆུ་འགོག་སྟེགས་བུའི་ཉེ་འདབ་ཀྱི་ལི་སྨི་གསུམ་གྱི་མཚམས་ལ་བཞག སྲིན་འབུ་མེ་ཁྱེར་དེས་ད་དུང་རང་ཉིད་ཀྱི་གནས་བབས་རྟོགས་ཀྱིན་མེད་པ་འདྲ། འཁྱར་འཁྱོར་ངང་གཅུས་གཟེར་ཞིག་ལ་སྐོར་བ་བྱེད་ཀྱིན་འདུག མཐར་འབུར་ལ་ལོག་པའི་རྨ་ཤུལ་ལྟ་བུའི་རྩི་ཤུན་ཞིག་གི་སྟེང་དུ་འགྲེང་ཞིང་གཡས་ཕྱོགས་སུ་ནུར་ཙམ་བྱས། མུ་མཐུད་དུ་མདུན་ཕྱོགས་སུ་སྐྱོད་ཐབས་བྲལ་པ་རྟོགས་རྗེས། གཡོན་ཕྱོགས་སུ་དཀྱོགས་ཤིང་དུས་ཡུན་ངེས་ཅན་ཞིག་སྤྱད་ནས་གཅུས་གཟེར་གྱི་ཡང་སྟེང་ལ་བུད། དེ་རུ་ཤིང་དུམ་ཞིག་དང་འདྲ་བར་ཡུན་རིང་ལ་གྲགས་མེད་འགུལ་མེད་དུ་བསྡད་འདུག ཕར་བལྟས་ཚོད་ཀྱིས་དབུགས་རྒྱུན་ཆད་ཟིན་པ་དང་མཚུངས།
ང་རང་ལན་ཀན་ལ་ཁེན་ནས་སྲིན་འབུ་མེ་ཁྱེར་དེར་ཞིབ་ལྟ་བྱས། ང་དང་སྲིན་འབུ་མེ་ཁྱེར་གཉིས་དེ་ལྟར་གྲགས་མེད་འགུལ་མེད་ངང་བསྡད། མཚན་མོའི་རླུང་བུ་ཁོ་ན་དྭངས་གཙང་གི་ཆུ་རྒྱུན་བཞིན་ངེད་གཉིས་ཀྱི་བར་མཚམས་ན་རྒྱུ། མུན་ཁྲོད་དུ་ཤིང་སྡོང་གི་ལོ་འདབ་ཕན་ཚུན་བརྡར་བའི་སུར་སྒྲ་ཐོས་ཐུབ།
བདག་གིས་དེ་ལྟར་དུས་ཡུན་རིང་པོ་རིང་པོ་ཞིག་ལ་བསྒུག་ནས་བསྡད།
དུས་ཡུན་རིང་པོ་རིང་པོ་ཞིག་འདས་རྗེས། སྲིན་འབུ་མེ་ཁྱེར་དེ་གཞི་ནས་ཡར་འགྲེང་ཞིང་འཕུར་འགོ་བརྩམས། ཁོས་གློ་བུར་དུ་ཅི་ཞིག་རྟོགས་སོང་བ་ནང་བཞིན། གཤོག་ཟུང་བརྐྱངས་ནས་ལན་ཀན་གྱི་བར་སྟོང་བརྟོལ་ཏེ་འཕུར། ཉམས་ཐག་པའི་འོད་ཟེར་གྱིས་མུན་ནག་གི་ཕུང་བོ་གཤགས། ཁོས་འོད་སྣང་ཁུར་ནས་འགྲོས་མྱུར་པའི་ངང་ཆུ་འགོག་སྟེགས་བུར་ལྡང་སྐོར་རྒྱག་པ་ནི། ཡལ་ཟིན་པའི་དུས་ཚོད་དག་ཕྱིར་ལྡོག་བྱེད་པ་དང་མཚུངས། རླུང་ཤུགས་ཇེ་གཉོམ་དུ་འགྲོ་བར་བསྒུག་ཆེད། ཁོ་ཡང་བསྐྱར་སྡོད་ཙམ་བྱས་རྗེས། གཞི་ནས་ཤར་ཕྱོགས་སུ་འཕུར་སོང་།
སྲིན་འབུ་མེ་ཁྱེར་འཕུར་ཤུལ་གྱི། འོད་ཀྱི་བཞུད་ལམ་དེ་ཡུན་རིང་ཞིག་ལ་ད་དུང་བདག་གི་དྲན་པའི་ངོས་སུ་གནས། ཤུགས་གཉོམ་པའི་འོད་ཐིག་དེ་ཁ་ཕྱོགས་བོར་པའི་རྣམ་ཤེས་བཞིན། སྨུག་རུམ་སྟུག་པའི་མཁའ་དབྱིངས་སུ་ཡར་འཁྱམ་མར་འཁྱམ་བྱེད་ཀྱིན་འདུག
བདག་གིས་མཚན་མོའི་མཁའ་དབྱིངས་སུ་ལག་པ་ཐེངས་འགར་བརྐྱངས་ཀྱང་སོར་རྩེ་ལ་རྩུབ་རེག་བྲལ་ཞིང་། འོད་ཐིག་དེས་ནམ་ཡང་ངའི་སོར་རྩེས་རེག་ཐབས་བྲལ་བའི་གནས་ཤིག་ན་བར་ཐག་བཟུང་འདུག
ཨ་མདོ་སྟག་ཕྲུག་གིས་བསྒྱུར།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།