ན་ཙི་འཇར་མན་གྱི་ཉེན་ཡོལ་པ།
༡༩༣༣ལོར་ཧེ་ཐྲི་ལིས་སྲིད་དབང་བཟུང་པ་ནས་༡༩༤༥ལོའི་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་སྒྲིལ་རག་བར་དུ་མི་གྲངས་འབུམ་ལྔ་ཙམ་འཇར་མན་ནས་བྲོས་བྱོལ་བྱས་ཤིང་། དེའི་ནང་གི་མི་མང་ཆེ་བ་ནི་ཡ་ཧུ་དཱའི་མི་རིགས་རེད། ཡུལ་གྱར་བ་དེ་དག་གི་ཁྲོད་དུ་ལས་རིགས་མི་འདྲ་བའི་མི་སྣ་སྐད་གྲགས་ཅན་མང་པོ་ཡོད་ཅིང་མང་ཆེ་བ་དམག་འཁྲུག་མཇུག་སྒྲིལ་རྗེས་ད་དུང་ཕྱི་རྒྱལ་དུ་ལུས་འདུག དེའི་ཁྲོད་དུ་ཨཱའེན་སི་ཐཱའེན་དང་ཁཱ་ཞི་ལ། ཧྥུ་རོ་དབྱི་ཏི་ལ་སོགས་ཡ་ཧུ་དཱའི་ཤེས་ཡོན་པའི་སྡེ་ཉུང་ཤོས་ནི་དམར་གསོད་ཆེན་པོའི་སྔ་རོལ་དུ་འཇར་མན་ནས་ཐོན་ཏེ་ཉེན་ཡོལ་དུ་ཕེབས་པ་རེད།
འཇར་མན་གྱི་ན་ཙི་ལ་རང་དབང་དང་དཀྱེལ་ཡངས་མེད་ཅེས་ཨཱའེན་སི་ཐཱའེན་གྱིས་གསུངས་མྱོང་།
ཨཱའེན་སི་ཐཱའེན་ནི་ཕུལ་དུ་བྱུང་པའི་དངོས་ཁམས་རིག་པ་ཞིག་ཡིན་ཞིང་། ཆབ་སྲིད་ཐད་ལ་ཡང་ཚོར་བ་ཧ་ཅང་སྐྱེན་པོ་ཡོད་མཁན་ཞིག་ཡིན།
༡༩༣༣ལོའི་ཟླ་༡ཚེས་༣༠་ཉིན་ཧེ་ཐྲི་ལིས་དངོས་སུ་འཇན་མན་གྱི་སྲིད་དབང་བཟུང་པ་དང་འཇན་མན་ན་ཙིའི་དུས་རབས་ཀྱང་དེ་ཤེད་དུ་ཚུགས་པ་རེད། དེ་དང་ཆབས་ཅིག་ཏུ་ཨཱའེན་སི་ཐཱའེན་གྱིས་ཆུང་མ་ཨེར་ཧྲ་ཁྲིད་དེ་འཇར་མན་ནས་ཉེན་ཡོལ་དུ་ཕེབས་ཐུབ་པར་མ་ཟད། ཨ་རིར་འཚམས་འདྲིར་འགྲོ་བའི་ལམ་དུ་ཞུགས་ཐུབ་སོང་།
ཧེ་ཐྲི་ལིས་ན་ཙིའི་ཆེས་མཐོའི་དབང་ཆ་ཧམ་འཕྲོག་བྱས་པ་ནས་བཟུང་ཡ་ཧུ་དཱ་པར་མཐོང་ཆུང་དང་གནོད་འཚེ་བྱེད་མགོ་བརྩམ་པ་རེད། འོན་ཀྱང་། ཁ་ཕྱིར་འཁོར་ནས་བལྟས་ཚེ། དུས་དེ་ཤེད་དུ་དེ་འདྲ་ཚབས་ཆེན་ཞིག་གཏན་ནས་མིན་མོད། ཡིན་ཡང་། ཨཱའེན་སི་ཐཱའེན་གྱིས་ན་ཙིའི་ཉིན་རེའི་གནས་ཚུལ་ལ་དཔྱད་ཀྱིན་དཔྱད་ཀྱིན་ཉེན་ཁ་ཇེ་ཆེ་ཡིན་པ་རྟོགས།
༡༩༣༡ལོར་ཨཱའེན་སི་ཐཱའེན་གྱིས་གྲོགས་པོ་ཞིག་ལ་བསྐུར་བའི་འཕྲིན་ཡིག་གི་ནང་དུ་རང་ངོས་ནས་འཇར་མན་གྱི་རྒྱལ་ཁོངས་དོར་བའི་བསམ་ཚུལ་བྲིས་འདུག་སྟེ། “གྲོས་ཚོགས་འཐོར་བ་དང་དཔལ་འབྱོར་ལ་ཉམས་རྒུད་ཤོར་པ། ན་ཙིའི་ཕྱོགས་ཁག་གིས་དམག་འཁྲུག་སློང་པ་དང་སྤྱི་མཐུན་སྲིད་ཚོགས་ཀྱི་ནུས་པ་ཞན་པ། དེ་དག་ཐམས་ཅད་ལས་རྐྱེན་ངན་བར་ཆད་ཅིག་འབྱུང་བར་ཐེ་མི་ཚོམས་”པས་ཧེ་ཐྲི་ལིས་སྲིད་དབང་མ་བཟུང་གོང་དུ་འཇར་མན་དང་གཏན་དུ་ཁ་འབྲལ་དགོས་པའི་བསམ་བློ་ཞིག་ཨཱའེན་སི་ཐཱའེན་གྱི་རྒྱུད་ལ་སྐྱེས།
ཧེ་ཐྲི་ལིས་སྲིད་དབང་བཟུང་མ་ཐག་འཆར་གཞི་དང་རྩ་འཛུགས་ཡོད་པའི་སྒོ་ནས་ཡ་ཧུ་དཱ་པའི་རིག་གནས་ཀྱི་ཤུགས་རྐྱེན་རྩ་མེད་དུ་བཏང་།༡༩༣༣ལོའི་ཟླ་༣་པའི་ཚེས་༢་ཉིན་ཨཱའེན་སི་ཐཱའེན་དང་ད་དུང་སྒྱུ་རྩལ་པ་དང་རྩོམ་པ་པོ་ཁག་ཅིག་ལ་《མི་རིགས་ལྟ་ཞིབ་པ་》ཞེས་པའི་གཞུང་གཉེར་ཚགས་ཤོག་ངོས་ནས་ན་ཙི་སྲིད་ཚོགས་ཀྱིས་ཁ་རྡུང་ཤུགས་དྲག་བཏང་།
ཨཱའེན་སི་ཐཱའེན་ཉེན་ཡོལ་ལས་ཐར་བའི་རྗེས་སུ་ཨ་རི་ནས་གཏམ་བཤད་སྤེལ་ཏེ།“ང་ལ་ད་དུང་གདམས་གསེས་ཤིག་ཡོད་ཚེ།ང་རང་ཆབ་སྲིད་རང་དབང་ཅན་དང་དཀྱེལ་ཡངས་ཅན། ཁྲིམས་ལུགས་ཀྱི་མདུན་ནས་མི་དང་མིའི་དབར་ལ་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པའི་རྒྱལ་ཁབ་ཅིག་ཏུ་འཚོ་འདུན་ཡོད་ཅིང་།གཏམ་བརྗོད་རང་དབང་དང་ཡིག་ཐོག་ནས་ཆབ་སྲིད་ཀྱི་བསམ་འཆར་སྤེལ་བའི་རང་དབང་ཡང་ཆབ་སྲིད་རང་དབང་གི་ཆ་ཤས་ཤིག་ཡིན་ལ། སྒེར་གྱི་དད་མོས་ལ་བརྩི་འཇོག་བྱེད་པ་ནི་དཀྱེལ་ཡངས་ཀྱི་ཆ་ཤས་ཤིག་ཡིན་ངེས་པས།ཆ་རྐྱེན་འདི་དག་ནི་མིག་སྔར་འཇར་མན་ལ་མེད་དོ།། རྒྱལ་སྤྱིའི་གནས་ཚུལ་ལ་བསམ་ཤེས་བསྟེན་པའི་མི་བུ་དེ་དག་ལ་ལྷག་པར་དུ་ཕོགས་ཐུག་ཆེའོ།།
༡༩༣༣ལོའི་ཟླ་༥པར་དྲིལ་བསྒྲགས་འགན་འཁུར་བ་ཀི་ཕེར ་གྱིས་ངན་སྐུལ་བྱས་ཏེ་འཇར་མན་རྒྱལ་ནང་དུ་“དཔེ་བསྲེགས་ལས་འགུལ་”སྤེལ།སྔོན་མར་སྙན་ངག་པ་ཧཱན་རེ་ཁི་ཧཱན་གྱིས་སྔོན་དཔག་བྱས་པ་ལྟར། དཔེ་ཆ་བསྲེག་པ་ནས་མི་བསྲེག་པའི་བར་ལ་གོམ་གང་ལས་མེད་པའི་ཚད་དུ་ལྷུང་།
འཇར་མན་གཞུང་ཚབ་ཁང་གིས་ཐག་རིང་ཨ་རིར་ཡོད་པའི་ཨཱའེན་སི་ཐཱའེན་ལ་ཕྱིར་འཇར་མན་ལ་ཡོང་དགོས་པའི་བཀའ་བབས་པར། ཁོང་གིས་དང་ལེན་མ་བྱས་པར་མ་ཟད་གྲུར་བསྡད་དེ་ཕྱིར་ཡོ་རོབ་ཏུ་སོང་། ཟླ་༥བའི་ཚེས་༢༦ཉིན་བྷི་ར་སིལ་ཟི་འཇར་མན་གཞུང་ཚབ་ཁང་དུ་ཐོན་ཏེ་ཕྱི་རྒྱལ་དུ་འགྲོ་བའི་ལམ་ཡིག་བརྗེས་པར་མ་ཟད།འཇར་མན་གྱི་རྒྱལ་ཁོངས་དོར་བའི་ཐག་བཅད་དེ་ཡོངས་བསྒྲགས་བྱས།དུས་དེ་ནས་བཟུང་ཨཱའེན་སི་ཐཱའེན་གྱིས་གཏན་དུ་འཇར་མན་དང་འབྲེལ་བ་བཅད།
ཁཱ་ཞི་ལེས། ན་ཙི་འཇར་མན་གྱི་ས་ནས་ང་ཚོས་འཚོལ་སྙེག་ཟེར་བ་ཞིག་གླེང་སར་འགྲོ་ཡི་མེད་ཅེས་གསུངས།
འཇར་མན་གྱི་མཚན་ཉིད་རིག་པ་བ་ཁཱ་ཞི་ལེར་ཡང་ཨཱའེན་སི་ཐཱའེན་དང་འདྲ་བར་ན་ཙི་ལ་རྒྱུས་མངའ་ཧ་ཅང་ཡོད། ཁཱ་ཞི་ལི་ནི་ཁན་ཐི་རིང་ལུགས་གསར་པའི་མཱ་པོའོ་གྲུབ་མཐའི་ཚབ་མཚོན་མི་སྣ་གལ་ཆེན་ཞིག་ཡིན་ཏེ་ 《མཚོན་རྟགས་ཅན་གྱི་མཚན་ཉིད་རིག་པ་》དང་ 《མིའི་རྣམ་བཤད་》སོགས་ཀྱི་རྩོམ་པ་པོ་ཡིན་ཞིང་། ཁོང་ནི་ཡ་ཧུ་དཱ་པ་ཞིག་ཀྱང་ཡིན།
༡༩༣༣ལོའི་དབྱར་ཁར་ཧེ་ཐྲི་ལིས་འཇར་མན་གྱི་སྲིད་དབང་བཟུང་ནས་ཅུང་མ་འགོར་བར་ཁཱ་ཞི་ལིས་ན་ཙིའི་ངོ་བོ་གསལ་གྱི་ལེར་མཁྱེན་སོང་། ན་ཙིས་སྨྱོ་ཧམ་གྱི་བྱ་སྤྱོད་གང་རུང་སྤེལ་ངེས་པ་ལ་ཁོང་གིས་དོགས་པ་སྤུ་རྩེ་ཙམ་ཡང་སྐྱེ་ཡི་མེད།
“ཡ་ཧུ་དཱ་པ་རྩ་མེད་དུ་གཏོང་དགོས་པ་”ནི་ན་ཙི་སྲིད་ཚོགས་ཀྱི་དམིགས་ཡུལ་དངོས་ཡིན་པ་དང་། དམིགས་ཡུལ་དེ་ནི་ནམ་ཡང་བསྒྱུར་བཅོས་བཏང་མ་མྱོང་། འོན་ཀྱང་། ཧེ་ཐྲི་ལིས་སྲིད་དབང་བཟུང་མ་ཐག་གི་བསམ་པ་གང་ཡིན་ཞེ་ན།རང་ཉིད་ཀྱི་དབང་ཆ་དེ་འདྲ་བརྟན་པོ་མིན་པས། རྒྱལ་སྤྱིའི་ཐོག་གི་རང་གི་སྣང་བརྙན་ལ་ངེས་པར་ཡིད་འཇོག་ནན་ཏན་བྱ་དགོས་པས། ཡ་ཧུ་དཱ་པར་བཟུང་པའི་སྲིད་ཇུས་ཀྱང་རྒྱུན་ལྡན་མིན་པར་འགྱུར་ལྡོག་ཆེ། སྐབས་ལ་རེ་གདུག་རྩུབ་ཀྱིས་མནར་གཅོད་བཏང་པ་དང་། སྐབས་ལ་རེ་ཡང་ལྷོད་འཇགས་སུ་འགྲོ་བཞིན་ཡོད་པ་འདྲ།
དེ་ལྟར་དུས་ཡུན་ངེས་ཅན་ལ་ཞི་འཇགས་དལ་ལྷོད་དུ་གནས་པས་ཡ་ཧུ་དཱ་པ་མང་པོར་མགོ་སྐོར་ཐེབས་སོང་། ཁོ་ཚོའི་བསམ་རྒྱུར། ཅུང་མི་འགོར་བར་གནས་ཚུལ་ཇེ་ལེགས་སུ་འགྲོ་ངེས་ཡིན་པ་དང་། ཡང་ན་བཟོད་པས་མི་ཚུགས་པའི་ཚད་དུ་སླེབས་མི་སྲིད་པར་སྙམ།
འོན་ཀྱང་། ཁཱ་ཞི་ལིས་ན་ཙིའི་བྱ་སྤྱོད་ཀྱི་རྩ་འཛིན་དང་རྒྱུན་ལྡན་གྱི་སྣང་ཚུལ་ཁྲོད་ནས་ན་ཙི་རིང་ལུགས་ཀྱི་ངོ་བོ་གསལ་པོར་རྟོགས་ཡོད་དེ། ན་ཙི་རིང་ལུགས་ཀྱི་མཐར་ཐུག་གི་དམིགས་ཡུལ་ནི་གནས་ལུགས་མེད་པའི་སྒོ་ནས་ཡ་ཧུ་དཱ་པ་རྣམས་ལ་གནོད་འཚེ་ཙམ་གཏོང་རྒྱུ་མ་ཡིན་པར་རིགས་རུས་རྩ་མེད་དུ་གཏོང་བསམ་པ་དེའོ།།
ཁཱ་ཞི་ལིས་ཆུང་མར་བཤད་རྒྱུར། “ང་ཚོ་ལྟ་བུའི་མི་ལ་འཇར་མན་ནས་འཚོལ་སྙེག་བྱེད་ས་མེད་ལ་རེ་སྒུག་བྱེད་ས་དེ་བས་མེད་དོ།།”ཡང་བཤད་རྒྱུར།“ངས་ཚོད་དཔག་བྱས་ན་སྲིད་དབང་འདི་ལོ་བཅུར་རྒྱུན་མཐུད་ཐུབ་ཀྱང་། དེའི་བསླངས་པའི་སྡུག་རུལ་གྱི་མཇུག་འབྲས་ནི་ལོ་ངོ་བརྒྱ་དང་ལྔ་བཅུར་རྒྱུན་མཐུད་བྱེད་ངེས།”
༡༩༣༣ལོའི་ཟླ་༥་བའི་ཚེས་༢་ཉིན་ཧེ་ཐྲི་ལིས་འཇར་མན་གྱི་སྲིད་དབང་བཟུང་ནས་ཟླ་བཞི་འགོར་བའི་སྐབས་སུ། ཁཱ་ཞི་ལིས་ཧན་པོའོ་སློབ་ཆེན་གྱི་སློབ་གཙོའི་གོ་གནས་ལས་དགོངས་པ་ཞུས་ཏེ་འཇར་མན་ནས་འཕྲལ་དུ་ཉེན་ཡོལ་ལ་ཕེབས། སྔོན་ལ་དབྱིན་ཇིའི་ཉིའུ་ཅིན་སློབ་ཆེན་དུ་སློབ་ཁྲིད་བྱས་པ་དང་། རྗེས་སུ་རུའེ་ཏན་དང་ཨ་རིར་བསྐྱོད་དེ་སློབ་ཁྲིད་བྱས་ཏེ། ༡༩༤༥ལོར་ནེའུ་ཡོག་ཏུ་སྐུ་གཤེགས།
ཧྥུ་རོ་དབྱི་ཏིས། ཨོ་སི་ཁྲུ་རེ་ཡ་རྒྱལ་ཁབ་ང་དང་བྲལ་བ་རེད།
ཀི་ཕེར ་གྱིས་དཔེ་ཆ་མེར་བསྲེག་པའི་གནས་ཚུལ་དེ་ ཝི་ཡེ་ནཱར་འཚོ་བ་རོལ་བཞིན་པའི་བསམ་བློའི་མཁས་ཅན་ཧྥུ་རོ་དབྱི་ཏིས་ཐོས་འཕྲལ་ཁོང་ནས་སྐད་ཆ་གཙང་དག་གཅིག་གསུངས་མྱོང་སྟེ།“ཁོ་ཚོར་ཡར་རྒྱས་མང་དུ་ཕྱིན་འདུག་ཨང་། དུས་རབས་བར་མའི་ནང་ཡིན་ཚེ་ཁོ་ཚོས་བསྲེག་རྒྱུ་ནི་ང་ཡིན་པ་ལས་ངའི་དཔེ་ཆ་ཡིན་མི་སྲིད། དེང་འདིར་ཁོ་ཚོས་ངའི་དཔེ་ཆ་ཁོ་ན་ལས་བསྲེག་གིན་མེད་པས་བློ་ཡིད་ཅུང་ཚིམ་པོ་བྱེད་ཀྱིན་ཡོད།”སྐབས་འདིར་ཧྥུ་རོ་དབྱི་ཏིའི་བསམ་རྒྱུར་ན་ཙིས་དཔེ་ཆ་བསྲེག་པ་ལས་མྱི་བསྲེག་མི་སྲིད། མ་མཐའ་ཡང་ཨོ་སི་ཁྲུ་རེ་ཡཱའི་སྤྱི་དམངས་ཡིན་པའི་ཧྥུ་རོ་དབྱི་ཏིར་མཚོན་ན། རང་ཉིད་ནི་བདེ་འཇགས་ཡིན་པར་རློམ་གྱིན་ཡོད། ཡིན་ཡང་། ཧྥུ་རོ་དབྱི་ཏིའི་སླད་མེད་ཀྱི་བསམ་པ་དེ་ཅུང་མ་འགོར་བར་སྟོང་བསམ་ཁོ་ནར་གྱུར། ༡༩༣༨ལོའི་ཟླ་༣་པའི་ཚེས་༡༡་ཉིན་འཇར་དམག་གིས་ཨོ་སི་ཁྲུ་རེ་ཡར་བཙན་འཛུལ་བྱས།
གྲོགས་པོ་ཚོས་ཧྥུ་རོ་དབྱི་ཏིར་ཁ་ཏ་དང་སྐུལ་མ་བྱས་ཏེ་གང་མགྱོགས་སྒོས་ཉེན་ཡོལ་དུ་ཕེབས་དགོས་པའི་རེ་བ་བཏོན། ཡིན་ཡང་། ཧྥུ་རོ་དབྱི་ཏིས་མོས་མཐུན་གཏན་ནས་མ་བྱས་པར། ཁོང་གིས་ཕྱི་རྒྱལ་དུ་གནས་སྤོར་བྱས་པ་ནི་འཐབ་མོ་བ་ཞིག་གིས་རང་གི་ལས་གནས་བསྐྱུར་བ་དང་གཉིས་སུ་མ་མཆིས་ཞེས་ལན་བཏབ།
གྲོགས་པོ་འུ་ཐུག་ནས་“རྒྱ་མཚོའི་གོད་ཆག”ནང་གི་གྲུ་དཔོན་གྱི་ལག་རོགས་གཉིས་པའི་གཏམ་རྒྱུད་ཀྱིས་ཧྥུ་རོ་དབྱི་ཏིར་གོ་སྐོན་བློ་འགུག་བྱས། གྲུ་གཟིངས་མཚོ་ནང་དུ་ནུབ་སྟེ་ཁྲོ་ཐབ་འབར་གས་བྱེད་པའི་རླུང་རླབས་ཀྱིས་གྲུ་དཔོན་གཞོན་པ་ལེའོ་ཐོའུ་ལི་དེད་ནས་མཚོ་ངོས་སུ་ཕྱིར་ཕྱུངས་པས་གསོན་ཐུབ་སོང་། རྗེས་སུ་འདྲི་གཅོད་དང་ལེན་སྐབས། ཁྱོད་ཀྱིས་ཅིའི་ཕྱིར་གྲུ་གཟིངས་བསྐྱུར་ཏེ་འགྲོ་དགོས་པ་རེད་ཅེས་དྲིས་པ་ལ་ཁོང་གིས་ “ང་གྲུ་གཟིངས་དང་གཏན་ནས་ཁ་བྲལ་མ་མྱོང་། གྲུ་གཟིངས་ང་དང་ཁ་བྲལ་སོང་པ་རེད་”ཅེས་ལན་བཏབ།
ཉེན་ཡོལ་གྱི་འགག་རྐྱེན་ནི་ཕྱིའི་ལམ་ལུགས་ལས་བྱུང་པ་ཞིག་ཡིན་ལ་ནང་གི་ཤེས་རྟོགས་ལས་བྱུང་པ་ཞིག་ཀྱང་ཡིན་ནོ།། “ང་གཏན་ནས་ཨོ་སི་ཁྲུ་རེ་ཡཱ་རྒྱལ་ཁབ་དང་ཁ་བྲལ་མ་མྱོང་། ཨོ་སི་ཁྲུ་རེ་ཡཱ་རྒྱལ་ཁབ་ང་དང་ཁ་བྲལ་བ་རེད།” ཚིག་འདི་ཡིས་ཚད་ངེས་ཅན་ཞིག་གི་སྟེང་ནས་ཧྥུ་རོ་དབྱི་ཏིའི་སེམས་ཀྱི་གསོས་སུ་གྱུར་ཡོད།
མཇུག་མཐར་ཧྥུ་རོ་དབྱི་ཏིས་སེམས་ཐག་བཅད་དེ་ཁྱིམ་མི་ཡོངས་དབྱིན་ཇི་ལ་གནས་སྤོར་བྱས། ཡིན་ཡང་། སྐབས་དེར་དཀའ་ཁག་མང་པོར་འཕྲད་པ་ནི་སྨོས་མ་དགོས། འཇར་དམག་གིས་གནམ་གྲུ་འབབ་ཐང་སོ་སོ་བདག་བཟུང་བྱས་པ་དང་། ཝི་ཡེ་ནཱའི་སྲང་ལམ་ཐམས་ཅད་ན་ཙིའི་འཐབ་འཁོར་གྱིས་གང་། “ཨོ་སི་ཁྲུ་རེ་ཡཱར་ཡུན་རིང་དུ་སྦས་སྐོང་བྱས་པའི་ན་ཙི་ཕྱོགས་ཁག་གི་མི་རྣམས་ཀྱིས་ཚི་ལེན་ཁམ་མདོག་ན་ཙིའི་དཔུང་རྟགས་ཅན་གྱོན་ནས་སྲང་ལམ་གྱི་གང་སར་ཐོན་འདུག” མཚན་གཅིག་རིང་ལ་ཨོ་སི་ཁྲུ་རེ་ཡཱའི་ས་གཞི་ན་ཙིས་ཡོངས་སུ་བཀང་།
རྒྱལ་སྤྱིའི་གནོན་ཤུགས་ཀྱི་དབང་གིས་ན་ཙི་འཇར་མན་གྱིས་ཧྥུ་རོ་དབྱི་ཏི་ཕྱི་རྒྱལ་དུ་འགྲོ་བར་དང་ལེན་བྱས། འོན་ཀྱང་། ངེས་པར་དུ་མ་ཁེ་ཁྲི་གསུམ་ལས་བརྒལ་བའི་“བཙན་རྒྱལ་བྲོས་བྱོལ་གྱི་ཁྲལ་”འཇལ་དགོས་ཟེར། སྐབས་དེར་ཧྥུ་རོ་དབྱི་ཏིས་སྒོར་དེ་འདྲ་མང་པོ་ཞིག་ལེན་མི་ཐུབ་པས་གཉེན་དང་གྲོགས་པོར་སྐྱི་གཡར་བྱེད་པ་ལས་ཐབས་གཞན་མ་མཆིས།
འོན་ཀྱང་། ན་ཙི་ཡིད་མ་ཚིམ་པར་ཁོ་ཚོས་ད་དུང་ཧྥུ་རོ་དབྱི་ཏིའི་རྒྱུ་ནོར་གང་མང་འཕྲོག་ལེན་བྱས་ཤིང་། གདོང་མཆོང་རུ་ཁག་ཐེངས་དུ་མར་ཧྥུ་རོ་དབྱི་ཏིའི་ཁྱིམ་ལ་ཡོང་ནས་ཁོང་གི་འཚོ་བའི་གྲོན་དངུལ་ཆ་ཚང་འཕྲོག་བཅོམ་བྱས་པར་མ་ཟད། ད་དུང་ཁོང་གི་སྙིང་དང་འདྲ་བའི་བུ་མོ་བཙན་ཁྲིད་བྱས་ནས་བུད་སོང་། མཐར་ཨ་རིའི་གཞུང་ཕྱོགས་ནས་ཐེ་གཏོགས་ཤུགས་ཆེན་བྱས་སྟབས་ཁོང་གི་བུ་མོ་བདེ་ལེགས་ངང་ཕྱིར་ཐོན།
འདི་ལྟར་ཐེངས་གང་མང་ལ་བཤུ་གཞོག་དང་བརྙས་བཅོས་འཇིགས་སྐུལ་སོགས་བྱས་མཐར། ཧྥུ་རོ་དབྱི་ཏི་བཟའ་མི་ཚང་མ་ཨོ་སི་ཁྲུ་རེ་ཡཱ་དང་ཁ་འབྲལ་དགོས་ཐུག ཡིན་ཡང་། ཆེས་མཐའ་མའི་འགྲོ་ལུགས་ཤིག་ལ་ཁོང་གིས་གསལ་བསྒྲགས་ཡིག་ཆའི་ངོར་མིང་རྟགས་ངེས་པར་དགོད་དགོས་པ་དེའོ།
གསལ་བསྒྲགས་ཡིག་ཆ་ནི་འདི་ལྟར་བྲིས་འདུག་སྟེ། “ཨོ་སི་ཁྲུ་རེ་ཡཱ་འཇར་མན་བཙན་རྒྱལ་གྱི་ཁོངས་སུ་གཏོགས་པ་དང་།འཇར་མན་གྱིས་དབང་འཛིན་བྱས་ཆོག་པའི་ཆེད་དུ་དགེ་རྒན་ཆེན་མོ་ཧྥུ་རི་དབྱི་ཏི་ནས་གསལ་བསྒྲགས་དང་བདེན་དཔང་བྱས་པ་ཡིན། ལྷག་ཏུ་ཀེའུ་ཧྲི་ཐེའུ་པཱོའོ་ཡིས་ང་ལ་ཚན་རིག་ལས་གཉེར་བའི་མཚན་སྙན་དང་དེ་ལ་གུས་བཀུར་བྱས་པ་མངོན་གསལ་ཡིན་པས། ངས་རང་ཉིད་ཀྱི་འདོད་མོས་ལྟར་བྱ་སྤྱོད་ཅི་རིགས་སྤེལ་ཐུབ་ལ་ཚད་བཀག་དང་མི་འཐད་ས་གང་ཡང་མེད།”
ཧྥུ་རོ་དབྱི་ཏིས་གསལ་བསྒྲགས་ཡིག་ཆའི་སྟེང་དུ་རང་གི་མིང་བཀོད་ཅིང་དེའི་ཐོག་ཏུ་ཚིག་གཅིག་བསྣན་ཏེ། “ངས་འདི་ནས་ཁྱེད་ཅག་ཚང་མ་ལ་ཀེའུ་ཧྲི་ཐེའུ་པཱོའོ ་ཆེད་དམིགས་ཀྱིས་མཚམས་སྦྱོར་ཞུས་པ་ཡིན།” ཞེས་ཤར་མར་བྲིས་པ་དེ་ཀེའུ་ཧྲི་ཐེའུ་པཱོའོ་ཡིས་ཚིག་འདིས་ཁོ་ཚོ་ལ་བསྟོད་བསྔགས་བྱས་འདུག་སྙམ་སོང་།
༡༩༣༨ལོའི་ཟླ་༦་པའི་ཚེས་༤་ཉིན་ཧྥུ་རོ་དབྱི་ཏི་དང་ཁོང་གི་བཟའ་མི་ཚོ་མེ་འཁོར་དུ་བསྡད་དེ་ཝི་ཡེ་ནཱ་དང་ཁ་བྲལ་ནས་དབྱིན་ཇིའི་ལོན་ཊོན་དུ་གཞིས་ཆགས།
“ང་ཚོར་འདི་འདྲའི་སྡུག་རུལ་གྱི་དོན་དག་ཅིག་འབྱུང་བར་ཡིད་ཆེས་མེད།”
ཨཱའེན་སི་ཐཱའེན་དང་ཁཱ་ཞི་ལི། ཧྥུ་རོ་དབྱི་ཏི་དང་བཅས་ཉེན་ཡོལ་དུ་ཕེབས་པའི་ཡ་ཧུ་དཱ་པའི་གྲངས་འབོར་ཧ་ཅང་ཉུང་ཞིང་། གཞིས་ལུས་ཡ་ཧུ་དཱ་པ་འབོར་ཆེན་ནི་ན་ཙིས་དམར་གསོད་ཆེན་མོ་བཏང་པའི་ཁྲོད་ཕྱི་མའི་ལམ་ཆེན་དུ་བརྫངས་པ་རེད།
དམར་གསོད་ཆེན་མོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཚེ་འདས་མང་པོ་ནི་ན་ཙིས་དབང་བསྒྱུར་མ་བྱས་པའི་གོང་ནས་སྲོག་ལས་ཐར་བའི་གོ་སྐབས་ཡོད་ནའང་།ཁོ་ཚོ་མ་བྲོས་པར་མཐར་དམར་གསོད་ཆེན་མོའི་ནང་རྐྱེན་ལམ་དུ་ཤོར་བའི་རྒྱུ་མཚན་ནི། འཇར་མན་ལ་བཅངས་པའི་དགའ་ཞེན་དང་ད་དུང་ན་ཙིའི་ནོར་འཁྲུལ་ངོས་ཟིན་དུ་ འཇུག་རྒྱུའི་བསམ་པ་ཙམ་བཟུང་བས་སོ།
ཡ་ཧུ་དཱ་པ་ཚོ་འཇར་མན་ནས་མི་རབས་མང་པོའི་རིང་ལ་འཚོ་སྡོད་བྱས་ཤིང་དེ་ནི་ཁོ་ཚོའི་ཚེ་རབས་གཞས་ཀ་ཡིན་པས་གདེང་འཇོག་ཚད་མཐོན་པོ་བྱས་ཡོད་པར་མ་ཟད། ཁོ་ཚོའི་མེས་རྒྱལ་ཡང་འཇར་མན་ཡིན་ནོ། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་ཡ་ཧུ་དཱ་པ་མི་ཉུང་བ་ཞིག་འཇར་མན་གྱི་གདོང་མཆོང་དཔུང་གཏོར་བྱས་པ་དང་། གཟི་བརྗིད་བྱས་རྗེས་གཟེངས་རྟགས་ཀྱང་ཐོབ་མྱོང་། དེའི་ཕྱིར།འཇར་མན་གྱི་ཁྱོན་ཆེན་པོའི་མངའ་ཁོངས་ན་ཁོ་རང་ཚོ་གནས་བཅའ་བའི་ཡུལ་ཞིག་ཀྱང་མེད་འགྲོ་བ་ལ་ཡིད་ཆེས་གཏན་ནས་མེད།
དཔེར་ན། ནོ་བྷེལ་རྫས་འགྱུར་བྱ་དགའ་ཐོབ་མཁན་ཧྥེའུ་ནི་ཚི་ཧཱ་བྷོ་ཡིས་རང་གི་ལུས་སེམས་གཉིས་ཀ་འཇར་མན་ལ་ཕུལ་ཞིང་། རང་གིས་རང་ལ་མཐོང་སྟེར་ཞིང་རྩིས་ཆེ་བའི་ཡ་ཧུ་དཱ་པའི་ཚན་རིག་པ་ཞིག་ཀྱང་ཡིན། ན་ཙིས་སྲིད་དབང་བཟུང་རྗེས་ཧཱ་བྷོ་མཐའ་སྤྱུགས་བྱས་ཏེ་མི་ཡུལ་རྒྱལ་ཁམས་འགྲིམ་དགོས་ཐུག རྐྱེན་དེས་ཁོང་གི་སེམས་ཁམས་ལ་ཕོགས་ཐུག་ཆེན་པོ་བཟོས་ཤིང་ཕྱིར་ལོར་ཏེ༡༩༣༤ལོར་སྐུ་གཤེགས།
ཡ་ཧུ་ད་པ་ཚོས་མི་གཤིས་ལ་ཡིད་ཆེས་པས་ན་ཙི་འཇར་མན་གྱིས་ཁ་བཏགས་པའི་འཁོར་ལོ་བསྐོར་འདང་དང་། ཕྱིས་གཞུག་ལ་སྡུག་བསྔལ་དེ་འདྲ་འབྱུང་ངེས་པ་ཁོང་ཚོའི་ཡིད་ཀྱི་དགུ་ལའང་ཤར་མ་མྱོང་། དབྱི་ཟི་རལ་གྱི་ལྕམ་མེར་ཨིར་གྱི་ཕྱིར་དྲན་ཟིན་ཐོ་《ངའི་མི་ཚེ་》ཞེས་པའི་ནང་དུ་བསྟན་དོན།
“དེང་ཐོག་ཧེ་ཐྲི་ལིས་ཡ་ཧུ་དཱ་པ་རྣམས་རྩ་མེད་དུ་གཏོང་དགོས་པའི་དམ་བཅའ་དེ་ལག་བསྟར་བྱེད་ཐུབ་པ་ང་ཚོའི་རྨི་ལམ་དུ་ཡང་འཁོར་མ་མྱོང་། ཚད་ངེས་ཅན་ནས་བཤད་ན། དེ་ནི་སེམས་བཟང་བའི་མི་རྣམས་ཀྱི་ཡིད་ཆེས་ལས་བྱུང་བ་རེད། ང་ཚོའི་སྟེང་ལ་གདུག་རྩུབ་ཤིན་ཏུ་ཆེ་བའི་དོན་ངན་འདི་རིགས་འབྱུང་སྲིད་པར་དངོས་གནས་ཡིད་མི་ཆེས། འཛམ་གླིང་གིས་ཀྱང་གཏུམ་གཅོད་ཀྱི་དོན་ངན་འདི་ལྟ་བུ་ཞིག་འབྱུང་དུ་འཇུག་སྲིད་དམ། ”
དེའི་ཕྱིར། མི་ཡོད་ཚད་ལ་“མི་གཤིས་”བཟང་པོ་ཡོད་པ་ཞིག་མིན་མོད། མིའི་གདུག་རྩུབ་ནི་སྐབས་ལ་རེར་བློ་ཡུལ་ལས་འདས་པ་ཞིག་རེད་ཨང་།
སྲིད་དབང་གདུག་རྩུབ་ཅན་གང་སུ་ཡང་རུང་སྟེ་དེ་ཉིད་ལེགས་ལམ་དུ་འགྲོ་མིན་ནི་དབང་བསྒྱུར་བའི་རྟོགས་པ་སད་མིན་ལ་རེ་བ་བཅའ་ས་མེད། ན་ཙི་དང་ཁྱི་སྤྱང་ངན་འབྲེལ་བྱེད་མི་འདོད་ལ། དེ་ཉིད་ལ་རྒོལ་བའི་སྙིང་སྟོབས་དང་ཆ་རྐྱེན་མེད་པས་ཅི་བྱ་གཏོལ་བྲལ་གྱི་སྐབས་སུ་མིག་སྔུན་དུ་ལྷགས་པ་ནི་གདམ་ཀ་གཉིས་ལས་མེད་དེ་དེ་ནི་འཆི་བ་དང་བྲོས་བྱོལ་བྱེད་པའོ།།
རྒྱལ་ཁབ་ནི་མིའི་ཆེད་དུ་བཙུགས་པ་ཡིན།
ཨཱའེན་སི་ཐཱའེན་འཇར་མན་ནས་ཉེན་ཡོལ་དུ་ཕེབས་རྗེས།འཇར་མན་གྱི་གོང་འོག་ཚང་མས་གཅིག་མཐུན་ངང་དགག་པ་བརྒྱབ་ཅིང་ཀེའུ་ཧྲི་ཐེའུ་པཱོའི་ཡིས་རྒྱལ་ཁོངས་བརྒལ་ཏེ་གསོད་རྩིས་བྱས། ཨཱའེན་སི་ཐཱའེན་གྱི་སྐྱེ་ས་སྐྱེ་ཡུལ་འཇར་མན་ཡིན་ཡང་ཁོང་ཉིད་སྐུ་བཞུགས་པའི་རིང་འཇར་མན་ལ་མཐའ་གཅིག་ཏུ་འཁོན་སེམས་བཟུང་ཡོད།《ཨཱའེན་སི་ཐཱའེན་གྱི་སྐུ་ཚེ་ཧྲིལ་བོ་》ཞེས་པའི་རྩོམ་པ་པོ་ལྗེ་གྷིན་ནཱ་ཧྥེས་“ཨཱའེན་སི་ཐཱའེན་ན་ཙི་འཇར་མན་ལ་འཁོན་སེམས་ཧ་ཅང་ཡོད་ཕྱིར་འཇར་མན་གྱི་མི་དང་འཇར་མན་རྒྱལ་ཁབ་ལ་ཡང་སྡང་སེམས་ཡོད།”ཅེས་གསུངས་སོང་།
འོན་ཀྱང་། དུས་དེ་རིང་གི་འཇར་མན་པས་ཨཱའེན་སི་ཐཱའེན་ནི་རྒྱལ་གཅེས་པ་ཞིག་ཏུ་འདོད་ཀྱིན་ཡོད་དམ་ཞེ་ན། འཇར་མན་དུ་ཉུང་མཐར་ཡང་སློབ་གྲྭ་སུམ་ཅུ་བརྒལ་བ་ཞིག་གིས་ཨཱའེན་སི་ཐཱའེན་གྱི་མཚན་སློབ་གྲྭའི་མིང་དུ་བཏགས་འདུག་པར་མ་ཟད། ད་དུང་འཇར་མན་དུ་ཨཱའེན་སི་ཐཱའེན་གྱི་ཡུལ་སྐོར་ལམ་ཐིག་ཡོད། སྔོན་ཆད་ཨཱའེན་སི་ཐཱའེན་གྱིས་བྱ་བ་སྒྲུབ་ས་དང་གཞིས་ཁྱིམ་སོགས་ལ་ཡུལ་སྐོར་བ་ལྟ་སྐོར་དུ་འགྲོ་ཆོག་ལ། ཨཱའེན་སི་ཐཱའེན་དང་འབྲེལ་ཡོད་ཀྱི་བརྙན་འཕྲིན་ལེ་ཚན་དང་དཔེ་དེབ་སོགས་མང་དུ་མཆིས།
༢༠༠༣ལོར་འཇར་མན་གྱིས“འཇར་མན་གྱི་མི་སྣ་རླབས་ཆེན”ཞེས་པའི་དཔྱད་འདེམས་བྱེད་སྒོ་ཐེངས་གཅིག་སྤེལ་མྱོང་ཞིང་། བརྙན་འཕྲིན་གྱི་ལྟད་མོ་བ་ས་ཡ་ལྷག་ཙམ་འདེམས་ཤོག་འཕེན་པའི་ནང་ཞུགས་ཡོད། ཨཱའེན་སི་ཐཱའེན་“མི་སྣ་རླབས་ཆེན་གྱི་མཚན་ཐོའི་”ནང་ཚུད་ཡོད་པ་མ་ཟད་སྔ་གྲས་བཅུ་ཚན་གྱི་གྲལ་དུའང་ཡོད།
༢༠༠༥ལོར་ཨཱའེན་སི་ཐཱའེན་གྲོངས་ནས་ལོ་འཁོར་ལྔ་བཅུ་ལོན་ཞིང་། འཇར་མན་སྲིད་གཞུང་གིས་ལོ་དེ་ནི་“ཨཱའེན་སི་ཐཱའེན་གྱི་ལོར་”གཏན་འཁེལ་བྱས་ནས་རྗེས་དྲན་བྱེད་སྒོ་ཆེ་གྲས་སྣ་ཚོགས་སྤེལ་པ་རེད། ད་དུང་སྲིད་འཛིན་གྱི་ཐོག་ཁང་ཆེན་མོ་དང་སྲིད་གཞུང་གི་ཐོག་ཁང་ཆེན་མོའི་ཕྱིའི་གྱང་ངོར་སྣུམ་མཚོན་དམར་པོས་“E = mc2”ཞེས་པའི་ཡི་གེ་ཆེན་པོ་བྲིས་འདུག
“རྒྱལ་ཁབ་ནི་མིའི་ཆེད་དུ་བཙུགས་པ་ལས། མི་རྒྱལ་ཁབ་ཀྱི་ཆེད་དུ་གསོན་པ་མིན་ནོ།།”ཞེས་ཨཱའེན་སི་ཐཱའེན་གྱིས་གསུངས་ཤིང་། དེ་སྔ་ཧེ་ཐྲི་ལིས་སྲིད་དབང་མ་བཟུང་གོང་གི་ལོ་གཉིས་ཀྱི་སྐབས་སུ་ཁོང་གིས་བཅར་འདྲི་ཞིག་དང་ལེན་བྱས་ཏེ་བཤད་རྒྱུར། ངོས་རང་གིས་རྒྱལ་ཁབ་ལ་བཟུང་པའི་རྣམ་འགྱུར་ནི་དངོས་ཡོད་ཀྱི་གཏན་ཚིགས་རིག་འདེད་དང་དམངས་གཙོའི་ལམ་ལུགས་ལ་ཤེས་རྟོགས་ཟབ་མོ་ལོན་ནས་ཐོན་པ་མ་གཏོགས་སུ་མི་གཤིས་དང་མི་རིགས་ཀྱི་བརྩེ་དུང་ལ་སྟོང་བསམ་བྱས་པ་ལས་བྱུང་བ་ཞིག་ཡེ་ནས་མིན།
དེའི་ཕྱིར། ཧེ་ཐྲི་ལི་ཁྲི་འདོན་བྱས་པ་དང་སྟབས་གཅིག་ཏུ་ཨཱའེན་སི་ཐཱའེན་གྱིས་ཀྱང་ཤེས་རྟོགས་བྱུང། ད་ནས་བཟུང་འཇར་མན་ནི་ཁོའི་ཤ་ཁྲག་དང་འབྲེལ་བའི་ཡུམ་ཆེན་མ་ཡིན་པར། ཆབ་སྲིད་པས་གསར་བཟོ་བྱས་པའི་འདུ་ཤེས་འཛིན་སྟངས་དང་བཙན་དབང་གི་བསྟི་གནས་ཙམ། ཧེ་ཐྲི་ལིའི་《དམངས་གཙོའི་བརྒྱུད་རིམ》ཟེར་བ་གང་དེའི་དོན་གྱི་ངོ་བོ་ནི་སྒེར་གཅོད་ཡིན་པའང་ལས་སླ་བོས་རྟོགས་སོང་།།
2020/1/3ཉིན་ཁྲིན་ཏུའུ་རུ་བསྒྱུར་གྲུབ།
རྨེའུ་བཟོད་པས་བསྒྱུར།
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།