འོ་འཛིན་གྱི་བཀའ་དྲིན།
དེ་རིང་ནས་བཟུང་སྟེ བདག་གིས
གཤོག་ཟུང་གིས་བསིལ་སེར་རླུང་བུར་བཀའ་དྲིན་ཞུ་བ་ནང་བཞིན
ལྷོད་འཇམ་ཞི་དལ་གྱི་ངང་དུ་འོ་མ་འཛིན་པ་གང་དེར་བཀའ་དྲིན་ཞུ་རྒྱུ་ཡིན
ངའི་སེམས་ན འབྱམས་ཀླས་པའི་ས་གཞི་ནི་འོ་འཛིན་ཡིན
མཐོངས་ཡངས་པའི་ནམ་མཁའ་ནི་འོ་འཛིན་ཡིན
འཇིག་རྟེན་དུ་འབབ་པའི་ཆུ་བོ་ཡོད་དོ་ཅོག་ནུ་ཞོ་ཡིན
ངའི་ལུས་ཕུང་ན་བཞུར་བའི་ཟུངས་ཁྲག་ཐམས་ཅད་ནུ་ཞོ་ཡིན ཤ་ལུས་འདིའང
ཀེང་རུས་བཞིན་དུ་དཀར་ལ དཀར་པོ་ཕྱི་གསལ་ནང་གསལ
དཀར་པོ་འོད་ཟེར་རང་འཕྲོ་ཡིན་ཏེ
ཉི་མ་དང་ཟླ་བ་ནུབ་རིའི་ཕག་ཏུ་ཡིབ་རྗེས
བདག་གི་བགྲོད་ལམ་ལ་སྔ་མོ་ནས་འོད་སྣང་བསྩལ་ཡོང
ངའི་སེམས་ན བརྗིད་ཆགས་ཀྱི་གངས་རི་རེ་རེ་ནི
ལང་ཚོ་སྨིན་པའི་འོ་འཛིན་རེ་རེ་ཡིན་ཏེ
ལྡེམ་པའི་སྟོབས་ཀྱིས་ཁཱ་ལའོ་ལེའི་རྒོལ་བ་ཕ་མཐར་སྐྲོད
ན་ཚོད་བགྲེས་པའི་འོ་འཛིན་ནི
བྱེ་ཐང་གི་ནེའུ་གསིང་ཡིན་ཏེ ཟིང་ཟིང་འཚུབ་པའི་བྱེ་མའི་ཡིད་སེམས་གསོ
ངའི་སེམས་ན དུད་འགྲོའི་འོ་འཛིན་ནི་དཀར་ཡོལ་ཡིན་ཏེ
སྐྱེ་བོ་ཡོངས་དང་ལྷ་ཡི་ཚོགས་ལ་མངོན་པར་མཆོད་པའི
སྦྲང་དཀར་རྩམ་པ་སྤུངས་པའི་དཀར་ཡོལ་དེ་ཡིན
མཐར་ཐུག ངའི་སེམས་ན་འོ་འཛིན་ཇི་སྙེད་པ་ནི
སྐྱེ་བ་ཀུན་ཏུ་ང་རང་དྲིན་གྱིས་བསྐྱངས་པའི་མ་ཡུམ་དག་ཡིན
ངའི་སེམས་ན་འཇིག་རྟེན་མི་ཡུལ་འདི་ཉིད་འོ་འཛིན་ཡིན་ཏེ
རི་མོ་ཧི་མ་ལ་ཡ་ནུ་མའི་ཏོག་ལྟར་དབུས་སུ་འགྱིང་ཞིང་
བདག་གི་ཕ་ཡུལ་ཏོག་འདབས་ལ་ཆགས་ཡོད
2018.1.6ཉིན་བསྒྱུར།
འབྲུག་བྱམས་ཚེ་རིང་གིས་བསྒྱུར།
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།