འཇིག་རྟེན་སྟེང་གི་བྱམས་དང་སྙིང་རྗེ།

ཚེ་རིང་ནོར་བུ།(ལྷ་ས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-05-15

  ཚེ་འདིར་ཁྱེད་དང་ཐུག་འཕྲད་བྱུང་བའི་མི་དེ་ནི་ཚེ་སྔོན་ཁྱེད་དང་ཏན་ཏན་འབྲེལ་བ་ཡོད་ངེས་ཡིན། ད་ཆ་ངས་སྐད་ཆ་འདི་སུ་ཞིག་གིས་བཤད་པ་ཡིན་ནམ་དྲན་མི་གསོས་ལ། ཕྱིར་འདང་ག་ཚད་རྒྱབ་ཀྱང་ཨ་ཐང་ཆད་པ་ཙམ་ལས་མ་འདས། འོན་ཏེ་སྐད་ཆ་འདི་ངའི་དྲན་པའི་ངོགས་སུ་བྲག་བརྐོས་རི་མོ་བཞིན་ནམ་ཡང་བརྗེད་མེད་ལྷང་ངེར་གསལ་འདུག

  གལ་ཏེ་ཁྱེད་ཀྱིས་ང་ལ་ཞིབ་ཏུ་དྲིས་ཚེ། ངས་བརྒྱུད་པའི་མངར་སྐྱུར་ཁ་གསུམ་གྱི་འཚོ་བའི་བརྒྱུད་རིམ་དེ་དག་ཁྱེད་ལ་མཉམ་སྤྱོད་བྱེད་པར་མོས་འདུན་ཡོད།

  ངའི་མིང་ལ་ཡོན་ཏན་ཟེར་ཞིང་། དེང་སང་གི་བོད་པའི་མིང་འབོད་ཚུལ་དར་ཆེ་བ་ལྟར་བྱས་ན། ཅོག་རོ་ཡོན་ཏན་ཟེར་དགོས། མིང་འདི་ཐོས་སྐབས་ཁྱེད་རང་འཇིགས་སྣང་སྐྱེ་མི་དགོས་ཏེ། ང་རང་རིགས་རྒྱུད་མཐོ་བ་གང་ཡང་མིན་པར་ཅོག་རོ་ཟེར་བའི་ཡུལ་གྲུ་དེ་ནས་སྐྱེས་པ་ཙམ་ཡིན། ད་ལྟའི་དུས་འདིེར་མི་ཚང་མས་རང་རང་གི་མིང་གི་མགོར་ཡུལ་མིང་དང་ཁྱིམ་རྒྱུད་ཀྱི་འབོད་སྟངས་དེ་སྦྲེལ་ནས་རང་ཉིད་ཀུན་དང་མི་འདྲ་བའི་ཆ་ཤས་དེ་མངོན་པར་བྱེད། མི་ཕལ་པ་ཞིག་ཡིན་པའི་ཆ་ནས་ང་རང་ཡང་ཕྱི་ཚུལ་བཅོས་མ་དེའི་རྗེས་སུ་ཤོར་དགོས་བྱུང་།

  ངའི་ཕ་ཡི་མཚན་ལ་རྣམ་རྒྱལ་ནོར་བུ་ཞུ་ཞིང་། མ་ཡི་མཚན་ལ་བདེ་སྐྱིད་ཞུ་བ་ཡིན། ཁོང་ཚོ་ཅོག་རོ་ཞེས་པའི་གྲོག་རོང་རིང་མོ་དེའི་ནང་འཚོ་བ་ཡིན། ལོ་ཟླའི་འཁོར་འགྲོས་དལ་མེད་རྒྱུ་བའི་ཁྲོད། ཁོང་གཉིས་ས་ཕག་ཁང་པ་ཐལ་མདངས་ཅན་དེའི་ནང་ང་དགའ་ཁྱོད་སྐྱིད་དང་ཕར་འཐམ་ཚུར་འཁྱུད་ཀྱི་སྒོ་ནས། རིམ་པར་ང་ཚོ་ཕྲུ་གུ་དྲུག་སྐྱེས་པ་རེད། ང་རང་བུ་བཞི་པ་ཡིན་ལ་རང་མིང་ཡོན་ཏན་འབོད་པ་འདི་ཡང་རྫོང་ནང་གི་དགོན་པའི་སྤྲུལ་སྐུ་ལགས་ཀྱིས་བཏགས་གནང་པ་ཞིག་ཡིན། ཁྱེད་རང་ངའི་ཕ་མ་གཉིས་ཀྱིས་འཇིག་རྟེན་མཐུན་འཇུག་དང་མི་རྒྱུད་རྒྱུན་སྤེལ་གནང་བར་དེ་ལྟ་བུའི་སེམས་རྩ་འཁོལ་པོ་དང་ཨུ་ཚུགས་གནང་བར་ཡ་མཚན་སྐྱེ་དགོས་དོན་མེད་དེ། ཁྱེད་ཀྱིས་ཅོག་རོའི་ཡུལ་དེ་ལུང་ཁུག་དང་། ས་རྒྱ་དོག་ལ་ཐང་གཞོང་མེད་པ། སྨན་བཅོས་ཆ་རྐྱེན་ཞན་པོ་ཡོད་པ་མཁྱེན་ན། ཁོང་གཉིས་ལ་ཁག་དཀྲི་གཡོག་ས་རྙེད་མི་ཐུབ་ལ། མ་གཞི་ནས་ཅོག་རོར་མི་མང་ན་སྟོབས་ཤུགས་ཆེ་བར་ངོས་འཛིན་བྱེད་པ་ཡིན།

  ཡིན་ཀྱང་། བགྲང་བྱའི་འཁུར་པོ་དང་དུས་བཞིའི་རེས་མོས་ཁྲོད། ངའི་གཅེན་པོ་འབྲིང་བ་དང་ཨ་ཅེ་གཉིས་ཐན་སྐམ་དང་འཁྱགས་རེངས་ཁྲོད། ཚེ་སྲོག་གི་ཁོམ་ལོང་དང་བཟང་ངན་གྱི་རྣམ་རྟོག་གང་ཡང་མེད་པར་ཚེ་ལས་འདས་སོང་། དེ་དུས་ཨ་མ་བདེ་སྐྱིད་ལགས་རྟག་ཏུ་ངུ་ངག་དང་མཆི་མའི་རྒྱུན་ཤོར་བར་བྱེད་ཅིང་། དྲན་པ་རབ་རིབ་ངང་ཉིན་བཅུ་གྲངས་རེ་སྡུག་བསྔལ་གྱི་ཀློང་དུ་ཚུད་འགྲོ་ཡི་ཡོད། དེ་ནི་ཧ་ལམ་གནམ་རྒན་མས་བར་སྣང་ནས་ཁོ་མོར་ཁུ་ཚུར་དྲག་པོ་ཞིག་ཞུས་པ་ལྟར་ཟུག་རྔུ་དྲག་པོས་མནར་ཏེ་དབུགས་ཀྱང་གཏོང་དཀའ་བར་གྱུར་གྱི་འདུག ཕ་རྣམ་རྒྱལ་ནོར་བུ་ནི་སྣང་དག་དེ་ཙམ་མེད་ཅིང་། ནམ་རྒྱུན་དུ་ཁྱིམ་ནང་གི་མར་ཉུང་ཉུང་ཞིག་ལས་མེད་པ་དེ་ཡང་བཞུར་ནས་རྫའི་མཆོད་ཀོང་ནང་རྒྱངས་པ་དང་། དེ་རེངས་པོ་ཆགས་རྗེས་སྡོང་རས་ཐོག་མེ་སྒྲོན་ཞིང་། དེ་ལྟར་མཆོད་ཀོང་གི་མགོ་རུ་མེ་ལྕེ་ལྷབ་ལྷབ་ཏུ་འབར་བའི་མོད་ལ། ཁོང་གིས་ལག་ཟུང་ཐལ་མོ་སྦྱར་ནས་སྨོན་ལམ་རྒྱབ་གིན། སྐད་ཆ་གང་ཡང་མི་ཤོད་པར་ཕུང་པོ་སྒལ་པར་འཁྱེར་ནས་ཕྱིར་དོན་འགྲོ མི་རིང་བར་ཁོང་ཚུར་ལོག་ཡོང་རྗེས་སྒོ་འགྲམ་གྱི་སྡོང་སྣེ་བཅད་ཤུལ་དེའི་ཐོག་བསྡད་དེ་གང་ཡང་མི་གསུང་ལ། མིག་ཕུར་ཚུགས་ངང་ལྟེབ་གཉེར་རྒྱབ་པ་ལྟ་བུའི་རི་ཚོགས་ལ་བལྟ་བཞིན་གནས།

  ཁོང་སེམས་སྡུག་དང་སྐྱོ་གདུང་། རེ་ཆད་ངང་ལུས་སམ། ཁོང་གི་ངོ་གདོང་གི་ཐལ་མདངས་དེ་ལས། ཁྱེད་ཀྱིས་ཁོང་གི་ནང་སེམས་ཁམས་ཤེས་འདོད་མ་གནང་བར། ཁོང་གིས་སྨོན་ལམ་འདེབས་སྐབས། གཞི་ནས་ཁོང་གི་སྐད་མདངས་དྲག་ཞན་འཇམ་རྩུབ་དེ་ལས་ཁྱོད་ཀྱིས་ཁོང་གི་སྡུག་བསྔལ་དེ་ཚོར་ཐུབ།

  སྔ་ཕྱིར་གཅེན་པོ་འབྲིང་བ་དང་ཨ་ཅག་གཉིས་ཀྱི་སྐུ་ཕུང་འདས་མཆོད་དང་རིམ་གྲོ་ཁག་སྒྲུབ་རྗེས། ཉིན་ཤས་རིང་ཕ་རྣམ་རྒྱལ་ནོར་བུ་ནི་གར་སོང་ཆ་མེད་དུ་བརླག་འགྲོ་ཞིང་། དང་ཐོག་ངས་ཁོང་ག་པར་ཕྱིན་པ་མ་ཤེས་ཀྱང་། ཕྱིས་སུ་ཨ་མ་བདེ་སྐྱིད་ཀྱིས་ཕྲུ་གུ་དྲུག་པ་བཙས་ཏེ་ཟླ་བ་གཅིག་སོང་མཚམས་རྣམ་རྒྱལ་ནོར་བུ་ཁོང་འདས་སོང་། དེ་དུས་ངས་གཞི་ནས་རྣམ་རྒྱལ་ནོར་བུ་ཐེངས་སྔོན་མར་རྟག་པར་རྐང་ཐང་ལ་རྫོང་ནང་དུ་སོང་ནས། དུས་མགོ་དགོན་པར་སྨོན་ལམ་དང་མྱ་ངན་གྱི་རིམ་གྲོ་འབུལ་བར་ཕྱིན་པ་རྟོགས་བྱུང་།

  ཨ་མ་བདེ་སྐྱིད་ནི་རང་ལོ་སུམ་བཅུ་ལྷག་ཙམ་ནས་འཆི་ལ་ཉེ་བའི་རྒན་མོ་ཞིག་ལ་གྱུར་སོང་། ཁ་གདངས་པ་ཙམ་གྱི་སོ་སེར་པོ་རྐང་ཁ་ཤས་དང་ངོ་གདོང་གི་གཉེར་རིས་དེ་མངོན་ལ། མིག་དོང་ནང་རྡིབ་པ་དེ་ལས་མཚམས་རེ་འོད་ཉག་མ་རེ་འཕྲོས་པ་ཙམ་ལས་མ་འདས།

  སྐད་ཆ་འདི་ཚོར་ཉན་རྗེས། ཁྱེད་ཀྱིས་ངའི་བྱིས་དུས་དང་ན་ཆུང་གི་ལང་འཚོ་དེ་དཀའ་སྡུག་གི་ཁྲོད་ནས་བསྐྱལ་ཡོང་པ་རེད་ཟེར་ངེས། དེར་ངས་ཀྱང་རེད་དང་མ་རེད་ཅེས་བཤད་མི་ཤེས། དྲན་ཞིག་གསོས་ཚེ། ངས་རང་ལ་བག་ཆགས་ཟབ་པའི་དོན་མང་པོ་ཞིག་དྲན་ཤེས་སུ་ཉར་ཡོད་དེ། མཚན་མོའི་མཁའ་དབྱིངས་ཡོངས་སུ་ཁེངས་པའི་རྒྱུ་སྐར་གྱི་ཚོམ་བུས་མགོ་ཐོད་ཀྱི་བར་སྣང་དང་ཕན་ཚུན་སྙིང་གཏམ་ཤབ་ཤུབ་སྨྲ་བ་དང་། དྲི་བཞོན་བུ་མོས་ཙིར་སྒྲ་གྲཊ་ཀྱིན་སྒེའུ་ཁུང་གི་ཤིང་སྒྲོམ་གསེང་ནས་ངའི་མིང་ནས་འབོད། གངས་ཆུ་བཞུར་བའི་ཆུ་ཕྲན་དེ་རི་འདབས་ནས་རྒྱུགས་ཀྱིན་རླབས་ཀྱི་ཟེགས་མ་ཆལ་ཆིལ་དུ་འཐོར་བ་ནི་མེ་ཏོག་གི་འདབ་མ་དང་གཉིས་སུ་མ་མཆིས། ཟླ་བ་བཞི་པའི་ཁམ་བུའི་མེ་ཏོག་ཟིང་སྐྱ་དེ་དག་མགོ་བོ་ལྡེམ་ལྡེམ་ངང་མར་གུག་ཅིང་། སྐྱུང་ཀ་དང་མཆིལ་པ། ཁུ་བྱུག་སོགས་ཀྱི་བྱ་སྐད་སྙན་མོས་གྲོང་ཚོ་འདི་ལྷིང་འཇགས་ལས་སད་པར་བྱེད། ཁ་བ་ཆེན་པོ་ཞིག་ལྷབ་ལྷབ་ཏུ་བབས་ཚེ། རི་སྟེང་གི་སྤྲེའུ་དང་གླ་བ། གཉན་སོགས་གྲོང་ཚོའི་ནང་འཛུལ་ནས་ཟས་འཚོལ་བ་དང་། ང་ཚོས་དེ་དག་དང་བར་ཐག་གོམ་པ་བཅུ་གྲངས་ཀྱི་ས་ནས་ཕན་ཚུན་ལྟ་རེས་བྱེད། དགུང་ལོ་བགྲེས་པའི་གྲྭ་རྒན་ཆོས་དགའ་ལགས་ཀྱིས་རས་ཡོལ་གྱི་ཉི་གདུགས་འོག་ཏུ། ང་ཚོ་ལ་ཕྱི་སྣོད་ཀྱི་འཇིག་རྟེན་གྲུབ་ཚུལ་དང་ནང་བཅུད་ཀྱི་མི་བྱུང་ཚུལ། ལྷ་སྒྲུང་དང་ངག་རྒྱུན་སོགས་གསུངས་བ་ཡིན། ད་དུང་ཕ་རྣམ་རྒྱལ་ནོར་བུས་དྲེལ་དེད་དེ་ས་དོག་པའི་སྐས་ཞིང་དག་རིམ་པར་རྨོས་ཤིང་། ཨ་མ་བདེ་སྐྱིད་ཀྱིས་རེ་བས་གཏམས་པའི་ས་བོན་དག་རྨོས་རོལ་ནང་གཏོར་ནས་འདེབས་པ་ཡིན། དེའི་དུས་དྲོད་རླུང་གིས་རྨོ་ཞིང་བརླན་པའི་ས་དྲི་ཞིམ་པོ་དེ་ངའི་སྣ་ནང་ངམ་ངམ་དུ་དེད་ཡོང་བ་དང་རིམ་བཞིན་སྙིང་ཁོང་དུ་སིམ་པར་བྱེད། མདང་དགོང་གྲོང་ཚོའི་ནང་གི་ཕོ་གཞོན་ཚོས་ཁྱིམ་ཚང་རེས་མོས་ངང་སྐོར་བ་དང་། བཞུ་མར་གྱི་འོད་མདངས་ཉག་ཕྲ་བའི་འོག་ཏུ་དཀྱིལ་ཀྲུང་དུ་བསྡད་དེ་ཁ་ནས་སྨོན་ལམ་གསོལ་འདེབས་ཟློས་ཤིང་། གདངས་སྙན་པའི་སྒྲ་དེ་མུན་ནག་ཀྱི་བར་སྟོང་དུ་གྲགས་ཀྱིན་རེ་ཞིག་གྲོང་མི་ཚང་མའི་ནང་སེམས་གསོ་བར་བྱེད།

  ཐེངས་ཤིག་ང་རང་ཕའི་རྗེས་སུ་འབྲངས་ནས་འགྲོ་སྐབས། ཁོང་གི་སྒལ་ཐོག་ཏུ་རྩྭ་སྐམ་ཁུར་པོ་ཞིག་འཁྱེར་ཡོད་ཅིང་ལམ་དུ་བསྐྱོད་སྐབས་དབུགས་རིང་འཐེན་གིན་འཐེན་གིན་འགྲོ ང་ཚོའི་རྐང་འོག་ནི་རྡོ་ཧྲུག་བཏིངས་པའི་ལམ་ཆུང་དེ་ཡིན་པས་ལམ་འགྲམ་དུ་སྔོ་རྩྭ་མི་ཉུང་བ་ཞིག་མྱུ་གུ་འབུས་ཏེ་ཀྲོང་ངེར་གསོན་འདུག ངའི་རྐང་མགོའི་མཛུབ་ཆུང་ཡང་ལྷམ་གོག་ཧྲུལ་པོ་དེའི་རྡོལ་པ་ལས་ཕྱིར་དོན་ཡོང་།

  ངས་ལྷ་མཐོང་ཐུབ་བམ། དེ་དུས་ངས་དོན་དེ་ཤེས་འདོད་ཧ་ཅང་ཆེ།

  ཕས་མགོ་བོ་ལྕོག་ལྕོག་དང་ཟབ་ནན་ངང་། མཐོང་ཐུབ། རྟག་པར་ཆོས་དང་སྨོན་ལམ་འདོན་དུས་ལྷ་ནི་ཁྱོད་ཀྱི་སེམས་ནང་བཞུགས་ཀྱི་ཡོད་ཟེར།

  ངའི་སེམས་སུ་སླར་ཡང་ད་བྱེད་དུས་ངས་ཆོས་འདོན་མི་ཤེས་པས་ལྷ་ཡང་མཐོང་མ་ཐུབ་པ་རེད་བསམ་བཞིན་བཤད་པས།

  སྒལ་སྟེང་གི་རྩྭ་སྐམ་དེས་ཁོང་གི་སྐེད་པ་མར་གུག་འདུག་ལ་རྐང་པ་མར་ལྡེམ་ནས་ལམ་འགྲམ་དུ་བསྡད་རྗེས་ང་ལ་བཤད་པར། ཁྱོད་རང་གིས་འཇིག་རྟེན་ཐོག་བྱ་བ་ཅི་ཞིག་སྒྲུབ་རུང་། ལྷས་རང་ལ་གཟིགས་ནས་བསྡད་ཡོད། ལས་ངན་ལས་དྲགས་ན་ནམ་ཞིག་ལ་ལྷའི་ཆད་གཅོད་ཕོག་ངེས་རེད་ཟེར།

  ད་བྱེད་དུས་ལྷ་ནི་དུས་རྣམ་ཀུན་ཏུ་ང་ཚོའི་ཉེ་འཁོར་ན་ཡོད་པ་རེད་ཨང་། ངས་དེ་སྔོན་མཆིལ་པ་དང་། ཕྱེ་མ་ལེབ། འབུ་སོགས་ལ་བརྙས་བཅོས་བྱས་པ་དེ་དག་ཚང་མ་ལྷས་མཐོང་ཚར་ཡོད་པ་རེད་བསམ་བཞིན། དེ་དུས་ངའི་སེམས་ནང་སྐྲག་སྣང་མག་མོག་ཅིག་སྐྱེས་བྱུང་།

  ལོ་ཤས་རྗེས་ཀྱི་དབྱར་དུས་ཤིག་ལ། ཕ་རྣམ་རྒྱལ་ནོར་བུ་དང་ངས་རང་ཁྱིམ་གྱི་དྲེལ་དེད་དེ་ལམ་ལ་ཆས་ཤིང་། དྲེལ་གྱི་ཐོག་ཏུ་ཉལ་ཆས་དང་ལམ་རྒྱགས་བཀལ་ཡོད་ཅིང་། ངེད་གཉིས་རི་ཁུག་ཁྲོད་ཀྱི་རྒྱུ་མ་ལྟ་བུའི་རྐང་ལམ་ཕྲ་མོ་དེའི་ཐོག་བསྐྱོད་པ་ཡིན། དེ་ཉིན་ཨ་མ་བདེ་སྐྱིད་ཀྱིས་ང་ལ་སྟོད་གོས་གཙང་མ་ཞིག་གཡོགས་པ་དང་། གྲུག་ལྷམ་ཆ་གཅིག་གྱོན་པ་དེ་ནི་ཁྱིམ་མཚེས་ནས་གཡར་ཡོང་པ་ཞིག་ཡིན། ད་ཐེངས་འགྲུལ་བཞུད་འདིའི་རིང་ང་རང་སྤྲོ་སྣང་གང་མང་ལ་རོལ་རྒྱུ་བྱུང་། ང་ཚོ་རྩྭ་རྐང་གཅིག་རྐྱང་མི་སྐྱེ་བའི་གྲོག་རོང་གི་མཐིལ་དེ་ནས་ག་ལེ་ག་ལེར་གསོམ་སྡོང་གི་ནགས་སྟུག་པོས་ཁྱབ་པའི་རི་སྐེད་དུ་སླེབས་སོང་། དེ་ལྟར་མུ་མཐུད་གངས་ཆུ་རྒྱུགས་ཏེ་བརླན་པའི་འདམ་རྫབ་ཉག་ཉིག་གི་ལམ་ཆུང་བརྒྱུད། མིག་ལམ་དུ་མངོན་པ་ནི་བཙས་མ་བརྔས་ཟིན་ཙམ་གྱི་ཞིང་ཁ་རེ་རེའི་ཐོག་ནོར་གཡག་ཁྱུ་དང་ཁྱུ་ལྷོད་དལ་བག་ཕེབས་ངང་ཕར་འགྲོ་ཚུར་འོངས་ལ་གནས་འདུག གཅིག་ གཉིས། གསུམ། གྲོང་མིའི་སྡོད་ཁང་ཇེ་མང་ནས་ཇེ་མང་རིམ་བཞིན་རི་བོའི་རྒྱབ་ངོས་ནས་མཐོང་ཡོང་ལ། ཁང་པའི་ཡང་ཐོག་གི་ཤིང་གཤགས་སྟེང་དུ་སོག་མའི་འཕོན་པོ་སེར་ལྷག་ལྷག་ཏུ་བརྩེགས་ཤིང་མཁའ་དབུགས་ནང་ནས་སོག་མའི་དྲི་མས་ཁྱབ་འདུག སྒོ་ཁྱི་འགའ་ཞིག་རེས་མོས་ངང་ཨབ་སྒྲ་སྒྲོག་ལ་མི་འགའ་རེ་ཁང་པའི་ཤིང་སྒོ་ཆུང་ཆུང་དག་ལས་མར་དོན་བཞིན། ལག་ཡ་གཅིག་ཡ་ཐོད་ལ་བཀན་ནས་ང་ཚོའི་ཕྱོགས་སུ་བལྟས་ཡོང་། ཕ་རྣམ་རྒྱལ་ནོར་བུས་སྐད་ཤུགས་ཆེན་པོས་ཁོ་ཚོར་འཚམ་འདྲི་དང་ཨ་ལན་སྟེར་བ་དང་། དེའི་བྲག་ཅ་དག་གྲོག་རོང་ནང་ནས་མཐུད་དེ་ཕར་གྲགས་ཚུར་འཁོར་དུ་ཐོས་ཡོང་། ཁང་ཐོག་གི་མི་ཚོས་ཀྱང་ལག་གཡུག་རྒྱག་གིན་ག་ལེར་སོང་ཞེས་ཁ་གཡང་འབོད་བྱུང་། ཕ་རྣམ་རྒྱལ་ནོར་བུས་མུ་མཐུད་དྲེལ་དེད་དེ་མདུན་དུ་ཆས། དྲེལ་གྱི་མཇིང་པར་བཏགས་པའི་དྲིལ་བུའི་སྒྲ་ཏིང་ཏང་ཏིང་ཏང་མཚམས་མེད་ངང་གྲགས་པར་ཉན་གྱིན། ང་ཚོས་ཁང་པ་དམའ་མོ་དེ་རིགས་མང་པོ་ཞིག་གི་འགྲམ་ནས་བརྒྱུད་ཟིན། ངས་དེ་རིང་ང་ཚོ་ཤང་ནང་དོན་དག་ཅི་ཞིག་སྒྲུབ་ཏུ་འགྲོ་བ་ཡིན་ཞེས་ཕ་ལ་དྲིས་པ་ན། ཁོས་ཁ་གདངས་མ་ཐག གྲལ་སྟར་སྒྲིག་པའི་སོ་དཀར་དེ་དག་མངོན་ཡོང་། ལྐུགས་པ་ཁྱོད་ཡིན་ན། རང་སློབ་གྲྭར་སློབ་སྦྱོང་བྱེད་པར་སྐྱེལ་དུ་འགྲོ་བ་ཡིན་ཡ་ཟེར། ཡང་ངས་སློབ་སྦྱོང་ཟེར་ན་ག་རེ་རེད་ཅེས་དྲིས་པར། ཁོང་བགད་མོ་ཅུང་ཟད་ཤོར་བ་དང་། ཁོང་གི་ཞལ་རས་ནས་བགོད་འཛུམ་དེ་འདྲ་སྟོན་པ་ནི་སྤྱིར་བཏང་མཐོང་དཀོན་པོ་རེད། སློབ་སྦྱོང་ཟེར་ན་ཟེར་བ་དང་། ཡང་ཁོང་གིས་བསམ་བློ་ཕྲན་ཙམ་བཏང་རྗེས། མིག་ཟུང་མ་གིའི་གྲོག་རོང་གི་གཏིང་ལ་བལྟ་བ་དང་། སློབ་སྦྱོང་ནི་སློབ་སྦྱོང་རེད་ཡ། རང་ཆོས་དགའ་དང་གཅིག་པ་ཆགས་རྒྱུ་རེད་ཟེར། དེ་ཐོས་རྗེས་ང་ལ་མཚར་སྣང་གང་ཡང་སྐྱེས་མ་བྱུང་ལ། རྗེས་ཕྱོགས་ངས་ཀྱང་སྒྲུང་གཏམ་མང་པོ་ཞིག་བཤད་ཤེས་ངེས་རེད་སྙམ་པ་ཙམ་ལས་འདས། ངས་ད་ལྟ་ང་ཚོ་འགྲོ་སའི་ལམ་ཆུང་དེ་ཡང་མདུན་གྱི་རི་བོའི་སྣེ་མོ་དེ་ནས་ཤུལ་མེད་དུ་གྱུར་བ་དང་། ཡུད་ཙམ་སོང་རྗེས་མདུན་གྱི་རི་སྐེད་ཐོག་རི་ལམ་ཧ་ཅང་ཕྲ་མོ་ཞིག་ལས་མིན་འདུག་པ་ཤེས།

  ཉིན་གསུམ་བསྐྱོད་རྗེས་ཕ་རྣམ་རྒྱལ་ནོར་བུས་ང་རང་གཞི་ནས་སློབ་གྲྭར་བསྐྱལ་ཐུབ་སོང་།

  ཤང་ནི་ང་ཚོའི་གྲོང་ཚོ་ལས་ལྡབ་མང་པོས་རྒྱ་ཆེ་ལ། ངས་འདི་ནས་ཐོག་བརྩེགས་བཞི་ལྔ་ཅན་གྱི་ཁང་པ་དང་སྣུམ་ནག་གཞུང་ལམ་མཁྲེགས་པོ་དེ་མཐོང་ཐེངས་དང་པོ་ཡིན། ཡིན་ཀྱང་ངའི་བློ་ཡིད་ནི་ཅོག་རོར་ལུས་སོང་། མཚན་ནག་གི་རྨི་ལམ་ནང་དུ་ཐེངས་མང་རྨིས་པ་ནི་ཅོག་རོའི་ཁང་པ་ཐལ་མདོག་དེ་དག་དང་ཨ་མ་བདེ་སྐྱིད། ཕ་རྣམ་རྒྱལ་ནོར་བུའི་གདོང་རིས་དེ་ཁོ་ན་རེད།

  སློབ་ཆུང་འགྲིམས་པའི་ལོ་ལྔའི་རིང་། དབྱར་དགུན་གུང་གསེང་གཏོང་བའི་སྐབས་ཚང་མར་ཕ་རྣམ་རྒྱལ་ནོར་བུས་དྲེལ་དེད་དེ་ང་རང་བསུ་བར་ཡོང་གི་ཡོད། ཐེངས་ཤིག་དབྱར་གསེང་ལ་ཁྱིམ་དུ་ལོག་པའི་ལམ་བར་དུ། དྲེལ་དེ་གོམ་འགྲོས་ཇེ་དལ་ནས་ཇེ་དལ་དུ་གྱུར་བཞིན། མིག་ནང་ནས་སྐྱོ་ཉམས་ཤིག་མངོན་འདུག་ཅིང་། མིག་ཟུར་གྱི་མིག་སྤུ་རྣམས་མཆི་མས་བརློན་པར་སྣང་། ངས་མདུན་ངོས་གྱི་རི་ལམ་ཀྱག་ཀྱོག་ཉག་ཕྲ་བ་དེར་ལྟ་བཞིན། དྲེལ་གྱིས་དལ་དལ་ངང་འགྲོ་བ་དེར་མ་འདོད་པའི་ཚིག་ངན་བཤད།

  དེར་ཕས་རྒྱབ་ལག་སྦྲེལ་བཞིན། རེད་ཨང་། དྲེལ་ཁོ་རྒས་སོང་བ་རེད། འདི་འདྲ་ཐེངས་མང་ཕར་འགྲོ་ཚུར་ཡོང་བྱས་པས་ཁོ་དཀའ་ལས་ཁག་ངེས་རེད་ཟེར།

  གློ་བུར་དུ་ངས་ཁོང་ལ་དྲེལ་ཁོ་ཤི་སྲིད་དམ་ཞེས་དྲི་ཤོར།

  ཁོང་གིས་ལག་ཡ་གཅིག་གིས་ཁ་ངོར་བྱིལ་བྱིལ་ཞིག་བྱས་རྗེས། དུས་ནམ་ཞིག་ལ་ང་ཚོ་ཚང་མ་ཤི་རྒྱུ་ངེས་གཏན་རེད། འཁོར་བ་ནི་འདི་ལྟར་འཁོར་འགྲོ་བ་རེད་ཟེར།

  དེ་རྗེས་ངས་གང་ཡང་བཤད་མེད། སྤུན་མཆེད་མིང་སྲིང་རྣམས་རིམ་པར་གྲོངས་པའི་དོན་དེས། ངས་ཤི་བ་ནི་གསོན་བཞིན་པའི་སྤུན་ཉེ་རྣམས་སྡུག་བསྔལ་གྱི་མནར་གཅོད་མྱོངས་བ་མ་ཟད་སྐྱོ་གདུང་གི་འོབ་ཏུ་ལྷུང་བཞིན་པ་རྟོགས་ཡོང་། དེ་སྔ་གྲྭ་རྒན་ཆོས་དགའ་ལགས་ཀྱིས་ང་ཚོར་འདི་ལྟར་བཤད་མྱོང་ཡོད་དེ། ཤི་རྗེས་ཡང་བསྐྱར་མི་ལུས་ལེན་རྒྱུ་ནི་ཧ་ཅང་དཀའ་མོ་རེད། དེ་ནི་རྒྱ་མཚོ་ཆེན་པོའི་ཀློང་དུ་རུས་སྦལ་ལོང་བས་གཉའ་ཤིང་བུ་ག་འཚོལ་བ་དང་འདྲ་ལ། ཁྱེད་ཀྱི་བསྐལ་བ་ཇི་ཙམ་ལ་རང་གི་རྣམ་ཤེས་དེ་བུ་ག་དེའི་ནང་འཛུལ་ཐུབ་མིན་དཔག་མི་ཐུབ་ཟེར། ཆོས་དགའ་ལགས་དཀྱིལ་ཀྲུང་ངང་ཁམ་སྡོང་གི་འོག་ཏུ་བཞུགས་པ་དང་། ཉི་ཟེར་འཆེམ་འཆེམ་དེ་ཁོང་གི་ཚོས་ལོག་པའི་ཆོས་གོས་རྙིང་པ་དེའི་ཐོག་ཟུག་འདུག ཡལ་གའི་ཐོག་གི་འདབ་མ་ཟིང་སྐྱ་དེ་དག་ཁོང་གི་དབུ་ཐོད་ནས་མར་ལྷེབ་ལྷེབ་ཏུ་ཟགས་བཞིན། གཉེར་རིས་རིམ་པར་བརྩེགས་པའི་ཞལ་རས་དང་དབུ་སྐྲ་སྐྱ་སང་སང་དེ་ལས་ར་རི་བྲལ་བའི་རྣམ་དག་དྭངས་གཙང་གི་ཚེ་སྲོག་དང་ཉམས་རྟོགས་མངའ་བའི་རྣམ་འགྱུར་དེ་མངོན་པར་གསལ།

  འོ། ཁྱེད་ཀྱིས་བསམ་ཚོད་མི་ཐུབ་པ་ཞིག་ནི་ང་ཚོའི་ཁྱིམ་གྱི་དྲེལ་དེ་རེད། ང་རང་སློབ་འབྲིང་དུ་ཚུད་དེ་རྫོང་ནང་དུ་སློབ་སྦྱོང་ལ་འགྲོ་སྐབས་ཁོ་ད་དུང་བདེ་མ་ཐང་མར་འཚོ་བཞིན་གནས་ཡོད།

  ངའི་མིག་ངོར་རྫོང་ནི་གྲོང་ཁྱེར་ཆེན་པོ་ཞིག་རེད་ཨང་། ང་རང་དེ་དུས་རྫོང་ནང་གི་ཟང་ཟིང་ཡོ་ལང་གི་ཚོར་བ་འདྲ་མིན་དེ་དག་མྱོང་བའི་ཚེ། ངའི་ཕ་མ་གཉིས་པོས་གཅེན་པོ་མགོན་མགོན་དང་ང་ལ་ཁྱིམ་མཚེས་གྲོང་ཚོ་ནས་མིང་ལ་ཨ་མོ་ཟེར་བའི་མནའ་མ་ཞིག་བླངས་པ་རེད།

  གསར་འགྱུར་དེ་ང་ཡོད་སའི་སློབ་འབྲིང་ནང་དུ་ཐོས་ཡོང་བའི་སྐབས་དེར། སློབ་གྲོགས་ཚོས་ང་ལ་རྐང་བཙུགས་ནས་ཁྱོ་ག་ཞེས་འབོད་ནས་ཀུ་རེ་རྩེད་མཚར་བྱེད། འཛིན་གྲྭའི་ནང་གི་ཕ་མ་རྫོང་ནང་གི་ལས་བྱེད་ཡིན་པའི་སློབ་མ་དེ་ཚོས་དོན་དེ་ཧ་གོ་རྗེས། ལྟ་སྟངས་མི་གཅིག་པའི་མིག་མདངས་གིས་ང་ལ་ལྟ་བར་བྱེད། དེའི་ཁྲོད་ཀྱི་གཅིག་གིས་ད་དུང་ཁྲེལ་བགོད་བྱས་དོན། སྣ་རྟུག་གློད་པའི་མནའ་མས་གྲོག་རོང་ནང་རང་སྒུག་བསྡད་ཡོད་རེད། རང་ད་དུང་སློབ་སྦྱོང་ག་རེ་བྱེད། དེ་ལས་གང་མགྱོགས་ལོག་སོང་ན་ཡག་པ་ཡོད་རེད་ཟེར། ང་ལ་ཁོའི་བརྙས་བཅོས་ཀྱི་རྩེད་མཚར་དེ་རིགས་ལ་གདོང་གཏད་དེ་ལན་སློག་པའི་བློ་སྤོབས་མེད་པས། སྐྱོ་སྣང་དེ་རིགས་ནམ་ཡང་སེམས་ནང་དུ་སྦས་ནས་འཇོག་རྒྱུ་ལས་ཐབས་མེད། སྐད་ཆ་དེས་ངས་དེ་སྔོན་གྲོང་ཁྱེར་ནང་གི་མིས་ང་ཚོ་གྲོང་གསེབ་པར་སྣང་ཆུང་དང་དྲེགས་ཉམས་སྟོན་གིན་ཡོད་པའི་ངོས་འཛིན་དེར་སྔར་ལས་གསལ་བར་ར་འཕྲོད་བྱུང་།

  དགུན་ཁའི་གུང་གསེང་ལ་ལོག་རྗེས་ང་ལ་ཨ་མོ་ཐུག་བྱུང་།

  ཁོ་མོའི་ལོ་གྲངས་དེ་ང་དང་ན་ཟླ་འདྲ་པོ་རེད། མོའི་སྐམ་ལ་རིད་པའི་གཟུགས་པོ་དེ་འདྲོང་ཞིང་དྲང་ལ། ཉི་འབྲུའི་དབྱིབས་ཀྱི་ངོ་གདོང་ནར་མོ་དེའི་ཐོག་དྭངས་ཁྲུང་ཁྲུང་གི་རྒྱ་བྱའི་མིག་དེ་འོད་དུ་འཚེར་ཞིང་མཆུ་ཏོ་སྲབ་མོ་གྱེན་དུ་ཕྱོགས་འདུག ཁོ་མོས་རས་ཕྱུར་ནག་པོ་ཞིག་གོན་ནས་ཐབ་ཀའི་ཐོག་བྱང་ཆ་དོད་པོས་དགོང་ཟས་བཟོ་གིན་མཆིས། ཨ་མ་བདེ་སྐྱིད་ཀྱིས་སྒོ་ཕྱུགས་ལ་སྐད་རྒྱག་པའི་སྒྲ་དེ་སྒོ་རའི་ནང་ནས་ཡར་ཐོས་ཡོང་། ངའི་སེམས་སུ་དང་ཐོག་ཨ་མ་བདེ་སྐྱིད་ཁོང་ཕ་རྣམ་རྒྱལ་ནོར་བུའི་མནའ་མར་སླེབས་དུས་ཀྱང་ཨ་མོ་དང་འདྲ་པོ་འདྲ་པོ་ཡིན་གྱི་རེད་བསམ་བཞིན། དེ་དུས་ཁོང་ལ་ཡང་སྐྱེན་ཞིང་དྭངས་གསལ་གྱི་མིག་ཟུང་དང་། འཇམ་ནེམ་ལྡན་པའི་ལུས་ཤ། ཤ་རྫོངས་མཐུག་པའི་མཆུ་ཏོ་སོགས་ཡོད་ངེས་རེད། ཕྱིས་སུ་འཚོ་བའི་མནོན་ཤུགས་འདྲ་མིན་བརྒྱུད། ཁོང་དཀའ་སྡུག་ངང་ཉམས་དམས་སུ་གྱུར་ནས་རྒས་ཉམས་དང་ལུས་ཀྱི་གསོན་མདངས་ཤོར་སོང་བ་རེད་སྙམ།

  ང་ཚོ་མཉམ་དུ་དགོང་ཟས་ཟ་བའི་དུས། ཨ་མོའི་མིག་ཟུང་གི་ཟུར་བརྡ་མཚམས་མེད་དུ་ང་ལ་འཕེན་ཡོང་ལ། དོན་དེས་ང་རང་མངངས་འཚབ་སྐྱེས་ཤིང་གདོང་ལ་ཚ་བ་རྒྱས་ཤིང་དམར་མདངས་ཐོན། སྟབས་ཡག་པ་ཞིག་ལ་ཁང་པའི་ནང་དཀར་ཆ་གསལ་པོ་དེ་ཙམ་མེད་པས་ནང་མི་ཚོས་དོན་དེ་ཧ་གོ་མེད། མགོན་མགོན་ཟ་མ་ཟས་རྗེས་ཕོར་པ་དེར་བཞག་པ་དང་ཕ་རྣམ་རྒྱལ་ནོར་བུ་ལ་སྣ་ཐ་སློང་ཞིང་། ཁོས་སྣ་ཐ་ཞིབ་མོ་དག་ཕྲན་ཙམ་ཕྲན་ཙམ་རེ་མཛུབ་བར་དུ་བཙིར་ནས་སྣ་ཁུང་ནང་རྔུབ་འཐེན་བྱས།

  མུན་པ་ག་ལེར་ནག་རིབ་རིབ་ཏུ་རུབ་སོང་། བཞུ་མར་གྱི་འོད་མདངས་འཆེམ་འཆེམ་ཁྲོད། ཨ་མོས་ཕོར་པ་དང་ཁྱེམ་བུ་སོགས་ཁྲུས་གཞོང་ནང་དུ་བླུགས་ནས་བཀྲུས། ཕ་རྣམ་རྒྱལ་ནོར་བུ་ནི་དཀྱིལ་ཀྲུང་ངང་ཁ་ཏོན་འདོན་བཞིན་ཨ་མ་བདེ་སྐྱིད་ཀྱིས་ས་ཐབ་ནང་མེ་ཤིང་འབུད། ང་ཡར་ལངས་ནས་སྒོ་ཕྱིར་དོན་ཚེ། མཁའ་དབྱིངས་ཡོངས་སུ་ཟིན་པའི་རྒྱུ་སྐར་གྱིས་སྐར་མདའ་ཕར་འཕྲོ་ཚུར་འཕྲོ་བྱེད་ཅིང་། གྲོག་རོང་འདི་ཉིད་འཇམ་བཅག་གེར་གནས་ལ་དབུགས་རིང་ཞིག་གློད་ནའང་ཁ་ཁུ་སིམ་པོ་འདི་དཀྲོགས་ངེས་རེད།

  ཕྱུགས་རའི་ནང་གི་བ་གླང་དང་དྲེལ་གྱི་མཚམས་རེ་སྐད་ཡན་རེ་སྦྱིན་ཡོང་བ་དང་ངས་སྒོ་རའི་ཕྱིར་དོན་ཕྱིན་པ་ཡིན།

  གྲོང་མི་མང་པོའི་ཁང་པ་ནག་ཐིང་ཐིང་དུ་གནས་པར་བསམ་ཚེ་ཁོ་ཚོ་གཉིད་ཀྱི་ཞིང་ཁམས་སུ་སླེབས་ཡོད་ངེས། གྲོང་ཚོའི་རྒྱབ་ཆུ་ཕྲ་མོ་དེའི་བཞུར་སྒྲ་ཆག་ཆག་དེ་གོ་བཞིན། སྔར་བས་ཀྱང་ཁེར་ཧྲེང་དང་ཁུ་སིམ་དེ་ཟབ་མོར་ཚོར་དུ་འཇུག ངས་ཕ་མ་གཉིས་པོས་དཀའ་ངལ་ཁྱད་བསད་ངང་རྨོས་འདེབས་གནང་པའི་ཞིང་ས་དེའི་འགྲམ་དུ་ཕྱིན་པ་དང་མུན་པའི་ཁྲོད་དུ་བཙས་མ་བརྔས་པའི་གྲོ་ལྕོག་ཕུང་པོ་རེ་རེ་ཀྲོང་ངེར་རྩིག་འདུག ནག་ཤས་ཆེ་བའི་ལུད་ཀྱི་ཕུང་པོ་ཆུང་ངུ་ངག་ཞིང་ཁའི་ནང་སྙོམས་པོར་སྤུངས་པ་དེ་དག་ནི། ལོ་རྗེས་མར་ཞིང་སར་འབོལ་སློག་རྒྱབ་རྗེས། སླར་ས་བོན་བཏབ་ནས་ལོ་ལེགས་ཀྱི་འབྲས་བུ་ལེན་པར་སྒུག་རྒྱུ་རེད།

  ཨ་མོ་ནི་བུད་མེད་ཧུར་བརྩོན་ཅན་ཞིག་ཡིན་ཞིང་། ནམ་མ་ལངས་གོང་ནས་ཐབ་ཀའི་ནང་མེ་བཏང་ཟིན་པ་མ་ཟད་ལྷོག་ལྷོག་ཏུ་འཁོལ་ཚར་བའི་ཁོག་ལྡིར་ལས་འཐུལ་བའི་ཇ་དྲི་ཞིམ་པོས་ཁང་པ་ཡོངས་སུ་ཁྱབ། ཁོ་མོས་སྒོ་ཕྱུགས་ཀྱི་ཤིང་ཟོམ་རེ་རེའི་ནང་ཟན་རྩྭ་དང་སྙོག་མ་གྲ་སྒྲིག་བྱས་ཚར་བ་དེ་དག་སྒོ་རའི་ནང་སྒོ་ཕྱུགས་འདོགས་སར་དབོར་འགྲོ་ཞིང་། བ་གླང་དང་དྲེལ་སོགས་ཀྱིས་ཁོ་མོའི་གོམ་སྒྲ་ཐོས་མ་ཐག་རྣ་བ་ཀྲོང་ཀྲོང་ངང་མིག་གཉིས་ཁོ་མོས་འཁྱེར་ཡོང་བཞིན་པའི་ཤིང་ཟོམ་ལ་ལྟ། ཨ་མོས་ཁྱེམ་བུས་རྗེན་ཐག་དང་སྦང་མ། ཇ་རོ་སོགས་ཤིང་ཟོམ་དེ་དག་ནང་བགོས་འགྲེམས་རྒྱབ་པ་དང་། དེ་རྗེས་སླར་ཡང་ཆུ་ཟོམ་སྒལ་པར་འཁྱེར་ནས་རྒྱབ་ཆུའི་ཕྱོགས་སུ་ཁ་སྐོར་ནས་ཆུ་ལེན་དུ་འགྲོ་བ་རེད། རིམ་བཞིན་ཉི་ཟེར་ཤར་རིའི་སྤོ་ནས་འཕག་ཡོང་བའི་དུས་དེར། ཁོ་མོ་ནི་གྲོང་ཚོའི་རྒྱབ་ཀྱི་རི་ལྡེབས་རྐང་ལམ་ཐོག་སླེབས་ཟིན་ཡོད་ལ། བ་གླང་དང་དྲེལ་དེ་དག་རང་རང་བག་དུ་ལྷོད་དེ་རི་ལྡེབས་ཏུ་འཛེགས་ཀྱིན་མཆིས། ཨ་མོ་མནའ་མར་འབྱོར་བ་ནས་བཟུང་། ཨ་མ་བདེ་སྐྱིད་ཀྱི་ངལ་ལས་མང་པོ་ཞིག་ཁོ་མོས་འགན་བླངས་པ་རེད།

  དང་ཐོག་མའི་ཉིན་ཤས་རིང་ཨ་མོས་ང་ལ་འཚེར་སྣང་བྱེད་ལ། ངས་ཀྱང་མོ་རང་ཐུག་དུས་གདོང་གཏད་དཀའ་བའི་ཚོར་བ་ཞིག་སྐྱེས་ཡོང་། དེ་ཡང་ཉིན་དེའི་དགོང་མོར་ཡོད་ཚད་ཀྱི་མཐིལ་རྡོལ་སོང་། ང་རང་ནམ་ཕྱེད་ལ་སྐད་སྒྲ་ཞིག་གིས་གཉིད་ལས་སད་བྱུང་། མུན་ནག་ནང་མངངས་འཚབ་དང་ངུ་སྐད་ཆུང་ཆུང་ལྟ་བུའི་ཆགས་པ་སྤྱོད་པའི་སྒྲ་ཕ་མོ་ཞིག་གྲགས་ཡོང་ལ། དེ་ནི་ཨ་མོའི་ཉལ་ཁང་གི་གྱང་དེའི་ཕྱོགས་ནས་ཚུར་གྲགས་པ་དང་སྐད་དམ་པོ་དེ་དུས་ཡུན་རིང་པོ་ཞིག་ལ་རྒྱུན་མཐུད་སོང་། སྐད་དེ་ཨ་མོའི་སྐད་རེད། ད་དུང་འོ་ཆུང་སྦྱོར་བའི་སྒྲ་ཡང་ཐོས་བྱུང་། ངས་ད་ལྟ་དོན་ཅི་ཞིག་བྱུང་བ་ཤེས་པ་དང་རང་ཉིད་དབུགས་ཀྱང་གཏོང་མ་ཐུབ་པར་ལུས་པོ་ཡོངས་སུ་རྔུལ་ནག་གིས་རླ་ཆོབ་ཆོབ་ཏུ་གྱུར། དེས་མ་ཚད་རྔ་རྡུང་པ་ལྟར་སྙིང་ལྡིར་ལྡིར་དུ་གཡུག་བྱུང་། དུས་སྐད་ཅིག་དེར་ངས་དེ་སྔ་ཨ་མོར་འཛིན་པའི་ལྟ་སྟངས་དང་སེམས་ནང་དུ་བྱས་པའི་འདོད་ཚུལ་མཚར་སྡུག་ལྡན་པ་དེ་དེ་མ་ཉིད་དུ་འཇིགས་ཤིང་འཐོར་བ་དང་། ཅི་ཡིན་འདི་ཡིན་མེད་པར་མིག་མཆུའི་རྒྱུན་གྱིས་སྔས་མགོ་བརློན་པར་གྱུར་སོང་།

  ཕྱིས་ཀྱི་ལོ་ཟླའི་ནང་། ངས་ཨ་མོ་ལ་རྒྱང་བཀྱེད་པ་དང་གཡོལ་གང་ཐུབ་བྱས་པ་ཡིན་ལ། ངས་རྟག་པར་ཆོས་དགའ་ལགས་ཡོད་སར་འགྲོ་བར་ཁ་གཡར་ནས་དུས་ཚོད་ཕྱི་པོ་ཆགས་རྗེས་གཞི་ནས་ལོག་ཡོང་བ་ཡིན།

  ཆོས་དགའ་ལགས་ཀྱིས་ང་ཡང་སེ་ཡང་སེ་ཁོང་གི་སར་ཡོང་བར་ཡ་མཚན་སྐྱེས་མོད། ཡིན་ཀྱང་ཁོང་གིས་ང་ལ་དེའི་རྒྱུམཚན་གང་ཡང་དྲིས་མ་མྱོང་། ཁྱིམ་མཚེས་གྲོང་ཚོ་ནས་མོ་འདེབས་མཁན་ཡོད་པའམ་ཡང་ན་གཟའ་སྐར་ཚེས་བཟང་འདྲི་རྩད་བྱེད་མཁན་ཡོང་རིམ་བཞིན། ཁོང་གིས་ང་ལ་སྦྱོང་དེབ་རྙིང་ཧྲུལ་དེའི་ཐོག་བཟང་ངན་མཇུག་འབྲས་འབྲི་རུ་བཅུག་བྱུང་། སྐབས་ལ་ལར་མིང་ཚིག་ཡིག་འབྲུ་གཅིག་བྲིས་ནོར་ཐེབས་ནའང་། ཁོང་གིས་་མི་མང་པོའི་མདུན་ནས་ང་ལ་འཕྱ་དམོད་བྱེད་པ་ཡིན། མི་ཚོས་ཆོས་དགའ་ལགས་ལ་དངུལ་སྤྲད་རྗེས་ངས་བྲིས་པའི་ཡི་གེ་འཁྱར་འཁྱོར་དེ་འཁྱེར་ནས་དགའ་སྣང་ཆེན་པོས་ཆོས་དགའ་ལགས་ཀྱི་ས་ནས་བྲལ་ཏེ་ལོག་འགྲོ ཆོས་དགའ་ལགས་ཀྱིས་ང་ལ། དེ་སྔ་ཁོང་ལྷ་སའི་སེ་ར་དགོན་པར་སློབ་སྦྱོང་བྱེད་མྱོང་ཡོད་པའི་སྐོར་གསུངས་ཤིང་། དོན་དེའི་སྐོར་གླེང་སྐབས་ཁོང་གི་མིག་ནང་རེ་བའི་འོད་མདངས་རྒྱས་ཤིང་ཞལ་ཟུར་ནས་ཁ་ཆུའི་ལྦུ་བ་དཀར་པོ་ཐོན་ཡོང་།

  ཐེངས་ཤིག་ང་རང་ཆོས་དགའ་ལགས་ཀྱི་ཁྱིམ་ནས་ཕྱིར་རང་ཁྱིམ་དུ་ལོག་པའི་ལམ་བར་དུ། ཨ་མོ་དང་གཅུང་མོས་མེ་ཤིང་འཁུར་ཚད་གཅིག་སྒྲུག་ནས་རི་ལྡེབས་ནས་མར་ཡོང་བཞིན་འདུག ངས་དེ་མ་ཐག་གོམ་འགྲོས་མགྱོགས་མྱུར་ངང་མདུན་དུ་ཕྱིན་པ་ཡིན། གཅུང་མོ་དང་ཨ་མོས་ཀྱང་ང་མཐོང་སོང་། ཁོ་གཉིས་ཀྱིས་ངས་ཁོ་གཉིས་ལ་གཡོལ་བའི་ཚུལ་དེ་མཐོང་བའི་མོད་ལ་ངའི་རྗེས་ནས་བགད་མོ་ཡང་ཤོར་སོང་།

  ངའི་གཅུང་མོ་ད་ལྟ་སློབ་ཆུང་འགྲིམ་བཞིན་ཡོད་མོད། འོན་ཀྱང་ངས་ཨ་མོའི་ལུས་ཐོག་ནས་གཅུང་མོའི་མ་འོངས་པའི་མི་ཚེ་ཕྱེད་ཀ་དེ་མཐོང་གིན་འདུག་ཏེ། གཅུང་མོ་ཡང་ཨ་མ་བདེ་སྐྱིད་དང་ཨ་མོ་ནང་བཞིན་ས་ཁུག་ལུང་ཀྱོག་འདིའི་ནང་ལུས་ངེས་ལ། སྔོ་རྩྭ་རྐང་གཅིག་དང་འདྲ་བར་ག་ལེར་སྐྱེས་རྗེས་སྐམ་ཟད་ཐེབས་ངེས། དེ་ལྟར་བསམ་བཞིན་ང་རང་སྐྱོ་སྣང་སྐྱེས་ཡོང་ལ་རང་གི་མ་འོངས་པ་ཡང་གང་དུ་ཡོད་པར་ཐེ་ཚོམ་ཟ། ཡང་ན་ང་ཡང་ཕ་རྣམ་རྒྱལ་ནོར་བུ་དང་མགོན་མགོན་ནང་བཞིན་ཅོག་རོའི་ཡུལ་འདིར་མེས་པོ་གོང་མའི་སྔར་གྱི་འཚོ་བ་འདི་འདྲ་བསྐྱར་དུ་རོལ་ཀྱང་སྲིད་ཅིང་། མ་གཞི་ང་ཚོས་ཉིན་ལྟར་ཉི་གཞོན་གསར་པ་བསུ་བ་ཡིན་མོད། འོན་ཀྱང་འཚོ་བ་རོལ་སྟངས་ཀྱི་ནང་དོན་དེ་ནི་འགྱུར་མེད་སྣེ་གཅིག་དེ་རང་རེད།

  ད་ཐེངས་ཁྱིམ་དུ་ལོག་ཡོང་རྗེས་ང་ལ་ཚོར་སྣང་དྲག་པོ་ཞིག་སྦྱིན་པ་ནི། རྫོང་ནང་གི་མི་རྣམས་འཚོ་བ་སྣང་སྐྱིད་དོད་ཅིང་བག་ཕེབས་པ་དེ་འདྲ་ཡིན་པ་ལ། ཅོག་རོའི་མི་རྣམས་དཀའ་སྤྱད་འབད་བརྩོན་བྱེད་ཀྱང་འཚོ་བ་དཀའ་ངལ་འདི་འདྲ་ཆེ་དོན་ཅི་ཡིན་ནམ་བསམ་བྱུང་།

  གུང་གསེང་མཇུག་སྒྲིལ་རན་སོང་། ང་དང་གཅུང་མོ་ཉིན་འདི་གཉིས་ལ་ཁྱིམ་ནས་ཐོན་དགོས་པས་ཕ་རྣམ་རྒྱལ་ནོར་བུས་ང་ཚོར་རྒྱབ་གཏད་དེ་ཅ་དངོས་བསྡུ་གསོག་རྒྱག་གིན་འདུག ཁོང་གི་སྐྲ་ཉིན་ཤས་རིང་བཀྲུས་མེད་པས་རལ་པ་ཆགས་འདུག་ལ་སྐེ་ཕྲ་རིང་དེ་ཡང་སྐམ་རིད་མངོན་པར་དོད། སྲིང་བལ་སྟོད་གོས་དེ་ཡང་ཚོས་ལོག་ནས་སྐྱ་བག་བག་ཏུ་གྱུར་ལ་སྲིང་བལ་ནག་པོ་ཐར་ཐོར་རལ་རྡོལ་སོང་བའི་ཁུང་བུ་ལས་ཕྱིར་དོན་འདུག དེ་དག་མཐོང་བཞིན་ངའི་སེམས་ནང་ཐབས་ཟད་འུ་ཐུག་གི་སྐྱོ་གདུང་ཞིག་ངང་གིས་སྐྱེས་ལ་དེ་སེམས་ནང་གནས་ཤིང་ང་ལ་སྡུག་བསྔལ་མྱོང་དུ་འཇུག་གིན་འདུག

  ང་གཉིས་ཁ་བྲལ་བའི་ཉིན་དེར། ཨ་མོ་ནི་མིག་ཆུ་འཁོར་བཞིན་ཁང་པའི་ནང་འཛུལ་བསྡད་འདུག ཕ་རྣམ་རྒྱལ་ནོར་བུ་དང་ཨ་མ་བདེ་སྐྱིད་ཀྱིས་ང་གཉིས་གྲོང་ཚོའི་ལམ་སྣེ་བར་སྐྱེལ་མ་བྱས་ཤིང་། གཅུང་མོས་ཕྱིར་བལྟས་ཡང་སེ་སློག་པ་ཡང་ཨ་མོ་མཐོང་འདོད་བྱེད་པ་རེད། མཐའ་མཇུག་ཏུ་གཅུང་མོ་ཡང་ཅུང་ཙམ་མ་སྐྱིད་པ་བྱེད་ཀྱིན་འདུག

  རི་གྲོང་གི་ལམ་ནི་སྔར་བཞིན་མི་ཚོས་འགྲོ་བཞིན་པའི་རི་ལམ་ཕྲ་མོ་དེ་རེད། དེ་ནི་རི་ལྡེབས་ནས་ཀྱག་ཀྱོག་ཏུ་སྐོར་ནས་རི་གཞན་ཞིག་གི་ཐོག་ཏུ་སྦྲེལ་འདུག་ལ། ཡང་དེ་ནས་མཐུད་དེ་ཁུག་ཁུག་རི་སུལ་དུ་ཐག་པ་ལྷག་གེ་ལྷུག་གེར་བཀྲམ་པ་ལྟར་དེ་ལས་མཐོ་བའི་རི་ཞིག་གི་ཐོག་ཏུ་གསལ་འདུག རི་རྩེར་ཁ་བའི་ཅོད་པན་གྱིས་བཏུམས་ཤིང་ཧ་ལམ་ནམ་ཡང་བཞུར་མི་སྲིད་པའི་ཚོར་བ་ཞིག་སྦྱིན་ཡོང་། མགོན་མགོན་གྱིས་ང་དང་གཅུང་མོའི་གྱོན་གོས་དང་ལྟོ་ཆས་འཁྱེར་ནས་མདུན་དུ་བསྐྱོད་པ་དང་། ང་གཉིས་ཁོའི་རྗེས་སུ་དམ་པོར་འབྲངས་པ་ཡིན།

  ལུག་རྒྱུ་ལྟ་བུའི་རྐང་ལམ་ཕྲ་མོའི་ཐོག་གི་མགོན་མགོན་ནི་ན་རྒས་བཟོ་ལྟ་ཤོར་བའི་དྲེལ་དེ་དང་འདྲ་བར། ལུས་སྟེང་དུ་ང་ཚོའི་ཁུར་པོ་དེ་འཁྱེར་ནས་གོམ་པ་རེ་རེ་བཞིན་རྐང་ལམ་འདིའི་རིང་ཚད་འཇལ་ཀྱིན་འདུག ཕོ་ལོ་ཉི་ཤུ་ལྷག་ཙམ་ལས་མིན་པའི་མགོན་མགོན་ནི་ཕ་རྣམ་རྒྱལ་ནོར་བུ་དང་འདྲ་བར། འགྲུལ་ལམ་རིང་མོའི་ཁྲོད་ཁ་མི་གྲགས་ལ་མིག་མདངས་ཀྱང་ནག་རིབ་རིབ་དུ་མངོན། ང་ཚོ་ཝ་གྲོང་ཚོར་འབྱོར་བ་དང་བོང་བུ་དེད་པའི་སྟག་ཤར་ཞིག་ཐུག་བྱུང་། མི་དེ་ངོ་གདོང་ཐོག་རྒྱའུ་ནག་པོ་སོབ་སོབ་ཏུ་ཁེངས་ཤིང་། མགོ་བོར་རྩེ་དམར་དཀྲིས་འདུག་ཅིང་ཕར་བལྟས་པ་ཙམ་གྱིས་མི་ཁ་ཁོག་སངས་པོ་ཞིག་ཡིན་པ་ཤེས་ཡོང་། མི་དེས་མགོན་མགོན་ལ་ཅ་དངོས་རྣམས་བོང་བུའི་ཐོག་བཀལ་དུ་བཅུག་པ་དང་། རིམ་བཞིན་ས་བཤད་རྡོ་བཤད་བྱས་ཏེ་ལམ་དུ་བཞུགས་པ་ཡིན། ལམ་བར་དུ་ཁོས་བཤད་པའི་སྐད་ཆ་དེ་དག་ཉན་གིན་ང་ལ་བག་ཆགས་ཟབ་ཤོས་ཀྱི་སྐད་ཆ་དེ་ནི། སློབ་གྲྭར་ཕྱིན་ནས་ཕན་པ་ག་རེ་ཡོད། སློབ་གྲྭ་ཐོན་རྗེས་ཡང་ཕྱིར་གྲོག་རོང་དུ་ལོག་ཡོང་རྒྱུ་རེད། དེ་དུས་ནི་ངལ་ལས་ནི་མི་བྱེད་ཞིང་ལས་ཀྱང་མི་འཇོན། དེ་ལས་མ་ཕྱིན་པ་ལེགས་ཟེར་བ་དེ་རེད། མཚམས་དེར་གཅུང་མོས་ཀྱང་ཨ་མོ་ཡང་ལོ་རིམ་བཞི་པ་བར་སློབ་གྲྭར་ཕྱིན་པ་རེད། དེ་ནས་སློབ་བཤོལ་བྱས་ཏེ་གྲོང་ཚོའི་ནང་ཞིང་ལས་བྱེད་པར་ལོག་པ་རེད་ཟེར་བར་ཉན་བཞིན།

  འདིར་བདག་གིས་ཁྱེད་ལ་སྐད་ཆ་ཞིག་བཤད་འདོད་དེ། ད་ཐེངས་དགུན་གསེང་རིང་ང་ཚོའི་ཁྱིམ་གྱི་དྲེལ་དེ་ཧ་ལམ་རྣམ་ཤེས་བརླག་པ་འདྲ་འདུག དེས་ཕྱུགས་ཁྱུ་མཉམ་དུ་གྲོང་ཚོའི་རྒྱབ་ཀྱི་སྤང་རིའི་ཐོག་རྩྭ་ཟ་རུ་མི་འགྲོ་བ་མ་ཟད་ཉིན་གང་རིང་གྲོང་ཚོའི་ལམ་ཟུར་གྱི་སྦྱར་སྡོང་རྐང་གཅིག་དེའི་འོག་ཏུ་ལངས་བསྡད་དེ་མིག་ཆུ་ཁྲོམ་ཁྲོམ་བཞུར་བ་དང་ཕྱི་དྲོའི་ཉི་མ་ནུབ་རྒྱུར་སྒུག་གིན། ཕ་རིའི་རི་རྩེའི་སྤྲིན་དཀར་གྱི་ཚོམ་བུ་དག་གཅིག་རྗེས་གཉིས་མཐུད་ངང་མཚམས་སྤྲིན་དུ་མངོན་རྗེས། གཞི་ནས་འཁྱར་འཁྱོར་དུ་ཁྱིམ་གྱི་སྒོ་ཁར་ལོག་པ་དང་དེར་ཉལ་རྗེས་ས་འོག་ཏུ་ཟུགས་པ་ལྟར་འགུལ་ཙམ་ཡང་མི་བྱེད།

  ཐེངས་ཤིག ཕ་རྣམ་རྒྱལ་ནོར་བུ་ན་རེ། ཁོ་སེམས་སྡུག་གིས་མནར་བར་བལྟས་ན་ཁོ་ཤི་གྲབས་ཡོད་པ་འདྲ་ཟེར།

  ཨ་མ་བདེ་སྐྱིད་ཀྱིས་སྐད་ཆ་དེ་གོ་རྗེས། མིག་ཀོང་ནང་ནས་མཆི་མའི་རྡོག་བུ་དབང་མེད་དུ་ཤོར་བ་དང་འདར་སྐད་མག་མོག་ངང་“ཨོཾ་མ་ཎི་པདྨེ་ཧུཿ་”ཟེར།

  དུས་དེར་སྐྱོ་གདུང་གི་སྤྲིན་ནག་ཞིག་ང་ཚོའི་སེམས་སུ་འཁོར་ཡོང་། དྲེལ་དེ་ང་ཚོ་དང་བྲལ་ཚེ་ང་ཚོ་ཚང་མར་སྐྱོ་སྣང་གི་མིག་ཆུ་འཁོར་ཡོང་བ་ཡིན།

  རྫོང་དུ་འབྱོར་རྗེས་གང་དྲན་འདི་དྲན་མེད་པར་ངའི་སེམས་ཁམས་རྦད་དེ་སྐྱོ་ཤས་ཀྱིས་འཐིབས་འདུག དེ་སྔ་སེམས་སུ་ཡེ་ནས་འཁོར་མ་མྱོང་བའི་དོན་འགའ་ཤུལ་མེད་དུ་སྐྱུར་མ་ཐུབ་པ་དང་། སློབ་ཚན་ཚོགས་རིང་སེམས་རྩེ་གཅིག་ཏུ་མི་གནས་ཤིང་སྐབས་འགར་དགེ་རྒན་གྱིས་བཀའ་བཀྱོན་གནང་བ་གཟེད་དགོས་བྱུང་།

  དེ་དུས་སློབ་ཚན་གྲོལ་ཏེ་སློབ་གསེང་ལུས་རྩལ་རྩེ་བར་འགྲོ་སྐབས། དེ་སྔ་ང་ལ་བརྙས་བཅོས་བྱེད་མཁན་རྫོང་ནང་གི་སློབ་མ་དེས་སློབ་ཁང་སྒོ་ཁར་ང་ལ་སླར་ཡང་ཁྲེལ་བགོད་བྱས་ཤིང་། ཁོས་“གུང་གསེང་རིང་ནང་གི་མནའ་མས་བྱམས་པོ་བྱས་བྱུང་ངམ། ཉིན་གང་རིང་སེམས་གནས་ཀྱི་མིན་འདུག་གཱ་”ཟེར་བཞིན་ཁོང་བགོད་བྱས། ངའི་དྲན་ཤེས་ཀྱི་ངོས་སུ་ཉིན་དེའི་དགོང་མོར་ཨ་མོའི་ངུ་མ་བགོད་ཀྱི་ཆགས་སྐད་དེ་དྲན་པ་དང་། དོན་དེས་ང་རང་ཁོང་ཁྲོ་ཆེན་པོ་ཟ་བར་བྱས་པས། ངས་ཁ་ཕྱིར་བསྒྱུར་ནས་བུ་དེའི་གདོང་པར་མུར་རྫོག་གཅིག་བཞུས་པ་ཡིན། ཁོ་དེ་མ་ཐག་རྒྱབ་ལོག་ཏུ་ཕྱིར་བསྣུར་ཤོར་བ་དང་ཁ་གྱེན་ལ་སློག་ཏེ་སློབ་ཁང་ནང་དུ་འགྱེལ་སོང་། ད་དུང་སྣ་ཁུག་ནས་སྣ་ཁྲག་དོན་བྱུང་། ངས་ཡང་བསྐྱར་ཁོའི་གྲོད་ཁོག་ལ་ཤུགས་ཆེན་པོས་རྡོག་ཐོ་འགའ་ཞུས་པ་ཡིན། སློབ་གྲོགས་གཞན་པ་ཚོས་དེ་མར་ང་འཇུས་ནས་བཀག་པ་དང་སློབ་ཁང་ཕྱི་ལོག་ཏུ་མར་འཐེན་བྱུང་།

  མཚམས་འདིར་སླེབས་རྗེས། ང་རང་ལ་ཆད་པ་གང་འདྲ་ཕོག་མིན་ནི་ཁྱེད་རང་གིས་འཆར་སྣང་ལ་རོལ་ན་རྟོགས་རྒྱུ་རེད།

  ཁོང་ཁྲོའི་མེ་ལྕེ་འབར་བཞིན་པའི་འཛིན་བདག་གིས་ངའི་ཨམ་ཅོག་ནས་འཐེན་པ་དང་། སློབ་ཁང་ནང་དུ་ང་ལ་རྐང་རྒྱག་ལག་ཞུ་བྱས་ཏེ་ཉེས་རྡུང་དྲག་པོ་བཏང་བ་མ་ཟད་ང་ལ་འཇིགས་སྣང་སླངས་ནས། ངས་མི་གཞན་རྡུང་པའི་སྨན་ཡོན་སྤྲོད་དགོས་ཟེར། བུ་དེའི་ཁྱིམ་བདག་ཀྱང་སློབ་གྲྭར་ཡོང་ནས་ང་ལ་ཐག་གཅོད་ནན་པོ་བྱེད་དགོས་ཞེས་རེ་བ་ཞུས་པ་རེད།

  ཕྱི་དྲོ་ང་རང་རྐང་པ་ཉ་སྒྲིག་ནས་སློབ་ཁང་ནང་ལངས་བསྡད་པ་དང་། སེམས་ནང་ཕ་རྣམ་རྒྱལ་ནོར་བུ་དང་ཨ་མ་བདེ་སྐྱིད་ཀྱི་ཡ་ང་བའི་གདོང་རིས་དེ་དྲན་བྱུང་། ཁོང་ཚོས་བ་ཕྱུགས་བཙོངས་ན་གཞི་ནས་ངའི་ཉེས་ཆད་འདི་སྤྲད་ཐུབ། བ་ཕྱུགས་དེ་ཚོ་ནི་ང་ཚོའི་ཁྱིམ་གྱི་རིན་ཐང་ཆེ་ཤོས་ཀྱི་རྒྱུ་ནོར་དེ་དག་ཡིན། ངའི་ཆེད་དུ་བ་ཕྱུགས་དེ་དག་བོར་མི་ཉན་པ་རེད། བྲོས་བྱོལ་བྱས་ཏེ་ལོག་པ་ཡིན་ན་སློབ་གྲྭས་ཅོག་རོ་གྲོང་ཚོར་ཡོང་ནས་རྗེས་དེད་གཏོང་གི་རེད། ཆོས་དགའ་ལགས་ཀྱིས་ལྷ་ས་ནི་ལྷ་བཞུགས་ས་ཡིན་ཟེར་བ་མ་ཡིན་ནམ། ངས་དེར་བྲོས་ན་ཁོང་ཚོ་སུས་ཀྱང་ང་རྙེད་མི་ཐུབ།

  ཉིན་དེའི་དགོང་མོའི་རང་སྦྱོང་གྲོལ་རྗེས། ངས་བརྗེ་པོ་རྒྱག་རྒྱུའི་གྱོན་གོས་བླུགས་པའི་དཔེ་ཁུག་འཁུར་ནས་གསང་སྤྱོད་ནང་འཇབ་པ་ཡིན། ཕྱི་ལོག་ཏུ་ཁ་ཁུ་སིམ་པོ་ཆགས་རྗེས། ངས་སློབ་གྲྭའི་ལྕགས་རིའི་གྱང་ནས་མཆོངས་པ་དང་གཞུང་ལམ་གྱི་ཕྱོགས་སུ་བྲོས་པ་ཡིན། དེ་དུས་ང་རང་ལོ་བཅོ་ལྔ་ཡིན།

  ཁྱེད་རང་དངོས་གནས་ཧ་ལས་ཧང་སངས་ཡོད་ངེས། ངའི་ལུས་ཐོག་མོག་ཙེ་གཅིག་ཀྱང་མེད་པར་ལྷ་སར་འགྲོ་ཐུབ་བམ། ཏག་ཏག་རེད། རྫོང་དང་ཁ་བྲལ་ནས་ཡུན་རིང་མ་འགོར་བར་ངས་རང་ཉིད་གནས་སྟངས་ཐབས་སྡུག་ཏུ་གྱར་བ་ཤེས་ཤིང་། ནམ་ཕྱེད་དུ་འགྲོ་གིན་འགྲོ་གིན་ཕོ་རྒྱུ་སྟོང་པ་དང་གྲོད་པ་ལྟོགས་པའི་ཁོག་སྒྲ་ཡང་ནས་ཡང་དུ་གྲགས་བྱུང་། གང་ལྟར་བྲོས་བྱོལ་དུ་འགྲོ་བའི་རྒྱུད་རིམ་ཡོང་རྫོགས་ངས་ཁྱེད་ལ་བཤད་དོན་མིན་འདུག འཇིག་རྟེན་འདིར་བྱམས་སྙིང་རྗེ་ཅན་གྱི་སྐྱེ་བོ་ནི་ཆད་མེད་ཅིང་། ལམ་བར་དུ་ང་ལ་ཟ་རྒྱུ་ད་གོན་རྒྱུ་སྟེར་མཁན་མ་ཆད་ལ། ཐ་ན་ཉིན་ཤས་གནས་ཚང་གཡར་མཁན་ཡང་འཕྲད་བྱུང་། ཟླ་བ་གཅིག་ཙམ་འགོར་རྗེས་ང་རང་གཞི་ནས་ལྷ་སར་སླེབས་ཟིན།

  ལྷ་ས་ནི་གྲོང་ཁྱེར་ཆེན་པོ་ཞིག་རེད། ངས་ལམ་གཡས་གཡོན་དུ་སློང་མོ་བྱེད་ཀྱིན། མི་ཚོས་ཀྱང་ང་ལ་སྦྱིན་པའི་ཟ་བཏུང་དང་དངུལ་སིལ་མ་དེས་ང་རང་མ་འོངས་པའི་ལྟོ་གོས་ལ་སེམས་ཁྲལ་དེ་ཙམ་མ་བྱུང་། ངས་སྒྲུབ་བྱ་ནི་ཞོགས་པ་ཉི་མ་ཤར་བ་དང་ཇ་ཁང་དང་ཟ་ཁང་ནང་དུ་ཕྱིན་ནས་སློང་མོའི་སྒོ་ནས་ཉི་མ་བསྐྱལ་རྗེས། ཕྱི་དྲོའི་ཆུ་ཚོད་ལྔ་པའི་གཡས་གཡོན་དུ་ཚ་ཟེར་རབ་ཏུ་འཕྲོས་པའི་གྱང་ཟུར་དུ་བསྡད་དེ་དངུལ་དམར་གྱི་རིན་ཐང་ཆེ་ཆུང་དབྱེ་གསེས་དང་གོ་རིམ་བཞིན་གྲལ་སྒྲིག་རྗེས། སླར་ཡང་དེ་དག་དྲེག་པས་ནག་ཚིལ་ཚིལ་བྱེད་པའི་ཨམ་ཕྲག་ནང་བསྡུ་བ་ཡིན།

  ངས་ལོ་གཅིག་ཙམ་རིང་དེ་ལྟར་སློང་མོའི་འཚོ་བ་མྱངས་རྗེས། ལྷ་སའི་གྲོང་ནང་གི་མི་མང་པོ་ཞིག་གིས་ང་རང་ངོ་ཤེས་ཤིང་། ཁོ་ཚོས་ང་ལ་སྦྱིན་པ་གནང་ནས་དངུལ་སིལ་མ་སྤྲོད་པ་དང་སྦྲགས། མིག་མདངས་ནང་ནས་ངའི་འཚོ་བ་སྐྱེལ་སྟངས་འདི་ལ་དོགས་སྣང་བྱེད་ཅིང་། མི་ལ་ལས་ང་རང་ལ་ལས་ཡུལ་ཐོག་ཏུ་དཀའ་སྤྱད་ངལ་རྩོལ་བྱེད་དགོས་པའི་ཁ་ཏ་སློབ་གསོ་རྒྱབ་མྱོང་།

  ངས་ཁོང་ཚོ་ཚང་མ་མི་བཟང་པོ་ཡིན་པ་ཤེས་ཀྱི་ཡོད་མོད། ང་རང་གིས་ལས་ཀ་བྱེད་པའི་བསམ་བློ་ཡེ་ནས་འཁོར་མ་མྱོང་། ཁྱེད་རང་དངོས་གནས་ཐུགས་ཡིད་ཆེས་མི་སྲིད་དེ། ངས་འདི་ལྟར་སློང་མོར་གོམས་པ་འདི་ཧ་ལམ་རང་གི་ལས་དབང་ཞིག་སྒུག་པ་འདྲ་པོ་འདུག དེ་ནི་ཚེ་སྔོན་བཏབ་པའི་རྒྱུ་ཞིག་ཚེ་འདིར་འབྲས་བུ་སྨིན་པར་སྒུག་པ་རང་རེད་འདུག

  དེ་དུས་སྟོན་མགོ་ཚུགས་ཟིན་ཙམ་ཞིག་ལ་རེད། བསང་དུད་ཀྱི་དྲི་ཞིམ་ལམ་ལམ་འཐུལ་བའི་ཁྲོད་དུ། ངས་ཀུན་སྐྱིད་ཇ་ཁང་གི་སྒོ་ཡོལ་ཡར་བཏེགས་ནས་འཛུལ་བ་དང་། མཐེ་བོང་ཀེར་ནས་དེར་ཡོད་ཇ་འཐུང་མཁན་རྣམས་ལ་དངུལ་ཙག་སློང་བའི་ཚེ། མི་རེ་འགས་ང་ལ་ཡིད་ཆད་དེ་“ལོ་ཆུང་ཆུང་འདི་འདྲ། སློང་མོ་བྱས་ན་མདུན་ལམ་ཞིག་གང་ན་ཡོད་ཨང་”ཟེར་བ་ཐོས་བྱུང་། ངས་མགོ་བོ་ཚུར་སྐོར་ནས་ལྟ་སྐབས། བགྲེས་སོང་དབུ་སྐྲ་དུང་ལས་དཀར་བ་ཞིག་གིས་རྐུབ་སྟེགས་ཐོག་ནས་དབུགས་རིང་ཤོར་འདུག ཁོང་གི་མིག་མདངས་སྤྱང་གྲུང་དོད་ལ། ཕྱག་ནང་དུ་ཕྲེང་བ་སྨུག་པོ་ཞིག་ཐོགས་ཤིང་བྲང་ཁོག་འབུར་འབུར་ངང་སྟོབས་དང་ཉམས་ཀྱིས་ཕྱུག་པ་ཞིག་རེད། དེའི་སྔོན་ལ་ངས་མི་འདི་མཐོང་མ་མྱོང་བ་ཅི་ཡིན་ནམ། ཁོང་གི་རྣམ་པ་དེས་ང་རང་ཅི་དྲན་འདི་དྲན་མེད་པར་མཐོང་སྣང་དོད་ལ་ཡིད་འཕྲོག་པར་བྱས་སོང་།

  དེ་མར་ཁོང་གིས་ང་རང་འཁྲིས་དེར་སྡོད་དུ་བཅུག་ནས་ཇ་འཐུང་དགོས་པའི་བརྡ་གནང་བྱུང་བར་ངས་ཀྱང་ཁ་ལ་ཉན་པོས་ཁོང་གི་འཁྲིས་དེར་བསྡད་པ་ཡིན། ཁོང་གིས་ངའི་སྐོར་གྱི་གནས་ཚུལ་དྲིས་བྱུང་བར་ངས་ཀྱང་རགས་རིམ་ཞིག་ཁོང་ལ་ཞུས་པ་ཡིན།

  ཁོང་གིས་ཁྱོད་ངའི་མཉམ་དུ་ཡོང་ན། ངས་རང་ལ་ལག་ཤེས་ཤིག་བསློབ་ཐུབ། དེ་འདྲ་བྱུང་ན་རང་ཕྱིས་སུ་རང་ཁ་རང་གསོ་ཐུབ་ངེས་གསུངས།

  ང་རང་དོན་དེར་མ་འདོད་པ་གང་ཡང་མེད་ཅིང་། ཇ་ཁང་ནས་དོན་རྗེས་ཁོང་དང་མཉམ་དུ་ཕྱིན་པ་ཡིན།

  བགྲེས་སོང་དབུ་དཀར་ཁོང་ནི་ད་བྱེད་དུས་ཞལ་ཐང་བཞེངས་མཁན་ལྷ་བྲིས་པ་ཞིག་རེད་འདུག ཁོང་གི་མཚན་ལ་བསམ་གྲུབ་ཡར་འཕེལ་ཞུ་ཡི་འདུག ཁོང་གིས་ང་རང་ཁོང་གི་ཞལ་ཐང་བཞེངས་སར་ལས་ཀར་བཅུག་བྱུང་བ་དང་། ང་ལ་གཏེར་རྫས་ངོས་འཛིན་དང་དབྱེ་བ་ཕྱེ་ཐབས་དང་། ཚོན་འདུལ་སྦྱོར། རི་མོ་འབྲི་སའི་རས་གཞི་ཉོ་སྟངས་སོགས་བསླབ་བྱུང་། བསམ་གྲུབ་ཡར་འཕེལ་ལགས་ཀྱིས་ད་དུང་《མདོ་མཛངས་བླུན་》དང་《སྟོན་པའི་རྣམ་ཐར་》《ས་སྐྱ་ལེགས་བཤད་》སོགས་བསྣམས་ནས་ང་རང་ལྟ་ཀློག་བྱེད་དུ་བཅུག་བྱུང་། དེ་དུས་ངས་རང་ཉིད་ནི་མི་རྙིང་པར་བསམ་བློ་གསར་པ་བཞུགས་པ་དང་མགོ་གསར་པ་ཞིག་ཚུགས་པ་ཚོར་ལ་དོན་དག་ཚང་མར་མཚར་སྣང་གིས་ཁེངས་བྱུང་།

  བསམ་གྲུབ་ཡར་འཕེལ་ལགས་ཀྱིས་མཚམས་རེ་ང་རང་ལྷ་སའི་ཉེ་འཁོར་གྱི་དགོན་པའི་ནང་ཁྲིད་འགྲོ་བ་དང་། ལྡེབས་རིས་ཐོག་གི་ལྷ་སྐུའི་སྣང་བརྙན་དང་བྱད་གཟུགས་ལ་ཞིབ་ལྟ་བྱེད་དུ་འཇུག་ཅིང་ལྷ་སྐུ་རེ་རེའི་སྒྲུང་གཏམ་འགྲེལ་བཤད་གནང་གིན་ཡོད། ལྷ་སྐུ་མང་པོའི་དབུས་ནས་ང་རང་སྤྱན་རས་གཟིགས་ལ་དགའ་མོས་སྐྱེས་བྱུང་། དེའི་རྒྱུ་མཚན་ཡང་ཁོང་ལ་འགྲོ་བ་འདྲེན་པའི་ཕུགས་འདུན་ཆེན་པོ་ཡོད་པས་མ་ཚད་སྙིང་རུས་ཆེན་པོའི་བློ་སྟོབས་ལྡན་པ་དང་། དེའི་སྤྱན་རས་ལས་བྱམས་བརྩེ། སྙིང་རྗེ། ཤེས་རབ་སོགས་གཟིགས་ཡོད།

  དགོང་མོ་ང་རང་གཅིག་པུར་རི་མོ་ཁང་དུ་ཡོད་དུས། ངས་ཤོག་དཀར་གྱི་ངོས་སུ་ཐེངས་དང་པོར་བྱང་སེམས་སྤྱན་རས་གཟིགས་ཚོད་འབྲི་བྱས་པ་ཡིན། འོན་ཀྱང་ངས་བྲིས་པ་དེ་ཚོན་མདངས་ཁྱད་པར་ཤོར་བ་དང་བཟོ་ལྟ་ཡང་འཁྱོག་པོ་ཞིག་ལས་མ་བྱུང་བས། ངས་རང་ཉིད་ཀྱིས་ལག་རྩལ་འདི་ཤེས་ཨེ་ཡོང་སྙམ་པའི་བློ་དོགས་དང་སེམས་ཁྲལ་འཕར་མ་ཞིག་སྐྱེས་བྱུང་།

  ལྷ་སར་སླར་ཡང་རླུང་བུ་ལྡང་བྱུང་། དེ་ནི་དཔྱིད་གསར་གྱི་དྲོད་རླུང་རེད། ཁང་ཀླད་དུ་ལོ་གསར་བསུ་བར་བཏགས་པའི་དར་ཚོན་སྣ་ལྔ་གསར་གསར་དག་བཀྲག་མདངས་དོད་པོས་གྱ་གྱུར་གཡོ་བཞིན་ཐཱབ་ཐཱབ་ཐཱབ་ཀྱི་སྒྲ་ཡང་ཐོས་ཡོང་། རི་མོ་མཁན་ཞིག་ཡོད་པ་དེས་ང་ལ་རང་སང་ཉིན་བསམ་གྲུབ་ཡར་འཕེལ་ལགས་ཀྱི་ཁྱིམ་དུ་ཤོག་ཟེར་བྱུང་ཞེས་ལན་སྤྲད་བྱུང་།

  ཉིན་གཉིས་པའི་ཞོགས་པར། ང་རང་བསམ་གྲུབ་ཡར་འཕེལ་ལགས་ཀྱི་ཁྱིམ་དུ་འབྱོར་རྗེས། ཁོང་གིས་བོད་ཆས་གསར་རྐྱང་ཞིག་གྱོན་འདུག་ཅིང་། ཞལ་གྱི་ཨ་ར་དཀར་པོ་དེ་ཡང་གྲལ་དག་པར་སྣང་། ཁོང་གི་ལྕམ་ད་ལྟ་བསང་ཁུང་ནང་བསང་གཏོང་བཞིན་འདུག དང་ཐོག་དུ་བ་སྐྱ་བོ་ཞིག་འཕྱུར་བ་དང་རིམ་བཞིན་དུ་ཁུང་ནང་གི་དུ་བའི་མདོག་ཏུ་མངོན་བཞིན་མཁའ་དབྱིངས་སུ་ཡར་ཡོར་དུ་འཕགས་སོ།།

  བསམ་གྲུབ་ཡར་འཕེལ་ལགས་ན་རེ། དེ་རིང་བཀྲ་ཤིས་པའི་ཉིན་བཟང་ཞིག་རེད། ངས་རང་དགེ་ཕྲུག་ཏུ་བསྡུ་རྒྱུ་ཡིན་གསུངས།

  ལྕམ་ལགས་ཀྱིས་ང་ལ་ཁ་བཏགས་དཀར་གཙང་ཞིག་སྤྲད་དེ་རྒན་བསམ་གྲུབ་ཡར་འཕེལ་ལགས་ལ་སྒྲོན་དུ་བཅུག་བྱུང་།

  བྱེད་སྒོ་ཧ་ཅང་སྟབས་བདེ་ཞིང་། དེ་ནས་རྒན་ལགས་ཀྱིས་བདག་ལ་གྲོ་འབྲས་ཕོར་གང་གནང་ནས་བཀྲ་ཤིས་རྟེན་འབྲེལ་མཚོན་པར་གནང་བྱུང་།

  ཉིན་དེ་ནས་བཟུང་། བདག་ཉིན་ལྟར་རྒན་ལགས་ཀྱི་སྐུ་མདུན་དུ་ཕྱིན་ནས་ཐང་ག་འབྲི་བཞེངས་ཀྱི་ལག་རྩལ་སྦྱངས་མགོ་ཚུགས་པ་ཡིན།

  ལོ་ངོ་བཞི་ཡི་རིང་ལ་ནན་ནན་ཏན་ཏན་ངང་འབད་བརྩོན་བྱས་པ་བརྒྱུད། བདག་གིས་ཐང་ག་འབྲི་བཞེངས་ཐད་རང་གཅིག་པུས་མགོ་མཇུག་འཁྱོངས་ཐུབ་པ་བྱུང་།

  དེའི་རིང་ངས་གཅུང་མོ་སློབ་ཆུང་ཐོན་ནས་ཅོག་རོར་ལོག་པ་ཤེས་རྟོགས་བྱུང་ལ། ལོ་གཉིས་ཀྱི་རྗེས་སུ་ཕ་མ་གཉིས་ནས་གཅུང་མོ་བྲེ་གོང་གྲོང་ཚོར་མནའ་མར་བཏང་བ་དང་། མགོན་མགོན་ནི་ཕྲུ་གུ་བཞིའི་ཕ་རྒན་ཆགས་པ་ཡང་ཧ་གོ་བྱུང་། གོ་ཐོས་དེ་དག་གིས་གཅིག་ནས་ང་རང་དགའ་ཚོར་སྐྱེ་རུ་འཇུག་ལ་ཡང་ཁོ་ཚོའི་མི་ཚེའི་ལས་དབང་དེར་སྐྱོ་སྣང་དང་ཕངས་སེམས་སྐྱེས་པར་བྱེད། ངའི་བསམ་པར་གལ་ཏེ་སྐབས་དེ་དུས་ངས་སློབ་གྲྭ་ནས་བྲོས་བྱོལ་ཕྱིན་མེད་ན། ང་ཡང་གཏན་འཁེལ་ཅོག་རོར་ལོག་ཡོད་པ་དང་། ཕ་མེས་ཚོ་ནང་བཞིན་ས་རས་མེད་ཅིང་རྡོ་ཁ་དཀྲོག་པའི་ཞིང་ངན་དེའི་ཐོག་ཏུ་ཁེར་རྐྱང་ངང་ཞི་འཇམ་གྱི་འཚོ་བ་བསྐྱལ་ཡོད་ངེས། བདག་གིས་མི་གཞན་བརྒྱུད་དེ་ཁྱིམ་དུ་འཕྲིན་ཡིག་དང་འདྲ་པར་འགའ་བསྐུར་བ་ཡིན།

  ཡང་ལོ་གཅིག་འདས་རྗེས། ངས་ཕ་མ་སྤུན་མཆེད་ཚོ་དྲན་པོ་ཞིག་བྱུང་བས་རྒན་ལགས་ལ་ཕ་ཡུལ་དུ་ལོག་ཙམ་བྱེད་ཆོག་པའི་རེ་བ་ཞུས་པ་ཡིན། རྒན་ལགས་ཀྱིས་བྲང་ཁོག་མདུན་དུ་འཕྱངས་པའི་སྨྲ་ར་དཀར་པོ་དེར་བྱིལ་བྱིལ་གནང་གིན། མོས་མཐུན་སྣང་བའི་རྣམ་འགྱུར་སྟོན་བཞིན་ཟླ་བ་གཅིག་གི་དུས་ཚོད་གནང་བྱུང་།

  ཅོག་རོའི་ལུག་རྒྱུ་ལྟ་བུའི་ལམ་དོག་པོ་དེ་ད་ཆ་ཡངས་ཤིང་ཆེ་བའི་གཞུང་ལམ་དུ་བསྒྱུར་འདུག་ཅིང་། དེའི་ཐོག་ཏུ་རྡུལ་ཚུབ་ཚུབ་ཏུ་སློང་བཞིན་པའི་རླངས་འཁོར་དང་སྦག་སྦག་ཕར་འགྲོ་ཚུར་འོངས་དུ་འཕུར་བ་བཞིན་བསྐྱོད་ཀྱིན་འདུག་ལ། དེ་སྔོན་ལམ་ཐག་ཉིན་གསུམ་འགྲུལ་བཞུད་བྱ་དགོས་པ་དེར་ད་ལྟ་ཆུ་ཚོད་གཉིས་ལས་འགོར་གྱི་མིན་འདུག

  ལོ་མང་རྗེས་ཀྱི་དེ་རིང་སླར་ཡང་ཕ་རྣམ་རྒྱལ་ནོར་བུ་དང་ཨ་མ་བདེ་སྐྱིད་གཉིས་མཐོང་བའི་ཚེ། ཁོ་གཉིས་མཉམ་དུ་ཁང་པའི་སྒོ་འགྲམ་གྱི་ཤིང་སྡོང་བཅད་ཤུལ་དེའི་ཐོག་ཏུ་བསྡད་ཅིང་། སྣ་ཐ་འཐེན་གིན་མགོ་བོ་སྐྱ་རིལ་རིལ་དེ་ཕར་ཡོ་ཚུར་ཡོ་བྱེད་ཀྱིན་འདུག ལོ་དྲུག་གི་རིང་འགྱུར་ལྡོག་མང་པོ་ཕྱིན་འདུག མགོན་མགོན་ནི་ད་ཆ་སྔར་གྱི་ཕ་རྣམ་རྒྱལ་ནོར་བུ་དེ་ཆགས་ཤིང་། རྐང་པ་གཉིས་ཅུང་ཟད་དཀྱིལ་ཀྲུང་དུ་བསྡད་དེ་ངོ་གདོང་ནས་རྣམ་འགྱུར་གང་ཡང་མི་སྟོན། ཨ་མོས་བྲང་སྣེའི་འོ་འཛིན་ལྷུག་ལྷུག་ཆེན་པོ་དེ་ནས་ཕང་བའི་ནང་གི་བྱིས་པ་སྐྱོར་ནས་འོ་མ་བསྣུན་གིན་ཁ་ནས་ད་གིན་ས་རྡོའི་ནང་རྩེད་མོར་མགོ་འཁོར་བའི་ཕྲུ་གུ་ཐལ་རལ་ཚུབ་ཚུབ་གཞན་ཚོར་ཁ་རྡུང་གཏོང་གིན་འདུག

  དོན་དག་དེ་དག་མཐོང་བ་དང་ངས་སླར་ཡང་རང་གི་བྱིས་དུས་དང་དར་ལ་བབས་སྐབས་ཀྱི་དྲན་ཤེས་དེ་སྔོག་རྒྱུ་བྱུང་།

  ང་ཚོ་ཉི་འོད་ནུས་པའི་གློག་སྒྲོན་འོག་ཏུ་བསྡད་དེ་ལོ་ཤས་རིང་གི་འཚོ་བའི་འགྱུར་ལྡོག་སྐོར་ཅི་གྲོས་མོལ་གྲོས་བཏང་། བར་དེར་མགོན་མགོན་གྱི་ཕྲུ་གུ་དེ་དག་མཚམས་མཚམས་སུ་རྒྱག་རེས་རྒྱག ཕྲུ་གུའི་ངུ་སྐད་དེས་རེ་ཞིག་ང་ཚོའི་སྐད་ཆའི་མཚམས་ཆད། ཨ་མོས་རེ་འགར་ཡར་ལངས་ནས་ལག་ཏུ་དབྱུག་པ་ཞིག་འཁྱེར་ནས་ཕྲུ་གུ་ཚོའི་རྩོད་པ་འདུམ་པར་བྱེད། ལོ་ཟླའི་འཁོར་རེས་དེས་ཨ་མོའི་ངོ་གདོང་ཐོག་གི་དེ་སྔའི་མི་སེམས་འཕྲོག་པའི་ངོ་ཚ་སྨིན་པོ་དེ་བརྐུས་ཟིན། ཅུང་ཟད་གྱེན་དུ་གུག་པའི་མཆུ་སྒྲོས་དེ་ཡང་སྐྱ་སོབ་སོབ་ཏུ་འཆར།

  ཕ་རྣམ་རྒྱལ་ནོར་བུས་མནོ་བསམ་སྐོར་ས་གཙོ་བོ་དེ་ནི་སྐད་ཆ་སྐོར་ནས་ང་ལ་རང་གི་ཆུང་མ་ཡོད་མེད་གོ་ཉན་བྱེད་པ་རེད། ངས་ཀྱང་སྐད་ཆ་མག་མོག་དང་སྦྲགས་ཁོང་ལ་ད་དུང་ང་རང་མི་གཅིག་རང་ཡིན་ཚུལ་གྱི་ཟུར་ཙམ་བཤད་པ་དང་། ཁོང་གདན་ཐོག་ནས་ཡར་ལངས་ནས་ཉལ་བར་ཕྱིན་སོང་། ཨ་མ་བདེ་སྐྱིད་ཀྱང་མ་ཎི་འདོན་མཚམས་བཞག་ནས་ངེད་བུ་སྤུན་གཉིས་ལ་སྔ་ཙམ་ངལ་གསོ་རྒྱོབ་ཅེས་དྲན་སྐུལ་བྱས་ཤིང་། ང་ཡང་ཡར་ལངས་ནས་ནང་མིས་གསར་དུ་བརྒྱབ་པའི་ཟུར་ཁང་དེའི་ནང་ཉལ་བར་ཕྱིན།

  སྐུ་ཞབས་ཆོས་དགའ་ལགས་ནི་ལོ་བཞིའི་གོང་ནས་གྲོངས་ཟིན་ལ། ཁོང་གི་ཁང་པའི་མདུན་གྱི་ཁམ་སྡོང་དེའི་ཐོག་རལ་པ་ལྟ་བུའི་ཁམ་བུའི་འབྲས་བུས་ཁེངས་འདུག སྒོ་རའི་རྒྱབ་སྒོ་དེ་སྒོ་ལྕགས་ནག་པོ་ཞིག་གིས་དམ་པོར་གཏན་འདུག་པར་བསམ་ཚེ། དེས་གཏམ་རྒྱུད་ཅིག་གི་མཇུག་བསྡུ་རྒྱུ་ཡིན་པ་དང་འདྲ་བར། ཚོས་ལོག་པའི་ཤིང་སྒོ་དེ་ཉི་མས་སྲེག་ནས་སྐམ་གས་ཐེབས་འདུག གས་སྲུབས་དེ་ནས་བལྟས་ཚེ་རྩ་ལྡུམ་སྙིགས་རོ་དང་རྩ་ཡན་སྐྱེས་པའི་སྒོ་རའི་ཟུར་གཅིག་མཐོང་གི་འདུག ངས་རྡོ་ཧྲུག་དང་གཡའ་མའི་ལམ་དེར་འགྲོ་གིན་རྣ་བར་ཆོས་དགའ་ལགས་ཀྱིས་ང་རང་འབོད་པའི་སྐད་ཅིག་གོ་བྱུང་། ངས་ཕྱིར་བལྟས་སློག་ནས་ལྟ་སྐབས། ཕ་གིའི་གྱང་དམའ་མོའི་ཉག་ཁ་དེ་ནས་ཁྱིའི་མཇུག་མ་འདྲ་བའི་རྩྭ་རྐང་ཞིག་རླུང་བུའི་ཁྲོད་གཡོ་བཞིན་འདུག

  གཅུང་མོ་ཁྱིམ་མཚེས་གྲོང་ཚོ་ནས་ལོག་ཡོང་ནས་ང་ལ་ཐུག་འཕྲད་དུ་སླེབས་འདུག ཁོ་མོ་ད་ཆ་ཕྲུ་གུ་གསུམ་གྱི་ཨ་མ་ཆགས་འདུག་ཅིང་། འཚོ་བའི་དཀའ་ངལ་ཆེན་པོ་ཡོད་རྐྱེན་ཁོ་མོའི་གདོང་མདོག་ཉམ་ང་བར་ཤར་ལ་ལག་གཉིས་པོ་མཁྲེགས་པོ་དང་རྩུབ་པོར་སྣང་། མིག་གཉིས་ཀྱང་རྫི་རྡིབ་འདུག

  ངས་ཁོ་མོར་འཚོ་བ་དཀའ་ངལ་ཆེན་པོ་འདུག་གམ་ཞེས་དྲིས་པར། མོས་མིག་ཆེན་པོ་ཞིག་གདངས་ནས་ང་ལ་ལྟ་བཞིན་དོན་དག་འདི་ང་ལ་དྲི་བ་ནི་བགད་མོ་སློང་བ་རང་རེད་མདོག་མདོག་སྟོན། ཁོ་མོའི་བསམ་བློའི་ནང་འཚོ་བ་ནི་མ་གཞི་ནས་དེ་འདྲ་ཞིག་ཡིན་ལ། མ་གཞི་ནས་དེ་འདྲ་ཡིན་ཚར་དུས་དཀའ་བ་དང་མི་དཀའ་བ་བཤད་དོན་གང་ཡོད་སྙམ་གྱི་ཡོད། གཅུང་མོའི་ལྐུགས་རྟགས་འདིས་ངའི་སྙིང་ཁར་གྲི་བསྣུན་པ་ལྟར་ངུ་འདོད་ཀྱང་མིག་ཆུ་མ་ཤོར་བའི་ཚད་དུ་སླེབས།

  གཅུང་མོ་དང་ཕ་མ་གཉིས་ཀྱང་འབྲེལ་འདྲིས་དེ་ཙམ་བྱེད་ཀྱི་མིན་འདུག་མོད། ཡིན་ཀྱང་ཁོ་ཚོའི་འདོད་འདུན་ལྟར་ལྷག་བསམ་དག་པའི་སྨོན་ལམ་ལྷན་དུ་འདེབས་འདོད། དུས་དེར་གཅུང་མོའི་གདོང་ལས་ཡུན་རིང་ཁུ་སིམ་ཁྲོད་ཀྱི་འཛུམ་མདངས་དེ་སྟོན་བྱུང་།

  གཅུང་མོས་མོའི་ལོ་གཉིས་ཟིན་པའི་ཕྲུ་གུ་སྒལ་པར་འཁྱེར་བ་དང་མགོན་མགོན་གྱིས་ངས་གཅུང་མོར་ཉོས་པའི་ཅ་དངོས་འཁྱེར་རོགས་བྱས་ཏེ་ཅོག་རོ་ནས་ཁ་གྱེས་སོང་།

  ཕ་རྣམ་རྒྱལ་ནོར་བུ་དང་ང་རང་ཁང་པའི་སྒོ་འགྲམ་གྱི་ཤིང་དུམ་དེའི་ཐོག་ཉི་མ་བསྲོས་བཞིན་ཚ་སོབ་སོབ་ཏུ་བསྡད། གཅུང་མོར་ཕ་གིའི་ཁྱིམ་ཚང་དེས་ལྟ་རྟོག་ཡག་པོ་བྱེད་ཀྱི་ཡོད་རེད་པས་ཅེས་དྲིས་པར། ཕ་རྒན་གྱིས་སྣ་ཐ་མཛུབ་མོ་གང་འཐེན་གིན་ཁ་ནང་ནས་སྣ་ཐའི་དུ་བ་སྐྱ་ཐལ་ཐལ་དུ་ཕུད་པ་དང་། ཁྱིམ་ཚང་ཀུན་གྱི་བག་མ་དང་གཅིག་པ་རེད་ཟེར། ལན་འདིས་ང་རང་སླར་ཡང་ཨ་མོ་དྲན་དུ་བཅུག་ཤིང་ངས་བསྐྱར་དུ་གཅུང་མོའི་སྐོར་དྲིས་མེད།

  ཉིན་དེའི་མཚན་མོར་ང་རང་ཉལ་ཆས་ནང་གཉིད་ཡོད། འཁྲིས་ཀྱི་ཁང་པའི་སྒོ་“ཙིར་”སྒྲ་ཕྲ་མོ་ཞིག་གྲགས་ཀྱིན་ཕྱེ་སོང་། དེ་མར་གྲིབ་མ་ནག་པོ་ཞིག་ངའི་ཉལ་ཁང་དུ་འཛུལ་བྱུང་། ངས་མྱུར་དུ་གློག་ཞུ་སྤར་ནས་དེར་ལྟ་སྐབས། གློག་ཞུའི་འོད་མདངས་ཁྲོད་ཨ་མོས་ལུས་ཕྱུ་པས་བཏུམས་ཏེ་དེར་རྐང་རྗེན་མར་ལངས་བསྡད་འདུག མོའི་ལག་ངར་ཤ་རྩ་དཀར་པོ་དེ་གཉིས་བྲང་གཞུང་དུ་བསྣོལ་མར་བསྡུས་འདུག་ཅིང་གློག་ཞུའི་འོད་ནང་ཚུལ་དེ་མིག་ལ་ཟན། ངས་ག་རེ་བྱེད་པ་ཡིན་ཞེས་དྲིས་པར། ཨ་མོ་ཧད་ལངས་པ་དང་སྐད་ཤུགས་ཆུང་ངུས། ཁྱེད་ལ་ཉལ་རོགས་ཏུ་ཡོང་བ་ཡིན་ཟེར། ངས་གློག་ཞུ་མོར་གཏད་དེ་ང་ལ་མི་དགོས། རང་ཕྲུ་གུ་ཚོའི་འཁྲིས་སུ་ཉལ་བར་སོང་ཞེས་བཤད་པ་ཡིན། མོ་རང་བྱ་དཀའ་བྱེད་གཏད་མི་ཡོང་བའི་ཆེད། ངས་གློག་ཞུའི་གློག་སྒོ་བརྒྱབ་པ་དང་གྲིབ་མ་དེ་ཡང་སྒོ་ཁར་དོན་སོང་། ཁང་པའི་སྒོ་ཕྱེ་བས་ཟླ་འོད་སྐྱ་ལམ་མེར་ཁང་པའི་ནང་འཕྲོས་བྱུང་། ང་རང་ཉལ་ཆས་ནང་འཛུལ་རྗེས། སླར་ཡང་ཨ་མོའི་དེ་སྔོན་ཆགས་པ་སྤྱོད་པའི་སྐད་ངུ་མ་བགོད་དེ་དྲན་ཡོང་ཞིང་། ཨ་མོས་གཏན་འཁེལ་ང་ལ་ཚིག་པ་ཟ་ངེས་རེད་ཨང་།

  རྗེས་ཀྱི་ཉིན་བཅུ་གྲངས་རིང་ཨ་མོ་ནི་སྔར་རྒྱུན་བཞིན་གཅིག་པ་རེད་འདུག་ལ། ངོ་ཚ་དང་སྣང་དོགས་གང་ཡང་མིན་འདུག་ཀྱང་དེའི་རྗེས་ནས་བཟུང་ང་ཉལ་སའི་ཟུར་ཁང་དུ་གོམ་པ་གང་ཡང་མི་ཡོང་བ་རེད།

  ང་རང་འགྲོ་ཁར་ཕ་རྣམ་རྒྱལ་ནོར་བུ་དང་ཨ་མ་བདེ་སྐྱིད་ལ་ཁོང་གཉིས་ང་མཉམ་དུ་ལྷ་སར་འགྲོ་ཞེས་བཤད་པར། ཨ་མ་བདེ་སྐྱིད་ཀྱིས་སྐད་ཆ་དེ་ཐོས་མ་ཐག་མིག་ཆུ་ཉིལ་ཉིལ་དུ་ངུས་བྱུང་། ཤ་རིད་པའི་དཔུང་པ་དེ་སྣམ་བུའི་སྟོད་གོས་འོག་ཏུ་ཡོམ་ཡོམ་དུ་འདར་བཞིན་འདུག ཕ་རྣམ་རྒྱལ་ནོར་བུ་ནི་དེ་མར་ལག་པས་ཁ་བཀབ་ཀྱིན་མགོ་བོ་དཀར་སྐྱ་དེ་གཡུག་གཡུག་བྱེད་འདུག

  དེ་རྗེས་སུ་ང་ཚོ་འདི་ནས་ཁ་བྲལ་རྒྱུ་མིན། ཞིང་ནང་གི་ལོ་ཏོག་ལ་འབྲས་བུ་སྨིན་འདུག ད་རྔ་བསྡུ་བྱེད་རན་སོང་ཞེས་ངག་གསལ་པོས་བཤད།

  དེར་ངས་ཀྱང་རྔ་བསྡུ་མགོན་མགོན་དང་ཨ་མོས་བྱེད་ཀྱི་རེད་ཅེས་ལབ་པར།

  ཕ་རྒན་གྱིས་མཆུ་ཏོ་གཉིས་དལ་མོར་གདངས་ནས། ང་ཞིང་ལས་ལས་པ་ནས་བཟུང་། ལོ་ཏོག་རྐང་གཅིག་རྐྱང་མ་བསྡུས་པ་མེད། ས་ཞིང་འདི་དྲིན་དང་སྙིང་རྗེ་ཆེན་པོ་ཡིན། དེས་ང་ཚོས་ལ་འབྲུ་རིགས་སྟེར་བས་ང་ཚོ་མི་རབས་ནས་མི་རབས་རིགས་རྒྱུད་སྤེལ་བ་རེད་ཅེས་ཟེར།

  སྐད་ཆ་འདི་ཉན་རྗེས་ངས་ཡང་བསྐྱར་ལན་མ་སློག་པར་སྐབས་རྗེས་མར་རེ་སྒུག་བྱས་པ་ཡིན།

  ང་རང་རྒན་ལགས་ཀྱི་རེ་བ་ལྟར་དུས་ཐོག་ཏུ་ལྷ་སར་ལོག་པ་ཡིན།

  སྐབས་དེ་དུས་ལྷ་སར་ཡུལ་སྐོར་དུ་ཡོང་མཁན་ཧ་ཅང་མང་པོ་ཡོད་པ་དང་ཚོང་པའི་མངགས་བཅོལ་ལྟར་མངགས་བཟོ་བྱས་པའི་ཐང་གའི་གྲངས་འབོར་ཧ་ཅང་མང་བས་ང་ཚོའི་རི་མོ་འབྲི་བའི་ལས་འགན་ཉིན་བཞིན་ལྕི་རུ་སོང་།

  ང་ཅོག་རོ་ནས་ལོག་ཡོང་རྗེས་ཀྱི་ལོ་གཉིས་པར།ཕ་རྣམ་རྒྱལ་ནོར་བུས་རྫོང་ནས་བརྒྱབ་པའི་ཁ་པར་འབྱོར་བྱུང་།ཁོང་གིས་ང་ལ་ཨ་མོ་རི་སྟེང་ནས་ཤིང་བཅད་དེ་ལོག་ཡོང་སྐབས་འགྱེལ་ནས་ཕྲུ་གུ་ཤོར་ཞིང་།ཁྲག་མང་པོ་ཤོར་ནས་གྲོངས་སོང་རེད་ཞེས་བཤད་བྱུང་།ངས་གཏམ་ངན་འདི་གོ་མ་ཐག་རང་དབང་མེད་པར་མིག་ཆུའི་ཐིགས་ཕྲེང་བར་མེད་ཤོར་སོང་།ཉི་འབྲུའི་དབྱིབས་ཀྱི་གདོང་པ་ནར་མོ་དེ་དང་ཡར་གྱེན་དུ་ཕྱོགས་པའི་མཆུ་སྒྲོས་དེ་ངའི་ཀླད་པའི་ནང་དུ་གསལ་བར་འཁོར་བཞིན།ངས་རྒན་ལགས་ལ་ཉིན་འགའ་ལ་དགོངས་པ་ཞུས་པ་དང་།དགོན་པ་སོ་སོར་སོང་ནས་མཆོད་འབུལ་བྱས་པ་ཡིན།དེ་ཡང་ཁོ་མོའི་རྣམ་ཤེས་དེ་སྔ་ཙམ་དུ་བདེ་འགྲོ་ཐུབ་ཆེད་ཡིན།

  ང་རི་མོ་ཁང་དུ་ཕྱིན་པ་དང་རྒན་ལགས་མཇལ་བྱུང་།ཁོང་གིས་ང་མདུན་དུ་སྡོད་དུ་བཅུག་པ་དང་།མོ་ལ་སྐུ་བརྙན་གང་ཞིག་འབྲི་དགོས་པ་དྲིས་གནང་བྱུང་།ངས་ཁོང་གིས་དྲིས་པ་དེར་ལན་ཇི་ལྟར་འདེབས་དགོས་པ་མ་ཤེས།རྒན་ལགས་ཀྱིས་སྨིན་མ་བསྡུས་པ་དང་གསལ་བཤད་མི་གནང་བར།སླར་ཡང་ཁྱོད་ཀྱི་ཚེ་ལས་འདས་པའི་ཆུང་མའི་ཆེད་དུ་སྐུ་བརྙན་ག་རེ་བཞེངས་དགོས་ཞེས་དྲིས་བྱུང་།རྒན་ལགས་ཀྱི་ཞལ་ནས་ཆུང་མ་ཞེས་པའི་མིང་ཚིག་འདི་ཐོས་རྗེས།ངའི་གདོང་དང་ཨམ་རྩ་གློ་བུར་དུ་དམར་པོར་གྱུར་སོང་།དུས་ཚོད་མི་ཐུང་བ་འགོར་རྗེས།ངས་གཞི་ནས་ང་ཚོའི་དེར་འདི་འདྲ་དར་སྲོལ་མེད་ཅེས་ལན་བཏབ།མོ་རང་ཁྱོད་ཀྱི་ཆེས་བརྩེ་བ་ཟབ་པའི་མི་དེ་རེད།དེ་ཡིན་དུས་སྤྱན་རས་གཟིགས་ཀྱི་སྐུ་བརྙན་བཞེངས་ན་འགྲིག་ཅེས་རྒན་ལགས་ཁོང་གིས་ངའི་ཚབ་ཏུ་ཇུས་བཏོན་ཐག་ཆོད་གནང་།

  ངས་ཉིན་ལྟར་ཐང་ག་འབྲི་བའི་ལས་འགན་ལེགས་སྒྲུབ་བྱས་རྗེས་དགོང་མོའི་ཁོམ་ལོང་གི་དུས་ཚོད་སྤྱད་དེ་ཨ་མོ་ལ་སྤྱན་རས་གཟིགས་ཀྱི་སྐུ་བརྙན་བཞེངས་ཀྱི་ཡོད།ཐང་ག་འདིའི་འབྲི་བཞེངས་ལས་རིམ་ཧ་ཅང་དལ་ལ་ངས་སེམས་རྣལ་དུ་ཕབ་ནས་ཟབ་ནན་ཆེན་པོས་བྲིས་པ་ཞིག་ཀྱང་ཡིན།སྤྱན་རས་གཟིགས་ཀྱི་སྤྱན་ཟུང་དེ་འབྲི་བའི་སྐབས་སུ།ངས་མཐའ་ཡས་པའི་བརྩེ་བ་དང་བྱམས་སྙིང་རྗེ་ལྡན་པའི་འོད་འཇམ་པོ་དེ་འདྲ་འབྲི་མི་ཐུབ་པར་སུན་སྣང་སྐྱེས་ཤིང་།ཉིན་བཅུ་ཕྲག་ཁ་ཤས་རིང་སྨྱུ་གུ་འགུལ་ཐབས་བྲལ།ང་གྱང་ཟུར་དུ་བསྡད་ནས་ཅོག་རོ་ཐེངས་རེ་དྲན་པ་དང་ཡང་དང་ཐོག་ཨ་མོ་མཐོང་བའི་རྣམ་པ་ལ་ཕྱིར་དྲན་བྱས་མོད།འོན་ཀྱང་དེས་ང་ལ་ཕན་པ་ཅི་ཡང་མ་ཐོགས།

  ངས་སེམས་སྡུག་ངང་དཀའ་སྡུག་རེ་རེ་བཞིན་རྒན་ལགས་ལ་ཞུས་པར།རྒན་ལགས་ཀྱིས་སྨ་ར་དཀར་པོ་རིང་པོ་དེ་ལ་བྱིལ་བྱིལ་གནང་གིན།མཚམས་རེར་སྤྱན་བཙུམ་པ་དང་མཚམས་རེར་སྤྱན་གདངས་ནས་གསན་སོང་།མཇུག་དེར་རྒན་ལགས་ཀྱིས་བདག་ལ།ཁྱོད་ཀྱིས་བྲིས་མ་ཚར་བའི་རི་མོ་དེ་འཁྱེར་ནས་ཡུལ་ལ་ལོག་སོང་།དེ་ནས་ཁྱོད་ལ་དགོས་པའི་ཚོར་བ་དེ་རྙེད་ཐུབ།འཇིག་རྟེན་མི་ཡུལ་འདིར་སྙིང་རྗེ་མེད་པ་མ་རེད།ང་ཚོའི་མིག་མ་རིག་པས་སྒྲིབ་པ་ཙམ་རེད་ཅེས་གསུངས།

  བདག་གིས་རྒན་ལགས་ཀྱི་སློབ་སྟོན་ལྟར་ཨ་མོ་ཡི་ཉིན་བདུན་བདུན་བཞི་བཅུ་ཞེ་དགུ་མ་ཐོན་པའི་སྔོན་ལ་ཡང་བསྐྱར་ཅོག་རོར་འགྲོ་བའི་ལམ་ལ་ཆས།ལམ་བར་དུ་ངས་ཨ་མ་བདེ་སྐྱིད་དང་ཨ་མོ།གཅུང་མོ་དྲན་བཞིན།ཁོ་ཚོའི་མི་ཚེའི་ཀྱག་ཀྱོག་ལ་འདང་རྒྱག་གིན།འགྲུལ་བཞུད་ཀྱི་མགོ་ནས་མཇུག་བར་སེམས་ཁམས་ཡོངས་སུ་སྐྱོ་སྣང་དང་སྐྱོ་གདུང་གིས་ཁེངས་སོང་།

  ཁྱེད་རང་ལ་ཞུས་ན།ད་ཐེངས་ལོག་རྗེས།ཅོག་རོ་གྲོང་ཚོའི་འགྱུར་ལྡོག་ནི་དལ་པོ་རེད་འདུགསྔར་བཞིན་ལུང་ཁུག་དང་སོས་དལ་ལྷོད་ལྷོད་ཀྱི་རྣམ་པ་དེ་རང་རེད།

  ང་རང་མགོན་མགོན་ལ་འཕྲད་ན་ཡང་ཁོ་པར་སྐྱོ་གདུང་ཇི་འདྲ་ཡོད་མེད་མི་ཤེས། ཁོ་ཕྲུ་གུ་དེ་དག་མཉམ་དུ་རྩེད་མོ་རྩེ་བཞིན་མཚམས་མཚམས་སུ་ཁོ་ཚོར་ཚིག་རྩུབ་སྨྲ་བཞིན་ཁ་རྡུང་གཏོང་བཞིན་འདུག ཕ་རྒན་ནི་རྒྱབ་ལག་བཅངས་ཏེ་གྲོང་ཚོའི་སྲང་དུ་ཕར་འགྲོ་ཚུར་འོངས་ལ་འགྲོ་ཞིང་། སྐབས་རེ་གྲོང་མི་ཚོ་དང་མཉམ་དུ་ལབ་གླེང་བྱས་ནས་སྡོད་པ་རེད། ཉི་འོད་ཀྱི་ཟེར་མ་དེས་ཁོང་གི་མིག་གཉིས་ནམ་ཡང་སེར་ཁ་ཞིག་གི་སྲུབས་ན་ལུས་པ་ལྟར་འཚེར་བར་བྱེད་ཅིང་མཚམས་རེ་མིག་ཆུ་བཞུར་ཡོང་། ཨ་མ་བདེ་སྐྱིད་ཡང་ནང་ལས་ལ་བྲེལ་འདུག ཁོང་གི་བཟོ་ལྟར་བལྟས་ཚེ་ད་ནི་སེམས་པས་བསམ་ཀྱང་ལུས་པོས་མི་ལྕོགས་པའི་རྣམ་པ་དོད།

  ཚུར་ལོག་ནས་ཉིན་མ་ཁ་ཤས་འདས་ཟིན་མོད། ངས་ཐང་ག་དེ་ཐེངས་གཅིག་ཀྱང་བཏོན་མ་མྱོང་། རང་ཉིད་ཀྱི་སེམས་ཁོང་དུ་མི་གཞན་ཚང་མའི་སྐྱོ་གདུང་སིམ་ཡོང་བའི་ཚོར་སྣང་དེ་འདྲ་གང་ཡང་མ་བྱུང་།

  ཨ་མོའི་ཞེ་དགུ་ཟིན་པའི་ཉིན་དེར། གཅུང་མོ་ཡང་ལོག་བྱུང་། ཕ་རྣམ་རྒྱལ་ནོར་བུས་མཆོད་མེ་ཞིག་སྒྲོན་ནས་སྨོན་ལམ་ཡུན་རིང་བཏབ་སོང་། ཁོང་གི་སྐད་སྒྲར་དེ་སྔོན་ལས་འགྱུར་ལྡོག་ཆེན་པོ་བྱུང་འདུག་ལ། ད་ཆ་སྐད་ཆའི་གསེང་ནས་སེམས་འགྱུ་ཇི་འདྲ་ཡིན་པ་ཁྱོན་ནས་རྟོགས་ཐབས་མིན་འདུག དགོང་མོར་གྲོང་ཚོའི་ནང་གི་ཕོ་མོ་ཚང་མ་ང་ཚོའི་ཁྱིམ་དུ་ཡོང་ནས་དུས་ཚོད་ཕྱི་པོའི་བར་སྨོན་ལམ་བཏོན། ང་རང་ཡང་སྐྱ་ཟུར་ཞིག་ཏུ་བསྡད་པ་དང་ཁོ་ཚོའི་སྨོན་ལམ་གྱི་ཁྲོད་དུ་རང་ཉིད་གནས་ཡོད་མེད་ཀྱང་ཁྱད་པར་མིན་འདུག

  ཉིན་གཉིས་པར་གཅུང་མོ་གྲེ་གོང་དུ་ལོག་དགོས་པས་མོས་ང་རང་སྐྱེལ་རོགས་ཟེར།

  ང་ཚོ་གྲོག་རོང་གི་གཏིང་དུ་འགྲོ་གིན་ལམ་འགྲམ་གྱི་ནགས་གསེབ་ཏུ་མེ་ཏོག་འགའ་བཞད་འདུག ལམ་གྱི་གཞོགས་གཞན་དེར་ཆུ་ཕྲན་གྱིས་རླབས་ཀྱི་ཟེགས་མ་མཁའ་ལ་གཏོར་ནས་མདུན་དུ་བཞུར་ལ། བྱ་བྱིའུ་ཡི་སྐད་སྒྲའི་བྲག་ཅ་གྲོག་རོང་ནང་གྲགས་ཀྱིན་འདུག

  གཅུང་མོས་ང་ལ་གདོང་ཟུར་སྟོན་གིན། ཨ་མོ་འདས་དུས་ཕྱུ་པའི་ཨམ་ཕྲག་ནང་དུ་ཁྱོད་རང་གི་འདྲ་པར་ཉར་འདུག་ཟེར།

  ངས་དོགས་ཟོན་དང་སྦྲགས་ག་རེ་ཞེས་དྲིས་པར།

  དེར་གཅུང་མོས་མིག་ནང་མཆི་ཞགས་འཁོར་བཞིན་ཨ་མོ་ང་ཚོའི་ནང་དུ་མནའ་མར་ཡོང་རྒྱུ་ཁས་བླངས་པ་དེ་རང་ལ་ངོ་བལྟས་པ་རེད་ཟེར།

  ངས་ལམ་སེང་དེ་སྔོན་ངས་མོ་རང་ངོ་ཤེས་ཀྱི་མེད་པར་ཞེས་ལན་སློག་པ་ཡིན།

  གཅུང་མོ་མིག་ཆུ་ཤོར་བ་དང་། ཨ་མོས་དེ་སྔ་རང་མཐོང་མྱོང་ཡོད་རེད། དེར་རྟེན་ང་ཚོའི་གཉེན་སློང་བ་དེར་ཁས་བླངས་པ་རེད། ད་དུང་ལོ་འདི་དག་ཚང་མར་རང་སྒུག་ནས་བསྡད་པ་རེད་ཟེར།

  ང་ལན་ཅི་ཡང་འདེབས་མ་ཐུབ་ཅིང་། དེར་ལངས་ནས་གནམ་ས་ཡུག་ཡུག་བྱེད་པའི་ཚོར་བ་ཞིག་སྐྱེས་བྱུང་།

  ཉིན་དེའི་མཚན་མོར་ང་རང་ཟུར་ཁང་ནང་དུ་ཉལ་བ་དང་། མགོན་མགོན་དང་ཨ་མོའི་ཕྲུ་གུ་ཚོས་འཁྲིས་ཀྱི་ཁང་པའི་ནང་དུ་ཅ་ཅོ་སྒྲོག་པར་ཉན་བཞིན། སེམས་ནང་དུ་བཤད་མི་ཐུབ་པའི་སེམས་གཅོང་ལྕི་མོ་ཞིག་གིས་མནན་བྱུང་།

  ནམ་ཕྱེད་ལ་གཞི་ནས་གཉིད་ལོག་འདོད་ཀྱི་གཉིད་ལྕོག་ག་ལེར་བརྒྱབ་པ་དང་གཉིད་ཁུག་ཙམ་བྱུང་།

  ཟུར་ཁང་གི་སྒོ་དེ་“ཙིར་”སྒྲ་གྲགས་ཀྱིན་ཕྱེ་བ་དང་། ཨ་མོས་ཕྱུ་པ་ལུས་ལ་བཀོན་ནས་རྐང་རྗེན་མར་ཡོང་ཞིང་། ལག་ངར་གཉིས་ངའི་ཕྱོགས་སུ་བརྐྱངས་བྱུང་། ངས་དེ་མར་ཉལ་ཁྲིའི་ཐོག་བཙོག་པུར་ལངས་པ་དང་ཁོ་མོས་འགྱོད་གདུང་གི་མིག་ཆུ་བཞག་པར་ལྟ་བཞིན་ལུས།

  ཁོ་མོས་ངའི་མིག་ཆུ་ཕྱིས་པ་དང་ངའི་མགོ་བོ་དེ་དམ་པོར་རང་གི་བྲང་ཁོག་ཐོག་སྦྱར་བར་བྱས། མགོ་བོ་ཡར་དགྱེ་བའི་ཚེ། ངས་ནམ་རྒྱུན་དུ་རེ་ཞིང་འཚོལ་བའི་མིག་མདངས་དེ་དང་། ཁོ་མོའི་མཉེན་ཞིང་འཇམ་ལ་མོ་གསར་གྱི་རྣམ་པ། བརྟན་ཚུགས་དོད་ལ་ཁོག་རྒྱ་ཡངས་ཤིང་མིག་རྒྱང་རིང་བ་་་་་་་་་་དེ་དག་གསལ་བར་མཐོང་བྱུང་།

ཨུ་རྒྱན་གྱིས་བསྒྱུར།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཇིག་རྟེན་སྟེང་གི་བྱམས་དང་སྙིང་རྗེ།

2020-05-15 ཚེ་རིང་ནོར་བུ།(ལྷ་ས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།