གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག Copyright © 2005-2024 tibetcm.com All rights reserved. Powered by: tibetitw.com E-mail:tibetcm@126.com QQ:492779202
༄༅།།ཁྱེད་ཉིད་ཕྱིར་ཕེབས་ཤོག
དབེན་དུག་མདའ།
ཁྱེད་རང་ཕྱིར་ཕེབས་ཤོག
ནུ་བོ་ཁྱིམ་ལ་ཐོན་ཡོད།
བྲེལ་ཚུད་དང་འཇིགས་སྐྲག་གིས་ངང་ནས་ཁྱིམ་ལ་ཐོན་ཡོད།
ཁྱེད་རང་གཞུགས་པའི་ཡིད་ཆེས་ཀྱི་རེ་བ་བཅངས་ཏེ་ཐོན་ཡོད།
ཕུ་བོ་ལགས། ཁྱེད་རང་གང་ན་ཡོད། གང་ཞིག་ཏུ་བུད་སོང་།
ངས་ཁང་ཁྱིམ་གྱི་གྲི་ཕུག་སོ་སོར་ནས་ཁྱོད་བཙལ་ཅིང་།
ངའི་ཨ་མའི་མྱ་ངན་གྱི་མིག་ཆུ་བཞུར་བཞིན
ངུ་ངག་གིས་ང་ལ་འཐམ་ནས།
གཤིན་རྗེས་རྒྱལ་པོའི་དཀའ་བབས་ནས་ཁྱེད་ཉིད་བཙན་གྱིས་ཁྲིད་སོང་ཟེར།
ཕུ་བོ་ལགས།
ཁྱེད་ནི་ན་གཞོན་གྱི་ལང་ཚོ་རྒྱས་ལ
སྙིང་སྟོབས་དང་སྤོབས་པ་ལྡན་པའི་སྐྱེས་ཕོ་རབས་ཀྱི་མཚན་ཉིད་ཚང་བ་ཞིག་ཡིན་པས།
ཁྱེད་རང་བཙན་གྱིས་ཁྲིད་ག་ལ་ཐུབ།
ང་ལ་ཡིད་གཉིས་ཀྱིས་ཁྱེད་ཐེ་ཚོམ་ཤོར།
ཕུ་བོ་ལགས། ཁྱེད་ཉིད་ཕྱིར་ཕེབས་ཤོག
ངས་སློབ་གྲྭ་ནས་ཁྱེད་ལ་གནས་བཅུའི་ནོར་བུ་ཁྱེར་ཡོད།
ད་དུང་ཁྱེད་དགའ་བའི་ཞིམ་མངར་གྱི་སྦྲང་བརྩི་ཁུར་ཡོངས་ཡོད།
ཕུ་བོ་ལགས།
ཁྱེད་ཀྱིས་ནུ་བོའི་ལེགས་སྐྱེས་འདི་དག་མཐོང་ཚེ།
ཁྱེད་ཀྱིས་ང་ལ་བདེ་སྐྱིད་ཀྱིས་དགའ་འཐམ་བྱ་ངེས།
དེ་དུས་ང་ནི་ཅི་འདྲའི་སྐྱིད་ཨང་།
ཕུ་བོ་ལགས། ཕྱི་ཕེབས་ཤོག
ད་ནི་རི་མགོ་ལ་ཁ་བ་ཆགས་འདུག
ཕྱི་རོལ་གྱི་ཡུལ་ན་ནམ་ཟླ་ཇི་འདྲའི་གྲང་ཨང་།
ང་ནི་ཨ་ཕ་དང་ཨ་མའི་གོམ་བུ་བདེ་ནའང།
ཁྱེད་ཉིད་མེད་ན་ཁང་ཁྱིམ་སྟོང་བ་རེད།
ཁྱེད་མེད་ན་ང་ཚོའི་སེམས་ལ་གྲང་འཁྱག་རེད།
ཕུ་བོ་ལགས།
ཁྱེད་ནི་ཁྱིམ་ཚང་གི་དྲོད་ཐབ་དེ་རེད།
གོ་ཐོས་སུ། ཁྱེད་རང་ཕྱི་མ་ལ་ཕེབས་སོང་ཟེར་།
ཕྱི་མ་ཟེར་བ་དེ་ཇི་འདྲའི་ཐག་རིང་ཨང་།
ཞིང་ཡུལ་ན་ཁྱེད་ཀྱི་ཕ་མ་མེད།
ཕྱི་མའི་ཡུལ་ན་སྙིང་ཉེ་བའི་སྤུན་གྲོགས་མེད།
ཕུ་བོ་ལགས། ཁྱེད་ཉིད་ཕྱིར་ཕེབས་ཤོག
ཞིང་ཁམས་ངོ་མ་དེ་རང་ཁྱིམ་ན་ཡོད།
ཕུ་བོ་ལགས།
དོ་ནུབ་ཨ་མས་ཁྱེད་དྲན་བཞིན་འདུག
མོས་མ་ངག་གི་སྨོན་ཚིག་ནང་ཁྱེད་དྲན་འདུག
མོས་སོར་མོ་ཡིས་བགྲང་པའི་ཕྲེང་བ་དེའི་ཁྱེད་ལ་མ་ཎི་ཡིས་འཕྲིན་ཡིག་སྐུར་བཞིན་འདུག
ཕུ་བོ་ལགས།
ཨ་མ་ནི་ཅི་འདྲའི་སྙིང་རྗེ་ཞིག་རེད་ཨང།
མཚན་མོ་རྨིན་ལམ་ནང་ནའང་ཁྱེད་དྲན་འདུག
ཉིན་མོ་ཁྱེད་དྲན་དྲག་པས་དུས་ཐོག་ཏུ་ཟ་མའང་བཟའ་ཐུབ་ཀྱིན་མི་འདུག
ཁྱེད་ཀྱིས་གླུ་དབྱངས་དང་སྙིང་རྗེ་ཁྱེར་ནས།
ཨ་མའི སེམས་ལ་བདེ་སྐྱིད་ཅིག་སྟེར་རོགས།
ཕུ་བོ་ལགས། ཁྱེད་ཉིད་ཕྱིར་ཕེབས་ཤོག
དོ་ནུབ། ནུ་བུའི་སེམས་ན་ཁྱེད་ཉལ་ཡོད།
དོ་ནུབ། ངའི་རྨི་ལམ་ནང་ཕུ་ནུ་ལྷན་དུ་འཛོམས་ངེས།
ཕུ་བོ་ལགས། ཁྱེད་ཉིད་ཕྱིར་ཕེབས་ཤོག
ཞོགས་པ། ཁྱིམ་ཚང་གང་བོ་ཡིས།
ཁྱེད་ཕེབས་པའི་རེ་བ་བཅངས་ཏེ།
རང་ཁྱིམ་གྱི་སྒོ་འགྲམ་ནས་ཁྱེད་སྒུག་ཡོད།
ཕུ་བོ་ལགས། ཁྱིམ་ཚང་གང་བོས་ཁྱོད་དྲན་བཞིན་ཡོད།
ཁྱེད་ཉིད་ཕྱིར་ཕེབས་ཤོག
བདེ་སྐྱིད་ངོ་མ་དེ་རང་ཁྱིམ་ན་ཡོད།
ཕུ་བོ་ལགས། ཁྱེད་རང་ཕྱིར་ཕེབས་ཤོག