དམངས་གླུ་ཆུ་མིག་དགུ་སྒྲིལ།༤
130
སྟོད་ཡོས་ན་ལམ་ཞིག་རིག་རྒྱུ་བོ།།
གན་དགའ་ལྡན་དག་པའི་ལྷ་ལམ་རེད།།
ཁྱ་གོར་རེ་རྟ་ཞིག་འདེད་རྒྱུ་གན།།
དཀར་བོ་དངུལ་གི་རིན་པ་རེད།།
རྟ་འདེད་ས་ལྷོ་ཡུལ་བྱང་ཡུལ་རེད།།
ཞེ་ཆགས་ས་དག་པའི་ཞིང་ཁམས་རེད།།
ཐད་གན་ན་རི་གསུམ་རིག་རྒྱུ་གན།།
གན་དགའ་ལྡན་རིགས་གསུམ་མགོན་པོ་རེད།།
དེའི་སྟེང་ན་བྱ་ཞིག་འཕུར་རྒྱུ་བོ།།
དེ་ལྷ་བྱ་ཀུན་དགའ་ར་བ་རེད།།
བྱ་འཕུར་ས་བྱ་ལམ་གོང་མ་རེད།།
ཞེ་ཆགས་ས་དག་པའི་ཞིང་ཁམས་རེད།།
སྨད་མོས་ན་རི་གསུམ་རིག་རྒྱུ་བོ།།
སྡེ་ཨ་མཆོག་བཀྲ་ཤིས་རྟགས་བརྒྱད་རེད།།
དེའི་ནང་ན་རོགས་ཤིག་རིག་རྒྱུ་བོ།།
རོགས་ཆུང་འདྲིས་ཁྲེལ་གཞུང་ཅན་པོ་རེད།།
རོགས་འགྲོ་ས་གནས་ཡུལ་གནས་ཕྱོགས་རེད།།
ཞེ་ཆགས་ས་རང་ས་རང་ཡུལ་རེད།།
131
དགོང་ཨ་སྔོན་ནོར་བུའི་གདན་སྟེང་ན།།
འབྲུག་ཕོ་ཆུང་ནོར་བུ་རིན་པོ་ཆེ།།
མགོའི་གཡུ་རལ་ནོར་བུ་བསམ་འཕེལ་རེད།།
སེམས་བསམ་པ་དགའ་ནས་གླུ་ཞིག་བླངས།།
བྲག་དཀར་བོ་ནོར་བུའི་གདན་སྟེང་ན།།
རྒོད་ཐང་དཀར་ནོར་བུ་རིན་པོ་ཆེ།།
རྒྱབ་གཤོག་སྒྲོ་ནོར་བུ་བསམ་འཕེལ་རེད།།
སེམས་བསམ་པ་དགའ་ནས་གླུ་ཞིག་བླངས།།
སྡེ་རྒྱ་གྲོང་ནོར་བུའི་གདན་སྟེང་ན།།
གོང་དཔོན་པོ་ནོར་བུ་རིན་པོ་ཆེ།།
སྐད་གསུང་སྙན་ནོར་བུ་བསམ་འཕེལ་རེད།།
སེམས་བསམ་པ་དགའ་ནས་གླུ་ཞིག་བླངས།།
132
སྟོད་ཡོས་ན་རི་གསུམ་རིག་རྒྱུ་བོ།།
དེའི་སྟེང་ན་བྱ་གསུམ་འཕུར་རྒྱུ་བོ།།
བྱ་གོང་མ་བྱ་རྒྱ་ཁྱུང་ཆེན་རེད།།
བྱ་བར་མ་ཁུ་ལོ་གསུང་སྙན་རེད།།
བྱ་ཞོལ་མ་རྨ་བྱ་སྒྲོ་ཡག་རེད།།
དེ་ཨེ་རེད་ཚོ་དྲུག་ལྷ་སྡེས་ལྟོས།།
དེ་མ་རེད་ཟེར་ན་ལན་ཞིག་སྤྲོད།།
བྱ་དེ་གསུམ་སྐེ་ན་གཡུ་དྲུག་དཀར་རེད།།
གཡུ་གོང་མ་རྒྱ་གཡུ་དཀྲུགས་སེར་རེད།།
གཡུ་ཞོལ་མ་འཕྲེང་གཡུ་དཀྲུགས་དམར་རེད།།
133
ང་ད་ནངས་སེང་ཆེན་སྟོད་གི་ཡོང་།།
སྔོན་འདེད་ནི་ཕོ་ཆུང་འབྲུག་གིས་བྱས།།
རྒྱབ་བཀལ་བ་སྦྲང་ཆར་སིལ་མས་བྱས།།
ཆར་སིལ་མའི་གྲངས་ཀའི་གླུ་རེ་ཡོད།།
གླུ་དེ་ལ་མི་སྐྲག་ངོ་མ་ཡིན།།
ང་ད་ནངས་བལ་བོའི་ཡུལ་གི་ཡོང་།།
སྔོན་འདེད་རྒྱུར་ཁྱུང་དཀར་མཛོ་ཡིས་བྱས།།
རྒྱབ་བཀལ་བ་ནན་ཅེན་ཇ་ཡིས་བྱས།།
ཇ་ལོ་མའི་གྲངས་ཀའི་གླུ་རེ་ཡོད།།
གླུ་དེ་ལ་མི་སྐྲག་ངོ་མ་ཡིན།།
ང་ད་ནངས་རྒྱ་ནག་མཐའ་ནས་ཡོང་།།
སྔོན་འདེད་རྒྱུར་སྨུག་ཆུང་དྲེལ་གིས་བྱས།།
རྒྱབ་བཀལ་བ་གོས་དར་སྣ་ལྔ་བྱས།།
གོས་ཕྲུག་ཁྲའི་གྲངས་ཀའི་གླུ་རེ་ཡོད།།
གླུ་དེ་ལ་མི་སྐྲག་ངོ་མ་ཡིན།།
134
ངའི་གླུ་མགོ་གནམ་ལྕགས་ཐོག་ཟུང་རེད།།
ཁྱོའི་ཀླད་པའི་ཁ་འོར་མ་ལོན་ན།།
ཁྱོའི་མྱིང་ང་ཀླད་ཐེད་མི་ཟེར་ར།།
ངའི་གླུ་སྐེད་རྒྱ་ཟོར་གུག་མ་རེད།།
ཁྱོའི་སྒྱིད་པའི་ཉ་ཤ་མ་བྲེག་ན།།
ཁྱོའི་མྱིང་ང་སྒྱིད་ལོ་མི་ཟེར་ར།།
ངའི་གླུ་རྔ་ལྕགས་གཞུ་ལྕགས་མདའ་རེད།།
ཁྱོའི་རྒྱུ་མའི་བྱ་ཚང་མ་གཏོར་ན།།
ཁྱོའི་མྱིང་ང་རྒྱུ་དྲུད་མི་ཟེར་ར།།
135
རི་རྒྱལ་རི་ཡི་རི་མགོ་ན།།
གོས་སེར་བོ་ཁ་དབང་ཡ་ལ་ལ།།
གན་རྒྱ་འཐག་རེད་ད་བོད་འཐག་རེད།།
གན་རྒྱ་འཐག་བོད་འཐག་མ་རེད།།
དབྱར་མགོ་མའི་ལྕང་ལོ་སེར་རིས་རེད།།
རི་རྒྱལ་རི་ཡི་རི་སྐེད་ན།།
གོས་དམར་བོ་ཁ་དབང་ཡ་ལ་ལ།།
གན་རྒྱ་འཐག་རེད་ད་བོད་འཐག་རེད།།
གན་རྒྱ་འཐག་བོད་འཐག་མ་རེད།།
དབྱར་འབྲིང་བོའི་དམར་མོ་ལྷབ་ཡང་རེད།།
136
སྒང་རིགས་སྒང་དུ་བེ་ལོའི་སྒང་།།
འདིའི་བེ་ལོའི་མེ་ཏོག་དུང་ལོ་མ།།
རོགས་ཨ་ལོ་རྒྱ་རྫོང་དཀར་བོ་རེད།།
འགྲོས་མཛའ་མཐུན་ཡིད་ནས་བརྗེད་མེད་རེད།།
སྐེད་རིགས་སྐེད་དུ་སུ་རུའི་སྐེད།།
སུ་རུའི་མེ་ཏོག་གཡུ་ལོ་མ།།
རོགས་ཨ་ལོ་རྒྱ་གཡུ་དྲུག་དཀར་རེད།།
འགྲོས་འཛམ་མཐུན་ཡིད་ནས་བརྗེད་མེད་རེད།།
ཁོག་རིགས་ཁོག་དེ་སྤེན་མའི་ཁོག།
སྤེན་མའི་མེ་ཏོག་གསེར་ལོ་མ།།
རོགས་ཨ་ལོ་གསེར་ཉ་ཁ་སྤྲོད་རེད།།
འགྲོས་མཛའ་མཐུན་ཡིད་ནས་བརྗེད་མེད་རེད།།
137
སྲིད་པའི་བྱ་ནག་གཤོག་རིང་ང་།།
མགོ་བོ་ཡོད་ད་ཀླད་པ་མེད།།
ཀླད་པ་ཨ་སྔོན་དགུང་ན་ཡོད།།
དགུང་ཁ་ཞེང་ཆེ་བ་དེ་ཡིས་རེད།།
སྲིད་པའི་བྱ་ནག་གཤོང་རིང་ང་།།
ལག་པ་ཡོད་ད་སོག་པ་མེད།།
སོག་པ་སོག་པོའི་ཡུལ་ན་ཡོད།།
སོག་ཁ་རྒྱམ་ཆེ་བ་དེ་ཡིས་རེད།།
སྲིད་པའི་བྱ་ནག་གཤོག་རིང་ང་།།
རྒྱུ་མ་ཡོད་ད་རྒྱུ་རྟ་མེད།།
རྒྱུ་མ་རྒྱ་ནག་མཐའ་ན་ཡོད།།
རྒྱ་རྒྱུ་བསོད་ཆེ་བ་དེ་ཡིས་རེད།།
138
ངའི་མདང་གསུམ་རྨི་ལམ་ནང་ལ།།
ངས་འབྲི་བརྒྱ་རྡང་ལ་རྒྱག་ནི་རྨིས།།
འབྲི་ཐུལ་མས་རྡང་མགོ་བྱས་ནི་རྨིས།།
ངས་མར་ཆུར་ཡ་དོ་བརྩིགས་ནི་རྨིས།།
རོགས་ལོ་ཁྱོད་ལ་ཐུག་ནི་རྨིས།།
རོགས་འུ་གཉིས་ཐུག་པའི་རྟེན་འབྲེལ་རེད།།
ངའི་མདང་གསུམ་རྨི་ལམ་ནང་ལ།།
ངས་ལུག་བརྒྱ་སྟོང་ར་རྒྱག་ནི་རྨིས།།
ཕྱིང་དཀར་གྲུ་བཞི་གོན་ནི་རྨིས།།
བལ་སྟན་གྲུ་བཞིའི་བཏིང་ན་རྨིས།།
རོགས་ལོ་ཁྱོད་ལ་ཐུག་ནི་རྨིས།།
རོགས་འུ་གཉིས་ཐུག་པའི་རྟེན་འབྲེལ་རེད།།
ངའི་མདང་གསུམ་རྨི་ལམ་ནང་ལ།།
ངས་རྟ་བརྒྱ་སྒོ་ཁར་བཏགས་ནི་རྨིས།།
རྟ་རག་ལུ་སྔོན་ལ་བཏགས་ནི་རྨིས།།
རྟའི་སྲབ་མདའ་དུང་སྐུད་བྱས་ནི་རྨིས།།
རོགས་ལོ་ཁྱོད་ལ་ཐུག་ནི་རྨིས།
རོགས་འུ་གཉིས་ཐུག་གི་རྟེན་འབྲེལ་རེད།།
139
རྫ་རི་མཐོན་པོའི་གཡས་ཟུར་ན།།
གྱི་ལིང་གྱོ་རྒྱས་ད་ལ་ལ།།
གོམ་ཆུང་གོམ་པའི་སི་ལི་ལི།།
གཅིག་མ་ཞོན་རང་དབང་མ་ཡོད་ཐལ།།
སྡེ་ཆེན་རྩེད་ར་གན་གི་ནང་།།
ཆུང་འདྲིས་རོགས་ལོས་ད་ལ་ལ།།
སྙན་མོའི་ཚིག་གི་སི་ལི་ལི།།
གཅིག་མ་འགྲོས་རང་དབང་མ་ཡོད་ཐལ།།
140
ངའི་གླུ་མགོ་ཤ་རྭ་དཀར་བོ་རེད།།
རྭ་དཀར་བོ་འདབ་ལག་རྒྱས་ནས་ཡོད།།
ངའི་གླུ་སྐེད་འབྲོང་རྭ་སྨུག་པོ་རེད།།
རྭ་སྨུག་པོར་རིམ་པ་བབས་ནས་ཡོད།།
ངའི་གླུ་རྔ་མོའི་དར་ཟབ་རེད།
ཁྱོས་རྣོན་པོ་མཚོན་གྱིས་ཆོད་རབས་མེད།།
141
སྟོད་ཡོས་ན་རི་གསུམ་རིག་རྒྱུ་བོ།།
གནའ་དེང་མ་ང་ཡི་རྒྱབ་རི་རེད།།
དུས་དེང་སང་མིག་གི་ཐག་རིང་རེད།།
ད་རིག་དུས་ཞེ་སེམས་སྨྲེང་སྤྱད་རེད།།
ཐང་གན་ན་མཚེར་མ་དངུལ་ཀྱུག་ཀྱུག།
གནའ་དེང་མ་འུ་སོའི་རྒྱབ་རི་རེད།།
དུས་དེང་སང་མིག་གི་ཐག་རིང་རེད།།
ད་རིག་དུས་ཞེ་སེམས་སྨྲེང་སྤྱད་རེད།།
ཐང་གན་གི་ཆུ་མགོ་དྭངས་མོ་བོ།།
གནའ་དེང་མ་ང་ཡི་ཇ་ཆུ་རེད།།
དུས་དེང་སང་མིག་གི་ཐག་རིང་རེད།།
ད་རིག་དུས་ཞེ་སེམས་སྨྲེང་སྤྱད་རེད།།
142
དགུང་ཨ་སྔོན་མ་ཆགས་ཡར་སྔོན་ལ།།
སྤྲིན་ལག་མཐིལ་ཙམ་ཞིག་ཡོད་རྒྱུ་བོ།།
ང་གླུ་བའི་མགོ་ཁེབས་དེ་ཡིས་བྱས།།
དུས་ད་སྔ་གླུ་བ་ང་འདྲ་མེད།།
དུས་དེང་སང་གླུ་འཁྱར་གང་ནས་ཡོང་།།
ས་དོག་མོ་མ་ཆགས་ཡར་སྔོན་ལ།།
སྤང་ལག་མཐིལ་ཙམ་ཞིག་ཡོད་རྒྱུ་བོ།།
ང་གླུ་བའི་རྡོག་གདན་དེ་ཡིས་བྱས།།
དུས་ད་སྔ་གླུ་བ་ང་འདྲ་མེད།།
དུས་དེང་སང་གླུ་འཁྱར་གང་གི་ཡོང་།།
ཆུ་གཙང་བོ་མ་ཆགས་ཡར་སྔོན་ལ།།
ཆུ་མཆིལ་མ་ཙམ་ཞིག་ཡོད་རྒྱུ་བོ།།
ང་གླུ་བའི་ཇ་ཆུ་དེ་ཡིས་བྱས།།
དུས་ད་སྔ་གླུ་བ་ང་འདྲ་མེད།།
དུས་དེང་སང་གླུ་འཁྱར་གང་གི་ཡོང་།།
143
ཁྱོད་མེ་ཏོག་སེར་ཆེན་ཞིག་ལ།།
ནང་ཞིམ་མངར་རོ་བཅུད་ཡོད་ན།།
ང་མེ་ཏོག་སེར་ཆུང་ཞིག་ལ།།
ནང་འཛོམས་གསུམ་འཛོམས་པ་ལོས་ཡོད།།
ཁྱོད་ཁིས་ཁའི་འབྲོང་མོ་ཞིག་ལ།།
ནང་ནུ་ལག་འཛོམས་བསྡད་ཡོད་ན།།
ང་སྒོ་ཁའི་འབྲི་མོ་ཞིག་ལ།།
ནང་ནུ་ལག་མེད་ད་ཆེ་ཆོག།
རྟ་འདོ་བ་ཞིག་གི་རྒྱབ་ན།།
གན་སྒ་སྟན་སྲབ་གསུམ་འཛོམས་གི།
རྟ་འདོ་བ་ཞོན་གི་སྐྱ་མྱི།།
དེའི་ཡན་གི་སྐྱིད་ཅིག་མེད་གི།
རོགས་ཆུང་ལོ་ཞིག་གི་སེམས་ན།།
ཚེ་གང་གི་སྙིང་གྲོགས་ཡོད་གི།
རོགས་ཆུང་ལོར་འགྲོགས་གི་ཨ་ཕོར།།
དེའི་ཡན་གི་དགོས་རྒྱུ་མེད་གི།
144
ཁྱོའི་ཡིད་གི་རི་མོ་ཚེ་བྲིས།།
ངའི་སེམས་གི་རི་མོ་ཚེ་བྲིས།།
འདིའི་རི་མོ་ཡལ་རྒྱུ་མེད་ན།།
རོགས་འུ་ཚོ་འགལ་རབས་མེད་གི།
145
སྐྱེས་ཤར་ལུ་ལ་མགོའི་ལབ་ཙེ་རེད།།
བསང་རླུང་རྟ་སྤུར་ད་ཇེ་དར་རེད།།
རྟ་འདོ་ལུ་ལ་སྐེད་སྨུག་པ་རེད།།
རླུང་ས་སིལ་གཡུག་ད་ཇེ་མགྱོགས་རེད།།
སྨན་བུ་མོ་མཚོ་ཁའི་མེ་ཏོག་རེད།།
ཆར་ཟལ་ཟིལ་བོབས་ད་ཇེ་ཡག་རེད།།
146
རོགས་འགྲོ་དུས་འགྲོ་ཁར་ང་ཤོད།།
ངས་ཁྲ་ཆུང་མིག་གིས་ཁྱོད་སྐྱེལ།།
མིག་མཆི་མ་མིན་ན་མེད་གི་ད།།
རོགས་ངེད་གཉིས་བསམ་པ་དེ་འདྲ་རེད།།
རོགས་འགྲོ་དུས་འགྲོ་ཁར་ང་ཤོད།།
ངས་གོམ་གསུམ་གོམ་པས་ཁྱོད་སྐྱེལ།།
ཁྱོད་ས་ཐག་རིང་མོར་མི་ཐོན་རུང་།།
རོགས་ངེད་གཉིས་བསམ་པ་དེ་འདྲ་རེད།།
རོགས་འགྲོ་དུས་འགྲོ་ཁར་ང་ཤོད།།
ངས་གངས་དཀར་སེམས་ཀྱིས་ཁྱོད་སྐྱེལ།།
ཞེ་སྨྲེང་རྒྱུ་མ་གཏོགས་མེད་གི་ད།།
རོགས་ངེད་གཉིས་བསམ་པ་དེ་འདྲ་རེད།།
147
འདིའི་གསེར་གྱི་ཉི་མ་གཡས་ལ་བཞག།
འདིའི་དངུལ་གྱི་ཟླ་བ་གཡོན་ལ་བཞག།
འདིའི་སྐར་ཚོགས་ཁྲི་མ་གདན་ལ་བཏིང་།།
ད་དེ་རིང་གླུ་ལ་སུའི་རིང་ལྟ།།
འདིའི་མེ་ཏོག་དཀར་ཆེན་གཡས་ལ་བཞག།
འདིའི་མེ་ཏོག་སེར་ཆེན་གཡོན་ལ་བཞག།
འདིའི་པད་མ་འདབ་བརྒྱད་གདན་ལ་བཏིང་།།
ད་དེ་རིང་གླུ་ལ་སུའི་རིང་ལྟ།།
148
ཤིང་ཡག་པ་གང་གི་གང་ན་ཡོད།།
ཤིང་ཡག་པ་རྫ་སྤང་ཀླད་ན་ཡོད།།
གཅིག་གཅོད་འདོད་རང་གི་སེམས་ན་ཡོད།།
གཉིས་སྐྱུར་འདོད་བསམ་པའི་རྒྱུད་ན་ཡོད།།
ཁྱོའི་རྩིབ་གི་དུག་སྡོང་ཕྲ་མོ།།
སེམས་མི་བདེ་སྤྱད་གི་གཞི་རེད།།
རོགས་ཡག་པ་གང་གི་གང་ན་ཡོད།།
རོགས་ཡག་པ་རང་སྡེ་གྲོང་ན་ཡོད།།
གཅིག་རྩེད་འདོད་རང་གི་སེམས་ན་ཡོད།།
གཉིས་སྐྱུར་འདོད་བསམ་པའི་རྒྱུད་ན་མེད།།
ཁྱོའི་རྩིབ་གི་རྒྱ་ནག་ཞི་ལུ།།
སེམས་མི་བདེ་སྤྱད་གི་གཞི་རེད།།
149
རོགས་ཆུང་ལོ་གཅིག་དང་ཆུང་ལོ་གཉིས།།
རོགས་ཆུང་ལོ་གཅིག་ལ་བསམ་པ་ཡག།
རོགས་ཆུང་ལོ་གཅིག་ལ་སྐྱེ་གཟུགས་ཡག།
ང་དགོས་ནོ་བསམ་པ་ཡག་ནོ་རེད།།
རྟ་འདོ་བ་གཅིག་དང་འདོ་བ་གཉིས།།
རྟ་འདོ་བ་གཅིག་ལ་གོམ་ལག་ཡོད།།
རྟ་འདོ་བ་གཅིག་ལ་སྐྱེ་འཇོན་ཡོད།།
ང་དགོས་ནོ་གོམ་ལག་ཅན་པོ་རེད།།
གོས་ཡག་པ་གཅིག་དང་ཡག་པ་གཉིས།།
གོས་ཡག་པ་གཅིག་ནི་བོད་ཚར་ཡིན།།
གོས་ཡག་པ་གཅིག་ནི་རྒྱ་ཚར་རེད།།
ང་དགོས་ནོ་ཨ་འཇམ་བོད་ཚར་རེད།།
150
གཡུ་དྲུག་དཀར་རྒྱ་མཚོའི་གཏིང་ན་ཡོད།།
ངས་མ་རིག་མིན་ད་མ་བསྙབ་ནི།།
རོགས་ཡག་པ་སྡེ་ཆེན་དཀྱིལ་ན་ཡོད།།
ངས་མ་རིག་མིན་ད་མ་བརྩེས་ནི།།
151
མགོ་ཝ་ཞྭའི་སྒང་ལ་ཚར་ཞྭ་གོན།།
ཞྭ་གཉིས་གོན་གནང་རྒྱུ་དཔེ་མེད་རེད།།
རོགས་ཚེ་རོགས་རྗེས་ལ་ཡང་རོགས་སྒྲིག།
རོགས་ཉིས་སྒྲིག་གནང་རྒྱུ་དཔེ་མེད་རེད།།
སེམས་བསམ་པ་འཁོར་ས་གཅིག་གིས་བྱོས།།
152
སྨན་བུ་མོ་ཟངས་དཀར་ལུང་བཞི་རེད།།
སྟག་ཤར་ལུ་རྒྱ་ཇ་ལོ་མ་རེད།།
ཟངས་ཁྱོད་ལ་གཡའ་དྲེག་མ་འགོས་ན།།
ང་རྒྱ་ཇ་ལོ་མ་དྭངས་གཙང་ཡིན།།
153
རྩྭ་་ཞིམ་པོ་སྤང་དཀར་མགུལ་ན་ཡོད།།
ཟ་མི་བདེ་ཨ་ཚ་ཚེར་མ་རེད།།
རོགས་ཆུང་ལོ་སྡེ་ཆེན་དཀྱིལ་ན་ཡོད།།
འགྲོ་མི་བདེ་སྒོ་ཁྱི་ངར་མ་ཡོད།།
154
རྟ་འདོ་ལུ་ས་ཐོག་སེང་གེ་རེད།།
སྒ་གསེར་སྒ་སེང་ཐོག་ནོར་བུ་རེད།།
སྨན་བུ་མོ་ནགས་གི་རྨ་བྱ་རེད།།
སྟག་ཤར་ལུ་ནམ་མཁའི་གཡུ་འབྲུག་རེད།།
155
གསེར་གྱི་མཛུབ་དཀྲིས་ཆ་མ་འདི།།
ཁྱོད་ཀྱིས་གོན་དང་ང་ཡིས་གོན།།
རོགས་ཁྱོད་ཡིད་སེམས་མི་འགྱུར་ན།།
གསེར་གྱི་གདུ་བུ་ཁྱོད་ཀྱིས་གོན།།
156
རྟ་ཞིག་ཡོད་བསམ་དགའ་བསྡད་ཡོད།།
འགྲོས་གོམ་པ་མེད་བསམ་སྡུག་བསྡད་ཡོད།།
རོགས་ཤིག་ཡོད་བསམ་དགའ་བསྡད་ཡོད།།
ཕྱི་ཡག་པ་མེད་བསམ་སྡུག་བསྡད་ཡོད།།
157
སྔ་དྲོ་ཁྲ་ཡག་རྫ་ལ་སོང་།།
འབྲོང་བྲེ་སེར་ང་གཉིས་ལམ་ཐུག་བརྒྱབས།།
འབྲོང་རྭ་ཅོ་རྣོན་པོ་རྫ་ལ་བརྡར།།
ངས་ཁྲ་རིང་གནམ་ལྕགས་རྫས་རྫོབ་བརྒྱབས།།
མགོ་རྭ་ཐོད་གཉིས་ཀ་ཐང་ལ་བརྡབས།།
དགོང་དྲོ་ནགས་རིའི་གསེབ་ལ་སོང་།།
སྟག་དམར་ཡག་ང་གཉིས་ལམ་ཐུག་བརྒྱབས།།
སྟག་མཆེ་བ་རྣོན་པོ་ཤིང་ལ་བརྡར།།
ངས་གུ་ཟི་ངར་མ་རྡོ་ལ་བརྡར།།
སྟག་འཛུམ་དྲུག་ཁྲ་རིས་ཐང་ལ་བརྡབས།།
158
ས་མ་འདྲིས་བྱང་ཐང་སྐྱ་མོ་རེད།།
འདྲིས་ཚར་ན་རང་ས་རང་ཡུལ་རེད།།
ཁྱི་མ་འདྲིས་སྟག་ཁྱི་གཟིག་ཁྱི་རེད།།
འདྲིས་ཚར་ན་རང་གི་སྒོ་ཁྱི་རེད།།
མྱི་མ་འདྲིས་ཁ་ཁ་སོ་སོ་རེད།།
འདྲིས་ཚར་ན་རང་གི་བློས་ཐུབ་རེད།།
159
སྟོད་གངས་རིའི་རི་ཡི་རྩེ་མོ་ནས།།
རྟ་ར་ར་མིག་གི་བུ་ལོན་རེད།།
ཁྱོད་ཚེ་གཅིག་ཞོན་རྟ་མ་ཉན་ན།།
མིག་བུ་ལོན་འཁོར་ནོ་དོན་མེད་རེད།།
ས་སྡེ་ཆེན་རྩེད་རའི་ནང་ནས།།
རོགས་ཁྱོད་ཚོ་མིག་གི་བུ་ལོན་རེད།།
ཁྱོད་ཚེ་གཅིག་བཟའ་ཚང་མ་ཉན་ན།།
མིག་བུ་ལོན་འཁོར་ནོ་དོན་མེད་རེད།།
160
བྱ་ཁུ་ལོ་སྙིང་ལ་རྗེ་བོ་འདི།།
ཁྱོད་མེད་ན་དབྱར་དགུན་མི་ཤེས་གི།
བྱ་གཞན་པ་མེད་ནི་མ་རེད་ད།།
བྱ་གཞན་པས་དབྱར་དགུན་མི་ཤེས་གི།
རོགས་ཆུང་ལོ་སྙིང་ལ་རྗེ་བོ་འདི།།
ཁྱོད་མེད་ན་ཉི་ནུབ་མི་ཤེས་གི།
རོགས་གཞན་པ་མེད་ནི་མ་རེད་ད།།
རོགས་གཞན་པས་ཉི་ནུབ་མི་ཤེས་གི།
161
དབྱར་དྲུག་པའི་རྩྭ་རྟིང་འོ་མ་རེད།།
རྩྭ་སྐྱ་བོར་ལོག་རུང་བརྗེད་གི་མེད།།
རྟ་འདོ་ལུས་ཅི་སྤོས་གོམ་པ་རེད།།
དྲུག་ཤ་ཐག་གཉོམ་རུང་བརྗེད་གི་མེད།།
རོགས་ཆུང་ལོས་ཅི་བཤད་ནང་གཏམ་རེད།།
ས་ཁ་ཐག་རིང་རུང་བརྗེད་མེད་རེད།།
162
ཤྭ་རྒྱུག་གི་འདུག་རྒྱུ་བོ་ཤེའུ་རེད།།
ཤ་ལྷུང་རྒྱུ་མེད་ནོ་སྲ་ནི་རེད།།
རོགས་འགྲོས་གི་འདུག་ས་ན་ཟླ་རེད།།
ཞེ་འགལ་རྒྱུ་མེད་ནོ་མཐུན་ནི་རེད།།
བྱ་གྲག་གི་འདུག་རྒྱུ་བོ་ཁུ་བྱུག་རེད།།
སྐད་འགྱུར་རྒྱུ་མེད་ནོ་བོ་སྙན་ནི་རེད།།
163
ཁྱོད་ནི་ལྷ་ཤིང་ཤུག་པ་རེད།།
ང་ནི་དགའ་ལྡན་མཁན་པ་རེད།།
སྔོན་མའི་ལས་རེ་ཡོད་ན།།
བསང་ཁྲིའི་སྟེང་གི་ལོས་ཐུག།
ཁྱོད་ནི་ཙན་དན་མདའ་རུ་རེད།།
ང་ནི་དངུལ་དཀར་དྲིལ་བུ་རེད།།
སྔོན་མའི་ལས་རེ་ཡོད་ན།།
བླ་མའི་ཕྱག་ནས་ལོས་ཐུག།
164
དགུང་ཨ་སྔོན་ངོ་སོ་བསྟོད་རྒྱུ་བོ།།
ཆར་ཟ་ལེ་ཟིལ་ལེ་བོབས་གི་སྡོད།།
ས་དོག་མོ་ངོ་སོ་བསྟོད་རྒྱུ་བོ།།
རྩྭ་ཁ་རེ་ཁེར་རེ་སྐྱེ་གི་སྡོད།།
གླུ་བ་ངོ་སོ་བསྟོད་རྒྱུ་བོ།།
གླུ་ཁ་རེ་ཁེར་རེ་ལོངས་གི་སྡོད།།
165
རྨ་ཕ་རུའི་རི་རྒྱལ་ལྷུན་པོ།།
སྨུག་ཆིལ་ལེ་རིག་རྒྱུ་མང་རུང་།།
མགོར་ལྷ་བསང་ང་ཡིས་མ་ཕུད།།
མགོར་ལྷ་བསང་ཕུད་རེ་བཏང་ན།།
ཚེ་གང་གི་རྒྱབ་རི་ཉན་དགོས།།
ས་སྡེ་ཆེན་དཀྱིལ་གི་བུ་མོ།།
གཉོམ་དུང་ངེ་རིག་རྒྱུ་མང་རུང་།།
ཁ་ཚིག་གསུམ་ང་ཡིས་མ་བཤད།།
ཁ་ཚིག་གསུམ་བཤད་རེ་བཏང་ན།།
ཚེ་གང་གི་རྩེད་རོགས་ཉན་དགོས།།
166
བྱ་ཁུ་ལོ་སྙིང་ལ་རྗེ་བོ།།
ཁྱོད་རྒྱ་གར་ཡུལ་ནས་བཀྲ་ཤིས།།
བྱིའུ་འཇོལ་མོ་སྙིང་ལ་རྗེ་བོ།།
ང་རྒྱ་རྫོང་ནགས་ནས་ཚེ་རིང་།།
བཀྲ་ཤིས་ནས་ཚེ་ཐག་རིང་ན།།
བྱ་གྲག་གི་ཉི་མ་ལོས་ཡོད།།
རོགས་ཆུང་ལོ་སྙིང་ལ་རྗེ་བོ།།
ཁྱོད་གནས་ཡུལ་མཚམས་ནས་བཀྲ་ཤིས།།
ང་ཕ་བཟང་ཞི་ལི་ཟེར་ནོ།།
ཡུལ་ཕ་མའི་རྩིབ་ནས་ཚེ་རིང་།།
བཀྲ་ཤིས་ནས་ཚེ་ཐག་རིང་ན།།
རོགས་རྩེ་གི་ཉི་མ་ལོས་ཡོད།།
167
རྫ་ཡག་པ་རྫ་ལུང་དཀྱིལ་ན།།
སྙིང་རྗེ་བའི་ཝ་མོ་ང་ཡོད།།
ཕྱི་གྲ་ཁ་ཡག་རྒྱུ་མེད་རུང་།།
ནང་གྲ་རྟིང་འཛོམས་པའི་ཝ་ཡིན།།
སྡེ་ཡག་པ་སྡེ་ལུང་དཀྱིལ་ན།།
སྙིང་རྗེ་བའི་རོགས་ལོ་ང་ཡིན།།
ཕྱི་མོ་སྒོ་ཡག་རྒྱུ་མེད་རུང་།།
ཞེ་སྣང་བ་མཐུན་པའི་རོགས་ཡིན།།
168
དགུང་སྔོན་པོའི་ལྷོ་ཕྱོགས་ཡག་གི།
ཆར་དལ་ལེ་བབས་ན་འདོད་གི།
འབྲུག་འུར་སེ་གྲག་ན་སྐྲག་གི།
སྡེ་ཆེན་པོའི་ལྷོ་ཕྱོགས་ཡག་གི།
རོགས་དལ་ལེ་རྩེད་ན་འདོད་གི།
གཏམ་མྱི་ཁ་འཁོར་ན་སྐྲག་གི།
169
རི་ཡག་པ་རི་རྒྱལ་ལྷུན་པོ་རེད།།
བྱ་ཡག་པ་ཀ་ལ་པིང་ཀ་རེད།།
རི་མི་འགུལ་ཁལ་མས་བསྡད་བཏང་ན།།
ཕྱི་འཁོར་ནས་འབབ་ཐབས་ང་ཡིས་བྱ།།
སྡེ་ཡག་པ་མཚོ་མོ་རང་འཁྱིལ་རེད།།
རོགས་ཡག་པ་མཚོ་ཁའི་མེ་ཏོག་རེད།།
རོགས་གཞན་ལ་མ་བརྩེས་བསྡད་བཏང་ན།།
ཕྱི་འཁོར་ནས་འགྲོག་རྔ་ང་ཡིས་སྐྱོང་།།
170
དགུང་འཛམ་གླིང་དྲོས་གི་ཉི་མ།།
ནངས་སྔ་མོ་ཚང་ནས་ཤར་ན།།
དགུང་སྔོན་པོ་དཀྱིལ་གི་རྒྱན་རེད།།
དུས་ཕྱི་དྲོ་ནུབ་ལ་བཞུད་དུས།།
བློ་མི་བདེ་སྤྱད་གི་གཞི་རེད།།
སྡེ་ཆེན་དཀྱིལ་གི་རོགས་ལོ།།
ཚིག་མགོ་མ་བཤད་ནས་རྩེ་དུས།།
ཞེ་སྣང་བ་སྐྱིད་གི་རྒྱན་རེད།།
ས་ལ་འོག་བརྒྱུད་ནས་འགྲོ་དུས།།
བློ་མི་བདེ་སྤྱད་གི་གཞི་རེད།།
171
ཕོ་ང་རང་གོས་ཆེན་ཕྱི་མ་བྱེད།།
མ་ཁྱོད་རང་གོས་ཆེན་ནང་མ་བྱོས།།
ཞེ་སྣང་བ་དར་སྐུད་ཕྲ་མོ་བྱེད།།
གཏམ་མྱི་ཁ་དབྱར་གསུམ་ཆར་ཆུ་བྱོས།།
ཕྱོགས་གང་ནས་འབབ་ན་འབབ་གི་ཆུག།
ཕོ་ང་རང་ཕ་བཟང་བུ་ཚ་བྱེད།།
མ་ཁྱོད་རང་ཞང་བཟང་ཚ་མོ་བྱོས།།
ཞེ་སྣང་བ་རྒྱ་དར་དཀར་བོ་བྱེད།།
གཏམ་མྱི་ཁ་རླུང་ནག་འཚུབ་མ་བྱེད།།
རླུང་གང་ནས་གཡུག་ན་གཡུག་་གི་ཆུག།
172
སྟོད་དབུས་གཙང་ཉི་མ་ཤར་འདྲ་རེད།།
མགོ་གསེར་ཏོག་ཟླ་བ་ཚེས་འདྲ་རེད།།
ལྷ་མཇལ་རྒྱུའི་བསམ་པ་འཛིན་ན་འགྲོ།།
སྡེ་ཆེན་པོ་ནམ་མཁའ་འདྲ་འདྲ་རེད།།
རོགས་ཆུང་ལོ་ནམ་མཁའི་སྐར་མ་རེད།།
རོགས་བརྩེ་རྒྱུའི་བསམ་པ་འཛིན་ན་འགྲོ།།
173
དགུང་ཨ་སྔོན་མ་བརྡུངས་མཁར་ཞིག་རེད།།
འབྲུག་ཕོ་ཆུང་མ་བཞེངས་ལྷ་ཞིག་རེད།།
ཆར་བསིལ་མ་མི་འཛད་མཛོད་ཅིག་རེད།།
ལྷོ་འཛམ་བུ་གླིང་ལ་འབབ་གི་འགྲོ།
སྡེ་ཆེན་པོ་མ་བརྡུངས་མཁར་ཞིག་རེད།།
རོགས་ཆུང་ལོ་མ་བཞེངས་ལྷ་ཞིག་རེད།།
ཁ་ལ་གཞས་མི་ཆད་མཛོད་ཅིག་རེད།།
ཆ་ཡོད་མེད་གཉིས་ཀར་རྩེ་ལ་འགྲོ།།
174
ཨ་ཡག་ཁྲ་ཡག་རྫ་ནས།།
རྭ་ཡག་གི་བྲེ་སེར་འབྲོང་མོ།།
མགོ་རུ་ཐུར་ཟངས་ཐུར་འདྲ་བོ།།
སྤང་སེར་བོར་བརྡར་གི་མ་འདུག།
དེ་བརྡར་ན་སྤང་རྩྭ་སྐམ་ལ།།
འབྲོང་རང་གི་རྭ་ཁ་ཟད་འགྲོ།
ཨ་ཡག་སྡེ་ཡག་གྲོང་ནས།།
ཚིག་ཡག་པའི་ཆུང་འདྲིས་དགའ་ལོ།།
ཁ་ཚིག་གསུམ་དར་སྐུད་འདྲ་བོ།།
ཕྱོགས་གཞན་ལ་འཐེན་གི་མ་འདུག།
དེ་འཐེན་ན་མྱི་ཁ་རྒོད་ལ།།
གཏམ་མྱི་ཁས་རླུང་རྟར་གནོད་འགྲོ།
175
ཁྱོད་ཕ་གིའི་རི་བོ་མཐོ་གི།
ང་ཚུར་ཁའི་རི་བོ་དམའ་གི།
རི་གཉིས་ཀར་མཐོ་དམའ་ཡོད་ན།།
བྱ་ཁྱུང་ཆེན་འབབ་ཐབས་མེད་གི།
ཁྱོད་ཕ་བཟང་བུ་ཚ་ཡག་གི།
ང་ཞང་བཟང་བུ་མོ་བཙོག་གི།
རོགས་འུ་གཉིས་ཡག་བཙོག་ཡོད་ན།།
ཞེ་སྣང་བ་མཐུན་ཐབས་མེད་གི།
176
རྟ་འདོ་བ་སྙིང་ལ་རྗེ་བོ།།
ཞོན་བཏང་ན་བྱ་ཡི་ཡན་རེད།།
བཙོངས་བཏང་ན་གསེར་སྲང་སྟོང་རེད།།
མ་བུ་མོ་སྙིང་ལ་རྗེ་བོ།།
བརྩེས་བཏང་ན་ཕ་མའི་ཡན་རེད།།
མཐུན་སོང་ན་དམར་ཆུང་སྲོག་རེད།།
177
དགུང་སྔོན་པོ་ཨ་དབྱིངས་ཀླད་ན།།
སྤྲིན་དཀར་བོས་སྒོ་ཟྭ་བརྒྱབ་ཡོད།།
ནང་འབྲུག་ཆུང་ཡོང་བའི་བར་ར།།
དགུང་ཉི་ཟླ་ཡོང་རུང་མི་འབྱེད།།
རོགས་ངེད་གཉིས་གངས་དཀར་སེམས་ལ།།
ཞེ་བསམ་པའི་དམ་ཚིག་བཞག་ཡོད།།
ངའི་རོགས་ལོ་ཡོང་རག་བར་ར།།
ལྷ་ཚངས་པ་ཡོང་རུང་མི་འདུག།
རྩོམ་ཁུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།