དམངས་གླུ་ཆུ་མིག་དགུ་སྒྲིལ།༢
81
ཁྱོད་ནི་གསེར་གྱི་བུམ་པ།།
ང་ནི་དངུལ་གྱི་བུམ་པ།།
དོན་མེད་ལྕགས་ཀྱི་བུམ་པ།།
བར་ལ་འཚང་གི་མ་འདུག།
82
ཨ་བསེའི་རྫ་དང་གཡུ་རྩེའི་རྫ།།
གཡུ་རྩེའི་རྫ་ར་གོང་མ་ན།།
རྟ་ཉོ་རྟ་དེད་ཤ་ར་ར།།
རྟ་སྔོན་མའི་མཚེར་སྐད་གྱུ་ལི་ལི།།
ཁ་རང་ང་མཚེར་ནི་མ་རེད་ད།།
འདིས་ན་ཟླའི་གཞི་མོ་དྲན་ནི་རེད།།
ཨ་བསེའི་རྫ་དང་གཡུ་རྩེའི་རྫ།།
གཡུ་རྩེའི་རྫ་ར་བར་མ་ན།།
མཛོ་ཉོ་མཛོ་དེད་ཤ་ར་ར།།
མཛོ་སྔོན་མའི་ངུར་ཆུང་འུ་རུ་རུ།།
ཁ་རང་ང་ངུར་ནི་མ་རེད་ད།།
འདིས་ན་ཟླའི་ཐུལ་ལུ་དྲན་ནི་རེད།།
ཨ་བསེའི་རྫ་དང་གཡུ་རྩེའི་རྫ།།
གཡུ་རྩེའི་རྫ་ར་ཞོལ་མ་ན།།
བག་མ་བག་སྐྱེས་ཤ་ར་ར།།
བག་མའི་སྨྲེང་གླུ་འཇོ་ལོ་ལོ།།
ཁ་རང་ང་སྨྲེང་ནི་མ་རེད་ད།།
འདིས་ན་ཟླའི་རོགས་ལོ་དྲན་ནི་རེད།།
83
སྐྱེས་ཤར་ལུ་དངུལ་དཀར་གའུ་རེད།།
སྨན་བུ་མོ་གའུའི་ཤིང་ལོ་རེད།།
འགྲོས་མཛའ་མཐུན་སྐྱེ་བདུན་རིལ་བུ་རེད།།
དབྱེ་མེད་ན་གའུ་ལུང་སྲ་ག་ཆུག།
སྐྱེས་ཤར་ལུ་གོས་ཆེན་གོང་བ་རེད།།
སྨན་བུ་མོ་ཚར་ཆུང་ཕུར་ཁ་རེད།།
འགྲོས་མཛའ་མཐུན་གོས་ཆེན་རི་མོ་རེད།།
དབྱེ་མེད་ན་རྟགས་ཚིག་སྲ་ག་ཆུག།
སྐྱེས་ཤར་ལུ་བ་སོའི་བརྒྱ་དཔོན་རེད།།
སྨན་བུ་མོ་རྒྱ་བྱུར་དཀྲུགས་མ་རེད།།
འགྲོས་མཛའ་མཐུན་དངུལ་བཅུ་ཆ་མ་རེད།།
དབྱེ་མེད་ན་ཕྲེང་ལུང་སྲ་ག་ཆུག།
84
རྫ་ནི་ཟུར་གསུམ་རྩེ་མོ་ཁ་ཁ་རེད།།
སྨུག་ནི་ལང་ལོང་མཉམ་འགྲོ་མཉམ་འདུག་རེད།།
སྦྲ་སྦྲ་ལུ་ཆོན་མགོ་ཁ་ཁ་རེད།།
དུ་སྔོན་མོ་མཉམ་འགྲོ་མཉམ་འདུག་རེད།།
85
གཡུ་དྲུག་དཀར་བྲག་དམར་དཀྱིལ་ན་ཡོད།།
བྲག་དམར་ཡག་མ་བཤིག་མི་ལོན་གི།
བྲག་དམར་ཡག་བཤིག་ན་རྒོད་ལོར་གདུག།
བྱ་རྒོད་ལོར་གདུག་ན་ཆེ་བ་བཤིག་གོ།
86
སྲམ་དཀར་ཁྱ་མཚོ་ཆེན་ནང་ན་ཡོད།།
མཚོ་ལྗང་ལོ་མ་བརྙོག་མི་ལོན་གི།
མཚོ་ལྗང་ལོ་བརྙོག་ན་གསེར་ཉར་གདུག།
ཉ་གསེར་མིག་གདུག་ན་ཆེ་རྙོག་གོ།
རོགས་མཐུན་མོ་བཟའ་གཉིས་བར་ན་ཡོད།།
བཟའ་ཁ་ཁ་མ་གཏོར་མི་ལོན་གི།
བཟའ་ཁ་ཁ་གཏོར་ན་དཔོན་ལོར་གདུག།
གོང་དཔོན་ལོར་གདུག་ན་ཆེ་གཏོར་གོ།
87
རྫ་ནི་ཁྲ་ཁྲ་ཡ་གའི་ཡར་སྟེང་ན།།
སྤྱང་ནི་དར་མ་གཉིས་ཀྱིས་འདུར་རྒྱུག་བྱས།།
སྐྱེས་ནི་ཤར་ལོ་གཉིས་ཀྱི་རྣམ་ཤེས་རེད།།
ཇག་ནི་རྟ་ཕོ་དེད་གི་རྣམ་སྨིན་རེད།།
ཤིང་ནི་ཤུག་སྡོང་གཉིས་ཀྱི་ཧ་བར་ན།།
བྱ་ནི་ཁུ་ལོ་གཉིས་ཀྱིས་གཤོག་འགྲོས་བྱས།།
མ་ནི་བུ་མོ་གཉིས་ཀྱི་རྣམ་ཤེས་རེད།།
དྲིན་ནི་ཕ་མ་མ་གཡོག་རྣམ་སྨིན་རེད།།
མཚོ་ནི་ལྗང་ལོ་གཉིས་ཀྱི་ཧ་བར་ན།།
བྱ་ནི་ངང་སེར་གཉིས་ཀྱིས་གཤོག་འགྲོས་བྱས།།
བན་ནི་སེར་མི་གཉིས་ཀྱི་རྣམ་ཤེས་རེད།།
ཆོས་ནི་ཀུན་རིག་མ་བཏོན་རྣམ་སྨིན་རེད།།
88
ངའི་ཆུང་འདྲིས་རོགས་ལ་ཟེར་གི་རྫོས།།
ང་སོ་སྤང་རི་བརྒྱུད་ནས་བུད་ཐལ་རྫོས།།
སྤང་སོ་མེ་ཏོག་དཀྱིལ་ནས་སྐྱིད་གི་རྫོས།།
ཆར་སོ་སིལ་མ་འབབ་དུས་སྨྲེང་གི་རྫོས།།
ངའི་སོ་ཆུང་འདྲིས་རོགས་ལ་ཟེར་གི་རྫོས།།
ང་སོ་སྡེ་རི་བརྒྱུད་ནས་བུད་ཐལ་རྫོས།།
སྡེ་སོ་ཨ་ཆེན་དཀྱིལ་ནས་སྐྱིད་གི་རྫོས།།
རོགས་སོ་ཆུང་ལོ་དྲན་དུས་སྨྲེང་གི་རྫོས།།
89
སྟོད་ནི་ཡ་གིའི་རི་མགོ་གསུམ་པ་བོ།།
དེའི་ནི་ནང་གི་རི་མགོ་མཐོན་པོ་བོ།།
རོགས་ནི་ཡོད་དུས་རོགས་གི་རྒྱབ་རི་རེད།།
རོགས་ནི་མེད་དུས་སེམས་གི་སྨྲེང་རི་རེད།།
ངས་སྨྲེང་ཐོག་བསང་གསུམ་གན་ལ་ཕུད།།
ངའི་ནི་བསང་མགོ་རོགས་ལོས་ཨེ་རིག་གི།
བར་ན་ཕ་གིའི་ཆུ་མགོ་གསུམ་པ་བོ།།
དེའི་ནི་ནང་གི་ཆུ་མིག་དྭངས་མ་བོ།།
རོགས་ནི་ཡོད་དུས་རོགས་གི་ཆར་ཆུ་རེད།།
རོགས་ནི་མེད་དུས་སེམས་གི་སྨྲེང་ཆུ་རེད།།
ངས་ནི་སྨྲེང་ཐོག་མཆོད་གསུམ་གན་ལ་འཕེན།།
ངའི་ནི་མཆོད་མགོ་རོགས་ལོས་ཨེ་རིག་གི།
སྨད་ནི་མ་གིའི་ཁྱིམ་ཚང་གསུམ་པ་བོ།།
དེའི་ནི་ནང་གི་ཁྱིམ་ཚང་ཕྱུག་པོ་བོ།།
རོགས་ནི་ཡོད་དུས་རོགས་གི་ཕ་ཁྱིམ་རེད།།
རོགས་ནི་མེད་དུས་སེམས་གི་སྨྲེང་ཁྱིམ་རེད།།
ངས་ནི་སྨྲེང་ཐོག་གླུ་གསུམ་གན་ལ་ལེན།།
ངའི་ནི་གླུ་མགོ་རོགས་ལོས་ཨེ་རིག་གི།
90
ངའི་ནི་ཝ་དམར་ཞྭ་མོའི་འོག་གི།
ངས་ནི་ཁྲ་ཆུང་མིག་གིས་བརྡ་ཞིག་བྱས།།
བརྡ་ནི་བྱས་ནི་སྡེ་བས་མ་གོ་ཐལ།།
རོགས་ནི་འུ་གཉིས་ཞེ་ན་ཁྲིགས་སེ་ཡོད།།
ངའི་ནི་ཚར་ཆུང་ཕུ་རུང་ནང་གི།
ངས་ནི་དཀྱིལ་མཛུབ་བར་མས་བརྡ་ཞིག་བྱས།།
བརྡ་ནི་བྱས་ནི་སྡེ་བས་མ་གོ་ཐལ།།
རོགས་ནི་འུ་གཉིས་ཞེ་ན་ཁྲིགས་སེ་ཡོད།།
ངའི་ནི་དུང་སོ་སུམ་ཅུའི་བར་གི།
ངས་ནི་དམར་ཆུང་ལྕེ་ཡིས་བརྡ་ཞིག་བྱས།།
བརྡ་ནི་བྱས་ནི་སྡེ་བས་མ་གོ་ཐལ།།
རོགས་ནི་འུ་གཉིས་ཞེ་ན་ཁྲིགས་སེ་ཡོད།།
ངའི་ནི་དུང་སོ་སུམ་ཅུའི་བར་གི།
ངས་ནི་དམར་ཆུང་ལྕེ་ཡིས་བརྡ་ཞིག་བྱས།།
བརྡ་ནི་བྱས་ནི་སྡེ་བས་མ་གོ་ཐལ།།
རོགས་ནི་འུ་གཉིས་ཞེ་ན་ཁྲིགས་སེ་ཡོད།།
91
རྫ་ནི་དཀར་དཀར་བུམ་པའི་ངོས་ན།།
རྟ་ནི་དཀར་དཀར་སྒྲོག་ལ་བརྒྱབས་ཡོད།།
སྒྲོག་ནི་འཆར་བུ་བརྟོལ་རོགས་བྱོས་དང་།།
རོགས་ནི་འུ་གཉིས་འགྲོ་ཕྱོགས་གཅིག་རེད།།
རྫ་ནི་དཀར་དཀར་བུམ་པའི་སྐེད་ན།།
མཛོ་ནི་དཀར་ཁྱ་རྡང་ལ་བསྒྲིགས་ཡོད།།
རྡང་ནི་སྣེ་མོ་གཟད་རོགས་བྱོས་དང་།།
རོགས་ནི་འུ་གཉིས་འགྲོ་ཕྱོགས་གཅིག་རེད།།
རྫ་ནི་དཀར་དཀར་བུམ་པའི་ཞོལ་ན།།
རོགས་ནི་ཞི་མོར་སྙིང་གཏམ་བཤད་ཡོད།།
ཚིག་ནི་སྙིང་གཏམ་བཤད་རོགས་བྱོས་དང་།།
རོགས་ནི་འུ་གཉིས་འགྲོ་ཕྱོགས་གཅིག་རེད།།
92
རྟ་གྱོ་རྒྱ་སྔོ་རྒྱ་རག་དཀར་གསུམ།།
རྟ་གྱོ་རྒྱ་རི་ཡུལ་གོམ་རྟ་རེད།།
རྟ་སྔོ་རྒྱ་མྱི་སྡུན་འཁྱེར་རྒྱུ་རེད།།
ཞོན་མ་བྲ་རྒྱུ་བོ་རག་དཀར་རེད།།
གོས་ཕྱི་མ་ནང་མ་བར་མ་གསུམ།།
གོས་ཕྱི་མ་ཆུ་ལེན་ཆར་གོས་རེད།།
གོས་ནང་མ་ཤ་ཁྲག་ཚིལ་ལེན་རེད།།
རྙིང་མི་ཉན་རྒྱུ་བོ་བར་མ་རེད།།
རོགས་གནའ་འདྲིས་ད་འདྲིས་ཆུང་འདྲིས་གསུམ།།
རོགས་གནའ་འདྲིས་གནའ་ཡི་རྩེ་རོགས་རེད།།
རོགས་ད་འདྲེས་ད་ལྟའི་རྩེ་རོགས་རེད།།
འགལ་མི་ཉན་ས་བོ་ཆུང་འདྲིས་རེད།།
93
ང་ནི་སྨྲེང་རབས་རྡོ་ལ་མ་བཤད།།
རྡོ་ནི་ཡིན་རུང་གས་ཁ་ཤོར་འགྲོ།།
ང་ནི་སྨྲེང་རབས་ཆུ་ལ་མ་བཤད།།
ཆུ་ནི་དྭངས་མོ་ཡིན་རུང་རྙོག་འགྲོ།།
ང་ནི་སྨྲེང་རབས་རོགས་ལ་མ་བཤད།།
རོགས་ནི་སེམས་ཆུང་མཆི་མས་ཁེངས་འགྲོ།
94
རྟ་ཤ་མེད་ས་མཐར་མ་འཁྱེར།།
ཆད་སོང་ན་སྐྱོང་ཐབས་དཀའ་ཡ།།
གོས་རྒྱ་གསེར་ས་མཐར་མ་གོན།།
ཐེད་སོང་ན་ལྷན་པོ་དཀའ་གི།
རོགས་རྩེ་ན་ས་མཐའི་མ་རྩེ།།
འགྲིག་སོང་ན་བཤིག་ཐབས་དཀའ་གི།
95
བྱ་ནི་ཁུ་ལོ་ཡག་ལ་སྨྲེང་མོ་ལ།།
ངས་ནི་ཤིང་རི་བརྒྱུད་ནས་བུད་ཐལ་རྫོས།།
ཤིང་ནི་ཡལ་ག་ཆག་རྒྱུའི་དཔེ་ཡོད་རུང་།།
བྱ་ནི་ཤིང་མགོའི་ལྷུང་རྒྱུའི་དཔེ་མེད་གོ།
ཉ་ནི་གསེར་མིག་ཡག་ལ་སྨྲེང་མོ་ལ།།
ངས་ནི་ཆུ་རི་བརྒྱུད་ནས་བུད་ཐལ་རྫོས།།
ཆུ་ནི་འགྲམ་དར་ཆགས་རྒྱུའི་དཔེ་ཡོད་རུང་།།
ཉ་ནི་དར་ལ་འབྱར་རྒྱུའི་དཔེ་མེད་གོ།
རོགས་ནི་ཆུང་ལོ་ཡག་ལ་སྨྲེང་མོ་ལ།།
ངས་ནི་སྡེ་རི་བརྒྱུད་ནས་བུད་ཐལ་རྫོས།།
སྡེ་ནི་མྱི་ཁ་ཆེ་རྒྱུའི་དཔེ་ཡོད་རུང་།།
རོགས་ནི་མྱི་ཁས་ཤི་རྒྱུའི་དཔེ་མེད་གོ།
96
ཁྱོའི་གོས་དཀར་གོང་བའི་ངོས་ལ།།
ངས་དངུལ་དཀར་སྒྲོག་གུ་བརྒྱབས་ཡོད།།
ཁྱོས་དེང་སང་རྒྱག་གི་མེད་གི།
དེ་མི་རྒྱག་དོན་པོ་ཅི་རེད།།
ཁྱོའི་ཙན་དན་ཕྲེང་ཆུང་ནང་ལ།།
ངས་དྲུག་དཀར་བརྒྱུན་རྒྱུ་སྦྱིན་ཡོད།།
ཁྱོས་དེང་སང་རྒྱུན་གི་མེད་གི།
དེ་མི་རྒྱུན་དོན་པོ་ཅི་རེད།།
ཁྱོའི་གངས་དཀར་སེམས་གི་དཀྱིལ་ལ།།
ངས་མི་བརྗེད་ཚིག་གསུམ་བཤད་ཡོད།།
ཁྱོས་དེང་སང་སེམས་ན་མེད་གི།
དེ་མེད་རྒྱུའི་དོན་པོ་ཅི་ཡོད།།
97
ངའི་སྦྲ་ནག་གྲུ་བཞིའི་ནང་ན།།
ང་ལ་སྙིང་ཆུང་སྲིང་ཆུང་གཅིག་ཡོད།།
དེའི་ནི་ཡག་གི་འདང་ཅན་ང་མེད།།
དེའི་ནི་གཅིག་གི་འདང་ཞིག་ཁྱོད་རྒྱག།
ངའི་ཙན་དན་ཕྲེང་ཆུང་ནང་ན།།
ང་ལ་བྱུར་དཀར་བྱུར་དམར་གཉིས་ཡོད།།
དེའི་ནི་ཡན་གི་འདང་ཅན་ང་མེད།།
དེའི་ཡན་གི་འདང་ཞིག་ཁྱོད་རྒྱག།
རྩོམ་ཁུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།