ཨ་མདོའི་དམངས་གླུ་གཅེས་བསྡུས་ལས་སྨྲེང་གླུའི་སྐོར།༢
བུ་དང་བུ་མོ་མཉམ་སྐྱེས་རེད།
བྲག་དང་ཤུག་པ་མཉམ་སྐྱེས་རེད།།
བྲག་ལ་བལྟས་ནས་ཤུག་ལོ་འཐུ།།
འཐུས་ནོ་ཤུག་ལོ་སྙིང་རེ་རྗེ།།
གྲོ་དང་ཡུག་པོ་མཉམ་སྐྱེས་རེད།།
གྲོ་ལ་བལྟས་ནས་ཡུག་པོ་འབལ།།
བལ་ནོ་ཡུག་པོ་སྙིང་རེ་རྗེ།།
བུ་དང་བུ་མོ་མཉམ་སྐྱེས་རེད།།
བུ་ལ་བལྟས་ནས་བུ་མོ་བྱིན།།
བྱིན་ནོ་བུ་མོ་སྙིང་རེ་རྗེ།།
ཕ་ཨ་ཁུ་རྒས་རྒས་སྡོང་རྒས་རེད།
ཕ་ཨ་ཁུ་རྒས་རྒས་སྡོང་རྒས་རེད།
སྡོང་རྒས་རུང་སྡོང་ལོ་སྔོན་པོ་རེད།།
མ་བུ་མོ་རྒས་རྒས་འབྲི་རྒས་རེད།།
འབྲི་རྒས་རུང་འབྲི་མར་སེར་བོ་རེད།།
ནང་ན་ཟླ་རྒས་རྒས་ཁྲ་རྒས་རེད།།
ཁྲ་རྒས་རུང་ཁྲ་སྒྲོ་སོ་མ་རེད།།
མ་བུ་མོ་ཁུ་བྱུག་གྲག་གྲག
བན་སེར་མོ་ཞིག་གི་འཛོམས་གསུམ་ལེན།།
ནངས་སྔ་སེ་གདོང་གྲལ་གྲལ་ན་ཡོད།།
བན་སེར་མོ་ངང་བ་གཤར་གཤར་རེད།།
ཆོས་ཀུན་རིག་ཆུ་བོ་འབབ་འབབ་རེད།།
བན་སེར་མོ་ཞིག་གི་འཛོམས་གསུམ་ཡོད།།
སྟག་ཤ་ར་ཞིག་གི་འཛོམས་གསུམ་ལེན།།
ནངས་སྔ་སེ་ཁྲ་ཡག་རྫ་ན་ཡོད།།
བོའུ་རྭ་རིང་འབྲུག་ཆུང་གྲག་གྲག་རེད།།
རྫ་འབྲོང་མོ་རྫ་རྡོ་སྙིལ་སྙིལ་རེད།།
སྟག་ཤ་ར་ཞིག་གི་འཛོམས་གསུམ་རེད།།
མ་བུ་མོ་ཞིག་གི་འཛོམས་གསུམ་ལེན།།
ནངས་སྔ་སེ་འབྲི་མོའི་རྩིབ་ན་ཡོད།།
མ་བུ་མོ་ཁུ་བྱུག་གྲག་གྲག་རེད།།
ཞོ་འོ་མ་རྒྱ་མཚོ་འཕྱུར་འཕྱུར་རེད།།
མ་བུ་མོ་ཞིག་གི་འཛོམས་གསུམ་རེད།།
སྨོན་པ་དྲིན་ཆེན་མ་ལ་བཞག
དཔྱིད་ཟླ་གསུམ་གྱི་དང་པོ་ན།།
འབྲུ་དྲུག་རིན་ཆེན་ས་ལ་གཏོར།།
འདི་ལོ་ཏོག་ཡག་གི་ལྟད་མོར་ལྟོས།།
སྨོན་པ་སྤང་དཀར་རྒོད་ལ་བཞག།
དབྱར་ཟླ་གསུམ་གྱི་དང་པོ་ན།།
མེ་ཏོག་སེར་ཆེན་སེར་ཆུང་འཁྲུངས།།
འདི་ནོར་ལུག་མང་གི་ལྟད་མོར་ལྟོས།།
སྨོན་པ་སྤང་དཀར་ཐང་ལ་བཞག།
དགུན་ཟླ་གསུམ་གྱི་དང་པོ་ན།།
མ་བཟང་བུ་མོ་གནས་ལ་བསྐྱལ།།
འགྲོ་གནས་ཡུལ་སྐྱིད་གི་ལྟད་མོར་ལྟོས།།
སྨོན་པ་དྲིན་ཆེན་མ་ལ་བཞག།
རེ་བ་རང་ལ་ཞོག
དཔྱིད་ཟླ་གསུམ་གྱི་དང་པོ་ལ།།
ནས་རིགས་སྔོན་མོ་ཞིང་ལ་བཏབ།།
ལོ་ཡག་པའི་རེ་བ་ཚེགས་ལ་ཞོག།
གནམ་ལ་རེ་བ་དོན་གོ་ཆུང༌།།
དབྱར་ཟླ་གསུམ་གྱི་དང་པོ་ལ།།
མེ་ཏོག་ལམ་མེ་ས་ལ་བཞད།།
ཕྱུགས་འཕེལ་བའི་རེ་བ་སྐྱེས་ལ་ཞོག།
ལྷ་ལ་རེ་བ་དོན་གོ་ཆུང༌།།
དགུན་ཟླ་གསུམ་གྱི་དང་པོ་ལ།།
མ་བཟང་བུ་མོ་གནས་ལ་བསྐྱལ།།
གནས་སྐྱིད་པའི་རེ་བ་རང་ལ་ཞོག།
ཕ་མར་རེ་བ་དོན་གོ་ཆུང༌།།
སྙིང་རྗེ་ན་རྗེ་རྒྱུ་ཀན་ན་ཡོད།
འབྲོང་རྒས་གི་རྒས་གི་རྫ་མགོར་འཁོར།།
འབྲོང་ཆེ་ཆུང་གཉིས་ཀྱིས་རྭ་གཡུག་བྱེད།།
སྙི་རྗེ་ན་རྗེ་རྒྱུ་ཀན་ན་ཡོད།།
བྱ་རྒས་གི་རྒས་གི་ནམ་འཕང་གཏད།།
བྱ་ཆེ་ཆུང་གཉིས་ཀྱིས་སྒྲོ་སྣེ་འཐོག།
སྙིང་རྗེ་ན་རྗེ་རྒྱུ་ཀན་ན་ཡོད།།
མི་རྒས་གི་རྒས་གི་གོ་ཁར་ལྷུང༌།།
མི་ཆེ་ཆུང་གཉིས་ཀྱིས་ཚིག་ལོག་བརྒྱབ།།
སྙིང་རྗེ་ན་རྗེ་རྒྱུ་ཀན་ན་ཡོད།།
དྲིན་ལན་བསབ་པའི་བུ་ཕྲུག་དཀའ།
སྦྲ་མཐིང་སྨུག་ཡན་ན་དྲིན་ཆེན་མེད།།
དབྱར་ཟླ་གསུམ་ལ་ཆར་བ་བཀག།
དགུན་ཟླ་གསུམ་ལ་ཁངས་སྐྱ་བཀག།
དྲིན་ལན་ཤེས་པའི་སྦྲ་བདག་དཀའ།།
ལུག་འཚེར་མོའི་ཡན་ན་དྲིན་ཆེན་མེད།།
ཕྱི་པགས་པ་བཤུས་ནས་བསེར་བུ་བཀག།
ནང་ཤ་ཁྲག་བླངས་ནས་ལྟོགས་སྐོམ་སེལ།།
དྲིན་ལན་བསབ་པའི་ཟོག་བདག་དཀའ།།
ཡུལ་ཕ་མའི་ཡན་ན་དྲིན་ཆེན་མེད།།
ཟླ་དགུ་ཞག་དགུ་ཁོག་ལ་ཁུར།།
བྲང་ནུ་མ་བླུད་ནས་གཉོམ་ལག་སྲིངས།།
དྲིན་ལན་བསབ་པའི་བུ་ཕྲུག་དཀའ།།
ཁྱུང་གི་རྒྱུད་ལ་རྒས་རྒྱུ་མེད།
ཕོ་རོག་ནག་ཆུང་ཁྱུང་གི་རྒྱུད།།
ཁྱུང་གི་རྒྱུད་ལ་རྒས་རྒྱུ་མེད།།
རྒས་རུང་ཁྲ་ཐིག་ནོག་རྒྱུ་མེད།།
འདོ་རིགས་རྟ་ཕོ་རྐྱང་གི་རྒྱུད།།
རྐྱང་གི་རྒྱུད་ལ་རྒས་རྒྱུ་མེད།།
རྒས་རུང་གོམ་པ་འཆོལ་རྒྱུ་མེད།།
ཕ་བཟང་བུ་ཚ་སྲིད་པའི་རྒྱུད།།
སྲིད་པའི་རྒྱུད་ལ་རྒས་རྒྱུ་མེད།།
རྒས་རུང་གཏམ་ལ་འཕྱུག་རྒྱུ་མེད།།
འགྲོ་དགོས་པ་བུ་མོའི་སྔོན་ལས་རེད།
ཐོ་རུ་ཐོར་མོ་མཉམ་སྐྱེས་རེད།།
ཐོ་རུ་གཞན་ལ་བཙོང་རྒྱུ་རེད།།
བཙོང་དགོས་པ་སྔོན་གྱི་ལས་དབང་རེད།།
བྲག་དང་ཤུག་པ་མཉམ་སྐྱེས་རེད།།
ཤུག་ཏོག་ས་ལ་ཐོར་རྒྱུ་རེད།།
འཐོར་དགོས་པ་སྔོན་གྱི་ལས་དབང་རེད།།
བུ་དང་བུ་མོ་མཉམ་སྐྱེས་རེད།།
བུ་མོ་གནས་ལ་འགྲོ་རྒྱུ་རེད།།
སྟེར་དགོས་པ་བུ་མོའི་སྔོན་ལས་རེད།།
གནས་སྡེ་མཐའ་བུ་མོའི་ཕ་ཡུལ་རེད།
འབྲུག་ཕོ་ཆུང་སྐྱེ་ས་མཚོ་ནང་རེད།།
གྲགས་ནས་འགྲོ་ས་དགུང་སྔོན་རེད།།
དགུང་སྔོན་པོ་འབྲུག་གི་ཕ་ས་རེད།།
རྟ་འདོ་བ་སྐྱེ་ས་ན་ཁུག་རེད།།
སྐྱེས་ནས་རྒྱུགས་ས་སྤང་ལུང་རེད།།
སྤང་སེར་མོ་རྟ་ཡི་ཕ་ས་རེད།།
མ་བུ་མོ་སྐྱེས་ས་རང་ཡུལ་རེད།།
སྐྱེས་ནས་རྒས་ས་གནས་ཡུལ་རེད།།
གནས་སྡེ་མཐའ་བུ་མོའི་ཕ་ཡུལ་རེད།།
གཡུ་འདོགས་པའི་བུ་མོ་ལང་ཚོ་བབ།
ཁས་གོང་མའི་ལམ་ལ་ཇ་འཚོང་བཤར།།
ཇ་མ་ཉོ་མ་ཟེར་ཉོ་རུ་ཆུག།
ཇ་འཐུང་པའི་ཕ་མ་རྒས་གི་ཡོད།།
ཁས་བར་མའི་ལམ་ལ་རྟ་འཚོང་བཤར།།
རྟ་མ་ཉོ་མ་ཟེར་ཉོ་རུ་ཆུག།
རྟ་ཞོན་པའི་བུ་ཚ་སྐྱེ་གི་ཡོད།།
ཁས་ཞོལ་མའི་ལམ་ལ་གཡུ་འཚོང་བཤར།།
གཡུ་མ་ཉོ་མ་ཟེར་ཉོ་རུ་ཆུག།
གཡུ་འདོགས་པའི་བུ་མོ་ལང་ཚོ་བབ།།
ལུས་ཕྲ་མོ་ཨ་ལོང་མ་རྒས་གོང༌།
ལུས་ཕྲ་མོ་ཨ་ལོང་མ་རྒས་གོང༌།།
གོས་ཡག་བཙོག་གཉི་ག་གོན་གི་སྡོད།།
ལུས་རྒས་ནས་ལུས་སྟོབས་ཉམས་སོང་ན།།
གོན་འདོད་ཀྱང་སྐ་རགས་དོམ་རབས་མེད།།
མིག་གཟི་ཆུང་འོད་མདངས་མ་ཉམས་གོང༌།།
ཐག་རིང་ཐུང་གཉི་གར་བལྟ་གི་སྡོད།།
མིག་ཕྲ་མོ་ཆུ་ཡིས་བསྐོར་བ་ན།།
བལྟ་འདོད་ཀྱང་ཐག་རིང་རིག་རབས་མེད།།
སོ་སུམ་ཅུའི་ཕྲེང་བ་མ་འཐོར་གོང༌།།
ཟས་ཞིམ་མངར་འཛོམས་དུས་ཟ་གི་སྡོད།།
ཁའི་དུང་སོ་སུམ་ཅུ་འཐོར་སོང་ན།།
ཟ་འདོད་ཀྱང་ཞིམ་མངར་ཤེས་རབས་མེད།།
དགུན་ཟླ་གསུམ་གྱི་དང་པོ་ལ།
དབྱར་ཟླ་གསུམ་གྱི་དང་པོ་ལ།།
སྤང་ལ་མེ་ཏོག་སེར་ཆེན་བཞད།།
རྗེ་བླ་མ་དབུས་ལ་ཕེབས་སྐབས་རེད།།
སྟོན་ཟླ་གསུམ་གྱི་དང་པོ་ལ།།
ཚིགས་དྲུག་མགོ་ལ་འབྲུ་དྲུག་ཐོག།
སྟག་ཤ་ར་ཇག་ལ་འགྲོ་སྐབས་རེད།།
དགུན་ཟླ་གསུམ་གྱི་དང་པོ་ལ།།
ཆུ་གཙང་བོའི་ཁ་ལ་འགྲམ་དར་ཆགས།།
མ་བུ་མོ་གནས་ལ་འགྲོ་སྐབས་རེད།།
གླུ་ཡོད་ན་ཚེ་ཐོག་འདི་ནས་ལོང༌།
གོས་ཡོད་ན་ཚེ་ཐོག་འདི་ནས་གོན།།
ཚེ་ཕྱི་མ་སོང་ན་གོན་ས་མེད།།
གོན་ས་ཡོད་རུང་ལྟ་མི་མེད།།
རྟ་ཡོད་ན་ཚེ་ཐོག་འདི་ནས་ཞོན།།
ཚེ་ཕྱི་་མ་སོང་ན་ཞོན་ས་མེད།།
ཞོན་ས་ཡོད་རུང་ལྟ་མི་མེད།།
གླུ་ཡོད་ན་ཚེ་ཐོག་འདི་ནས་ལོང༌།།
ཚེ་ཕྱི་མ་སོང་ན་ལེན་ས་མེད།།
ལེན་ས་ཡོད་རུང་ཉན་མི་མེད།།
ཡ་རབས་ཚང༌།
ཡ་རབས་ཚང་གི་ཕུགས་སྟོད་ན།།
གསེར་སེར་པོའི་ཇོ་སྐུ་རང་བྱོན་ཡོད།།
བལྟ་རྒྱུ་མཇལ་རྒྱུ་གཉི་ག་ཡོད།།
ཡ་རབས་ཚང་གི་ཞིང་ཐོག་ན།།
ལོ་ཡག་སྙེ་མ་གང་ཆེ་ཡོད།།
ཟ་རྒྱུ་གསོག་རྒྱུ་གཉི་ག་ཡོད།།
ཡ་རབས་ཚང་གི་སྒོ་ཁ་ན།།
འདོ་རིགས་རྟ་བོ་གང་བཟང་ཡོད།།
རྒྱུག་རྒྱུ་འདུར་རྒྱུ་གཉི་ག་ཡོད།།
ཁྱོད་མེད་ན་ཡིད་སེམས་སྟོང་བ་རེད།
བྱ་ངང་བ་སེར་རོ་སྐེ་རྒྱན་ཅན།།
འཕུར་བཏང་ན་ནམ་མཁའི་རྒྱན་ཞིག་རེད།།
བབས་བཏང་ན་མཚོ་ཁའི་རྒྱན་ཞིག་རེད།།
ཁྱོད་མེད་ན་མཚོ་ཁ་སྟོང་བ་རེད།།
སྟག་ཤ་ར་གློ་གྲི་སྐེད་འདོགས་ཅན།།
ཕར་སོང་ན་སྡེ་བའི་རྒྱན་ཞིག་རེད།།
ཚུར་ཡོང་ན་སྡེ་བའི་སྐྱིད་ཅིག་རེད།།
ཁྱོད་མེད་ན་སྡེ་བ་སྟོང་བ་རེད།།
མ་བུ་མོ་བྱུ་རུའི་འདོགས་ཆ་ཅན།།
ཕར་སོང་ན་ན་ཟླའི་རྒྱན་ཞིག་རེད།།
ཚུར་ཡོང་ན་ན་ཟླའི་སྐྱིད་ཅིག་རེད།།
ཁྱོད་མེད་ན་ཡིད་སེམས་སྟོང་བ་རེད།།
ཕ་ཞིག་ལ་བུ་ཞིག་མེད་སོང་ན།
ཕ་ཞིག་ལ་དགོས་དགོས་བུ་ཞིག་དགོས།།
ཕ་ཞིག་ལ་བུ་ཞིག་མེད་སོང་ན།།
དགྲ་གཤིན་རྗེའི་འབོད་པ་ཐོན་པའི་དུས།།
གྲི་རིང་མོ་ལག་ནས་ལྷུང་པ་འདྲ།།
བུ་ཞིག་ལ་དགོས་དགོས་རྟ་ཞིག་དགོས།།
བུ་ཞིག་ལ་རྟ་ཞིག་མེད་སོང་ན།།
རྗེས་ར་མདས་ད་སྡོད་ཟེར་བའི་དུས།།
བྱ་རྒོད་པོའི་གཤོག་པ་ཆད་པ་འདྲ།།
མ་ཞིག་ལ་དགོས་དགོས་འབྲི་ཞིག་དགོས།།
མ་ཞིག་ལ་འབྲི་ཞིག་མེད་སོང་ན།།
འབྲི་ཐུལ་མའི་ནུ་ཁ་ལྷོད་པའི་དུས།།
བྱིའུ་ཅོ་ཀ་ཐང་ལ་ལྷུང་བ་འདྲ།།
གླུ་གོར་གོར་ལེན་ན་གོར་གོར་ལེན།།
གླུ་གོར་གོར་ལེན་ན་གོར་གོར་ལེན།།
དགུང་ཉི་ཟླ་གཉི་ག་གོར་གོར་ལེན།།
དེའི་མཐའ་ན་སྐར་ཚོགས་འབུམ་གྱིས་བསྐོར།།
ངས་ཡང་ཡང་བསྐོར་བའི་གླུ་རེ་ལེན།།
གླུ་གོར་གོར་ལེན་ན་གོར་གོར་ལེན།།
དོག་མོ་ས་འདི་གོར་གོར་རེད།།
དེའི་མཐའ་ན་རྩི་ཤིང་འབུམ་གྱིས་བསྐོར།།
ངས་ཡང་ཡང་བསྐོར་བའི་གླུ་རེ་ལེན།།
གླུ་གོར་གོར་ལེན་ན་གོར་གོར་ལེན།།
ཁྲོམ་པའི་གྲལ་འདི་གོར་གོར་རེད།།
དེའི་མཐའ་ན་ན་ཟླ་འབུམ་གྱིས་བསྐོར།།
ངས་ཡང་ཡང་བསྐོར་བའི་གླུ་རེ་ལེན།།
གླུ་ཁ་ཁེར་ལོངས་ལ་དལ་མོ་བྱོས།
ཡར་ནང་རྫ་དང་མར་ནང་རྫ།།
འབྲོང་བྲེ་སེར་རྫ་ལ་ཐོན་རུང་རེད།།
རྩྭ་རམ་དཀར་ཁ་ལ་རེག་རུང་རེད།།
འབྲོང་རྭ་ཁ་ལྡེམ་མེ་དལ་མོ་བྱོས།།
ཡར་ནང་སྤང་དང་མར་ནང་སྤང༌།།
རྟ་འདོ་བ་སྤང་ལ་ཐོན་རུང་རེད།།
རྩྭ་རྩི་ཏོག་ཁ་ལ་རེག་རུང་རེད།།
རྒྱུག་གོམ་ལག་ལྷོད་ལ་དལ་མོ་བྱོས།།
ཕར་ཁའི་གྲལ་དང་ཚུར་ཁའི་གྲལ།།
ཕ་ཨ་ཁུའི་གྲལ་ལ་འཚོགས་རུང་རེད།།
གླུ་དྲུག་འགྱུར་ངག་ནས་ཐོན་རུང་རེད།།
གླུ་ཁ་ཁེར་ལོངས་ལ་དལ་མོ་བྱོས།།
མ་བུ་མོ་གནས་ལ་འགྲོ་དུས་སུ།
བན་སེར་མོ་དབུས་ལ་འགྲོ་དུས་སུ།།
སེམས་ཡ་ཆུང་ཁོག་པ་སྨུག་གིས་བཀང༌།།
བཀང་མི་དགོས་ཆོས་ས་ཆོས་ཡུལ་རེད།།
བན་སེར་མོ་གྲགས་ས་དབུས་གཙང་རེད།།
མ་བུ་མོ་གནས་ལ་འགྲོ་དུས་སུ།།
མིག་ཁྲ་རིས་མིག་མཐའ་ཆུ་ཡིས་བཀང༌།།
བཀང་མི་དགོས་བཟའ་ཚང་འགྲིག་ས་རེད།།
མ་བཟང་མོ་འདུག་ས་གནས་ཡུལ་རེད།།
ཨ་མ་བུ་མོ་མནའ་མ་གསུམ།
ལྷོ་སྤྲིན་གཡུ་འབྲུག་སྦྲང་ཆར་གསུམ།།
ལྷོ་སྤྲིན་རྒྱ་མཚོའི་ཁ་ནས་འཐིབས།།
གཡུ་འབྲུག་བར་སྣང་ཁམས་ནས་གྲགས།།
སྦྲང་ཆར་དོག་མོ་ས་ལ་བབས།
དེ་འདྲའི་རྟེན་འབྲེལ་རང་འགྲིགས་ཤིག།
རྩི་ཤིང་མེ་ཏོག་འབྲས་བུ་གསུམ།།
མེ་ཏོག་དཔྱིད་ཀྱི་དཔལ་ལ་བཞད།།
འབྲས་བུ་བུང་བའི་བཅུད་དུ་འཛོམས།།
དེ་འདྲའི་རྟེན་འབྲེལ་རང་འགྲིགས་ཤིག།
ཨ་མ་བུ་མོ་མནའ་མ་གསུམ།།
ཨ་མས་བཟའ་ཚང་ཐབས་ཀྱིས་སྐྱོང༌།།
བུ་མོའི་གཤིས་རྒྱུད་དར་ལས་འཇམ།།
མནའ་མ་ཡ་རབས་བརྩི་བཀུར་ཆེ།།
དེ་འདྲའི་རྟེན་འབྲེལ་རང་འགྲིགས་ཤིག།
རི་མོ་ཅན་གྱི་གོས་ནང་ན།
གསེར་ཁྲི་སེར་བོའི་ཁྲི་ཐོག་ན།།
ཡོན་ཏན་ཅན་གྱི་བླ་མ་སྐྱིད།།
ཆོས་བྱིན་རླབས་ལྡན་ན་ཇེ་སྐྱིད་རེད།།
གོམ་པ་ཅན་གྱི་རྟ་ཐོག་ན།།
དཔའ་རྩལ་ཅན་གྱི་བུ་ཚ་སྐྱིད།།
བུ་རིག་དཔའ་འཛོམས་ན་ཇེ་སྐྱིད་རེད།།
རི་མོ་ཅན་གྱི་གོས་ནང་ན།།
བསོད་ནམས་ཅན་གྱི་བུ་མོ་སྐྱིད།།
གཡུ་བྱུ་རུ་འཛོམས་ན་ཇེ་སྐྱིད་རེད།།
མ་བུ་མོ་ཉོན་དང་གནས་སྐད་རེད།
ནེ་ཙོ་སྔོན་མོ་གནམ་ནས་གྲགས།།
གནམ་ནས་གྲགས་ནས་རི་མཐའ་བསྐོར།།
བན་སེར་མོས་ཉོན་དང་ཆོས་སྐད་རེད།།
ཕོ་རོག་ནག་ཆུང་སྒང་ནས་གྲགས།།
སྒང་ནས་གྲགས་ཏེ་མཁར་མཐའ་བསྐོར།།
སྟག་ཤ་རས་ཉོན་དང་དཔའ་སྐད་རེད།།
ངང་བ་སེར་པོ་མཚོ་ནས་གྲགས།།
མཚོ་ནས་གྲགས་ཏེ་མཚོ་མཐའ་བསྐོར།།
མ་བུ་མོས་ཉོན་དང་གནས་སྐད་རེད།།
སྟག་ཤ་ར་ཚང་གི་རྒྱན་གསུམ།
བན་སེར་མོ་ཚང་ལ་རྒྱན་གསུམ་ཡོད།།
མགོ་ཞྭ་མོ་ཅན་གྱིས་ནམ་མཁའ་གང༌།།
རྒྱབ་ཆོས་གོས་ཅན་གྱིས་བར་སྣང་གང༌།།
རྐང་སག་ལྷམ་ཅན་གྱིས་ས་གཞི་གང༌།།
བན་སེར་མོ་ཚང་གི་རྒྱན་གསུམ་ཡིན།།
སྟག་ཤ་ར་ཚང་ལ་རྒྱན་གསུམ་ཡོད།།
མགོ་རྨོག་དཀར་ཅན་གྱིས་ནམ་མཁའ་གང༌།།
ལུས་ཁྲབ་དཀར་ཅན་གྱིས་བར་སྣང་གང༌།།
རྟ་འདོ་བ་ཞོན་པས་ས་གཞི་གང༌།།
སྟག་ཤ་ར་ཚང་གི་རྒྱན་གསུམ་ཡིན།།
མ་བུ་མོ་གསུམ་ལ་རྒྱན་གསུམ་ཡོད།།
མགོ་ཝ་མོ་ཅན་གྱིས་ནམ་མཁའ་གང༌།།
རྒྱབ་བྱུ་རུ་འཁུར་བས་བར་སྣང་གང༌།།
ལག་ལས་ཀ་ཅན་གྱིས་ས་གཞི་གང༌།།
མ་བུ་མོ་ཚང་གི་རྒྱན་གསུམ་ཡིན།།
འདི་དེང་སང་ལྷ་མི་དཔོན་མི་རེད།
རྟ་རྒོད་མ་བཟང་བོས་རྟེའུ་གསུམ་བཙས།།
རྟ་སྤུ་ཁ་ཅན་པོ་གཞན་ལ་བཙོངས།།
མ་མེད་རྟེའུ་ལོ་ཤར་ལ་བརྒྱབ།།
འདི་དེང་སང་ཁ་དཀར་རྐྱང་མོ་རེད།།
འབྲི་མོ་བཟང་བོས་བེའུ་གསུམ་བཙས།།
མཛོ་སྤུ་དཀར་ཅན་པོ་གཞན་ལ་བཙོངས།།
མཛོ་རྭ་ཁ་ཅན་པོ་རང་གིས་བཟུང༌།།
མ་མེད་བེའུ་ཤར་ལ་བརྒྱབ།།
འདི་དེང་སང་བྲེ་སེར་འབྲོང་མོ་རེད།།
ཕ་མ་བཟང་བོར་བུ་གསུམ་སྐྱེས།།
བུ་རིག་ཡག་ཅན་པོ་སློབ་གྲྭར་བསྐྱལ།།
བུ་བསོད་ནམས་ཅན་པོ་རང་གིས་བཟུང༌།།
འདི་དེང་སང་ལྷ་མི་དཔོན་མི་རེད།།
མ་བུ་མོའི་སྨོན་ལམ་འདེབས་ཕྱོགས།
བྱ་ངང་བ་སྐྱེས་སྐྱེས་མཚོ་ནས་སྐྱེས།།
མཚོ་ནས་སྐྱེས་ཏེ་བྲག་ནས་རྒས།།
བྱ་ངང་བའི་སྨོན་ལམ་འདེབས་ཕྱོགས་རེད།།
རྟ་འདོ་བ་སྐྱེས་སྐྱེས་སྤང་ནས་སྐྱེས།།
སྤང་ནས་སྐྱེས་ཏེ་ལམ་ནས་རྒས།།
རྟ་འདོ་བའི་སྨོན་ལམ་འདེབས་ཕྱོགས་རེད།།
མ་བུ་མོ་སྐྱེས་སྐྱེས་ཡུལ་ནས་སྐྱེས།།
ཡུལ་ནས་སྐྱེས་ཏེ་གནས་ནས་རྒས།།
མ་བུ་མོའི་སྨོན་ལམ་འདེབས་ཕྱོགས་རེད།།
དེ་གྲུབ་པའི་གྲུབ་སྟོན་དེ་རིང་ཡིན།
སྟོད་དབུས་གཙང་གསེར་ཁང་ན་ནིང་བཞེངས།།
སྟེང་སེར་ཏོག་སོ་མ་ད་ལོ་གྲུབ།།
དེ་གྲུབ་པའི་གྲུབ་སྟོན་དེ་རིང་ཡིན།།
སྨན་རྒྱ་ནག་ལྕགས་མཁར་ན་ནིང་བཞེངས།།
སྟེང་བ་གམ་སོ་མ་ད་ལོ་གྲུབ།།
དེ་གྲུབ་པའི་གྲུབ་སྟོན་དེ་རིང་ཡིན།།
ས་ཨ་མདོའི་མཆོད་རྟེན་ན་ནིང་བརྩིགས།།
མགོ་ཉི་ཟླ་ནོར་བུ་ད་ལོ་གྲུབ།།
དེ་གྲུབ་པའི་གྲུབ་སྟོན་དེ་རིང་ཡིན།།
ཕ་མ་གཅིག་གི་མཆན་འོག་ན།
བྱ་མ་གཅིག་གི་གཤོག་འོག་ན།།
བྱ་ཕྲུག་མང་བོ་རང་འདུས་བརྒྱབ།།
བྱ་གཤོག་རྩལ་འཛོམས་པའི་དུས་ཚོད་ལ།།
འཕུར་ས་མི་གཅིག་རང་རང་རེད།།
འབྲོང་མ་གཅིག་གི་དབོ་འོག་ན།།
འབྲོང་ཕྲུག་མང་བོ་རང་འདུས་བརྒྱབ།།
འབྲོང་རྭ་རྩལ་འཛོམས་པའི་དུས་ཚོད་ལ།།
རྩྭ་ཟ་སའི་རི་ལུང་རང་རང་རེད།།
ཕ་མ་གཅིག་གི་མཆན་འོག་ན།།
བུ་ཕྲུག་མང་བོ་རང་འདུས་བརྒྱབ།།
བུ་སྙིང་རྩལ་འཛོམས་པའི་དུས་ཚོད་ལ།།
ནང་སྡེ་འགོ་སྐྱོང་ས་རང་རང་རེད།།
གནམ་སྔོན་པོ་རིག་ན་བླ་མ་དྲན།
གནམ་སྔོན་པོ་རིག་ན་བླ་མ་དྲན།།
ཆོས་ཡོན་ཏན་མེད་ན་རང་དྲན་རེད།།
རི་མཐོན་པོ་རིག་ན་དཔོན་པོ་དྲན།།
ལས་རྒྱུ་འབྲས་མེད་ན་རང་དྲན་རེད།།
ཟས་ཡག་པོ་རིག་ན་ཕ་མ་དྲན།།
ཚེ་འདི་ན་མེད་ན་རང་དྲན་རེད།།
ཚིག་འབྲུ་ཉུང་རུང་ཤེས་རྒྱ་ཆེ།
མ་ཎི་དམིགས་བརྩེ་སྐྱབས་འགྲོ་གསུམ།།
ཡིག་འབྲུ་ཉུང་རུང་ཕན་ཡོན་ཆེ།།
གཡུ་དཀར་བྱུ་རུ་མུ་ཏིག་གསུམ།།
ཕྱི་གཟུགས་ཆུང་རུང་རིན་ཐང་ཆེ།།
ཤགས་དང་ཁ་མཚར་བསྟོད་ར་གསུམ།།
ཚིག་འབྲུ་ཉུང་རུང་ཤེས་རྒྱ་ཆེ།།
བྲག་དམར་བོ་ལྷ་སྐུ་བཞེངས་འདྲ་རེད།
སྔ་མོའི་ཉི་མ་བྲག་ལ་ཤར།།
བྲག་དམར་པོ་ལྷ་སྐུ་བཞེངས་འདྲ་རེད།།
ཉིན་གུང་ཉི་མ་སྤང་ལ་ཤར།།
སྤང་སེར་པོ་མེ་ཏོག་གད་འདྲ་རེད།།
ཕྱི་དྲོའི་ཉི་མ་ཆུ་ལ་ཤར།།
ཆུ་གཙང་བོ་མཆོད་པ་འཕུལ་འདྲ་རེད།།
དེའི་སྤྲུལ་བ་རྟ་མགྲིན་དམར་པོ་རེད།
ཕོ་ཡི་དང་པོ་གེ་སར་རེད།།
དུས་དེང་སང་གེ་སར་མི་བཞུགས་གི།
དེའི་སྤྲུལ་བ་ཐུགས་རྗེ་ཆེན་པོ་རེད།།
སྨན་གྱི་དང་པོ་འབྲུག་མོ་རེད།་
དུས་དེང་སང་འབྲུག་མོ་མི་བཞུགས་གི།
དེའི་སྤྲུལ་བ་སྒྲོལ་མ་དཀར་པོ་རེད།།
རྟ་ཡི་དང་པོ་རྐྱང་རྒོད་རེད།།
དུས་དེང་སང་རྐྱང་རྒོད་མི་བཞུགས་གི།
དེའི་སྤྲུལ་བ་རྟ་མགྲིན་དམར་པོ་རེད།།
སེར་པོ་གསེར་གྱི་ཁྲི་ཐོག་ན།
སེར་པོ་གསེར་གྱི་ཁྲི་ཐོག་ན།།
ཡོན་ཏན་ཅན་གྱི་བླ་མ་སྐྱིད།།
གོམ་པ་ཅན་གྱི་རྟ་ཐོག་ན།།
དཔའ་རྩལ་ཅན་གྱི་བུ་ཚ་སྐྱིད།།
རི་མོ་ཅན་གྱི་གོས་ནང་ན།།
ལུས་བཟང་ཅན་གྱི་བུ་མོ་སྐྱིད།།
རྒན་པོ་རྣམས་ལ་ཆོས་རེ་དགོས།
རྒན་པོ་རྣམས་ལ་ཆོས་རེ་དགོས།།
རྒན་པོ་རྣམས་ལ་ཆོས་མེད་ན།།
ཁྱོད་རང་བྱ་རྒྱལ་རྒོད་པོ་འདྲ།།
མཐོ་འཕུར་ཤེད་ཆེ་ཡང་དོན་གོ་ཆུང༌།།
དར་མ་རྣམས་ལ་ཆོས་རེ་དགོས།།
དར་མ་རྣམས་ལ་ཆོས་མེད་ན།།
ཁྱོད་རང་རྒྱ་སྟག་དམར་པོ་འདྲ།།
རྩལ་ལུས་ལ་ཚང་ཡང་དོན་གོ་ཆུང༌།།
བུད་མེད་རྣམས་ལ་ཆོས་རེ་དགོས།།
བུད་མེད་རྣམས་ལ་ཆོས་མེད་ན།།
ཁྱོད་རང་དབྱར་གསུམ་མེ་ཏོག་འདྲ།།
ལུས་སྐྱེ་གཟུགས་ཡག་ཀྱང་དོན་གོ་ཆུང༌།།
ཕ་མ་མ་རྒས་གོང་ལ།
ལུས་དར་ཡག་གཟུགས་གཞི་མ་བསྒུར་གོང༌།།
གོས་ཡག་པོ་ཡོད་ན་ཕ་མར་སྐོན།།
ལུས་རྒས་ནས་གཞུ་མོ་ཉན་སོང་ན།།
སྐོན་འདོད་ཀྱང་སྐ་རགས་དོམ་རབས་རེད།།
མིག་གཟི་ཆུང་མཆི་མས་མ་གང་གོང༌།།
མཛེས་ལྟད་མོ་ཡོད་ན་ཕ་མར་སྟོན།།
མིག་གཟི་ཆུང་མཆི་མས་གང་སོང་ན།།
ལྟ་འདོད་ཀྱང་མིག་གིས་མཐོང་རབས་མེད།།
སོ་སུམ་ཅུའི་ཕྲེང་བ་མ་འཐོར་གོང༌།།
ཟས་མངར་མོ་ཡོད་ན་ཕ་མར་བྱིན།།
སོ་སུམ་ཅུའི་ཕྲེང་བ་ཐོར་སོང་ན།།
ཟས་ཞིམ་པོའི་བྲོ་བ་ཤེས་རབས་མེད།།
གཉེན་རང་དབང་མེད་ན་སྙིང་རེ་རྗེ།
བན་སེར་མོ་དབུས་ལ་འགྲོ་དུས་སུ།།
དབུས་བྱང་ལམ་བར་ནས་བྲོ་ཆད་བྱུང༌།།
དབུས་མཇལ་འདོད་ཡིན་ན་སྙིང་རེ་རྗེ།།
དབུས་ལྡོམ་འདོད་ཡིན་ན་ཁྲིགས་སེ་རེད།།
སྟག་ཤ་ར་ཇག་ལ་འགྲོ་དུས་སུ།།
སྟོད་ཇག་ལམ་བར་ནས་རྟ་ཆད་བྱུང༌།།
རྩོད་སྙིང་ནད་ཡིན་ན་སྙིང་རེ་རྗེ།།
རྒྱུ་འཕྲོག་འདོད་ཡིན་ན་ཁྲིགས་སེ་རེད།།
མ་བུ་མོ་གནས་ལ་འགྲོ་དུས་སུ།།
སྒོ་ཕྱི་ནང་བར་ནས་གནས་སྡུག་བྱས།།
གཉེན་རང་དབང་མེད་ན་སྙིང་རེ་རྗེ།།
གནས་སྐྱིད་དྲན་ཡིན་ན་ཁྲིགས་སེ་རེད།།
བུ་ཡ་རབས་ཡིན་ན་ཕ་མ་སྐྱིད།
བླ་མར་དགོས་ནོ་དབོན་པོ་རེད།།
དབོན་པོར་དགོས་ནོ་ཡོན་ཏན་རེད།།
ཡོན་ཏན་ཡོད་ན་བླ་མ་སྐྱིད།།
རྒྱལ་པོར་དགོས་ནོ་བློན་པོ་རེད།།
བློན་པོར་དགོས་ནོ་ཡིག་རྩལ་རེད།།
ཡིག་རྩལ་བཟང་ན་རྒྱལ་པོ་སྐྱིད།།
ཡུལ་ཕ་མར་དགོས་ནོ་བུ་ཕྲུག་རེད།།
བུ་ལ་དགོས་ནོ་གུས་བཀུར་རེད།།
བུ་གུས་བཀུར་ཆེ་ན་ཕ་མ་སྐྱིད།།
བུ་ཚ་ལག་ལ་འཇོག་རྒྱུ་ཡིན།
རྟ་འདོ་བ་ཤེལ་དཀར་གཡུ་རྔོག་གཅིག།
དུང་སྲབ་ཟླ་བ་དཀར་པོ་གཉིས།།
སྒ་བེ་སང་ཉི་མ་རང་ཤར་གསུམ།།
ངས་འདི་གསུམ་བུ་ཚའི་ལག་ལ་འཇོག།
རྟ་ཇི་ལྟར་བཞོན་རྒྱུ་བུ་ཚས་ལྟོས།།
སྟོད་འབྲི་ཆུང་ཐུལ་མ་ནུ་བཞི་གཅིག།
ཤིང་ཤུག་པའི་བཞོ་ཟེའུ་དངུལ་དཀྲིས་གཉིས།།
དངུལ་དཀར་པོའི་བཞོ་ལུང་ཕྲ་ལྡན་གསུམ།།
འདི་གསུམ་བུ་མོའི་ལག་ལ་འཇོག།
བཞོན་ཇི་ལྟར་བཞོ་རྒྱུ་བུ་མོས་ལྟོས།།
ཤེལ་དཀར་པོའི་ཕྲེང་བ་འོད་ལྡན་གཅིག།
སྟོད་ལྷ་སའི་ཇོ་བོའི་སྐུ་འདྲ་གཉིས།།
ཆོས་ཡུམ་ཆེན་མ་ཎི་ཡིག་དྲུག་གསུམ།།
འདི་གསུམ་ཕ་མའི་ལག་ལ་འཇོག།
ཆོས་ཇི་ལྟར་བཅའ་རྒྱུ་ཕ་མས་ལྟོས།།
ཤིང་སྐྱེས་སྐྱེས་གཉི་ག་མི་འདྲ་གི
ཤིང་སྐྱེས་སྐྱེས་གཉི་ག་མི་འདྲ་གི།
འདི་ལྷ་ཤིང་ཤུག་པ་ཁེ་རེ་རེད།།
འདིའི་མགོ་ན་ཤུག་ཏོག་སྟོང་གིས་བསྐོར།།
རྩྭ་སྐྱེས་སྐྱེས་གཉི་ག་མི་འདྲ་གི།
ནས་དྲུག་མང་ལོ་ཏོག་ཁེ་རེ་རེ, ད།།
འདིའི་མགོ་ན་འབྲས་བུ་སྟོང་གིས་བསྐོར།།
མི་སྐྱེས་སྐྱེས་གཉི་ག་མི་འདྲ་གི།
མི་བསོད་ནམས་ཅན་པོ་ཁེ་རེ་རེད།།
འདི་བསྟེན་ན་རིག་པའི་སྒོ་འབྱེད་རེད།།
མེ་ཏོག་པད་མ་ཁྱོད་ལ་འཁོར།
ཤིང་སྐྱེས་སྐྱེས་ཐམས་ཅན་ཙན་དན་རེད།།
འདིའི་ཙན་དན་དྲི་ཞིམ་ཁྱོད་ལ་འཁོར།།
ཆུ་བཞུར་བཞུར་ཐམས་ཅན་འོ་མ་རེད།།
འདིའི་འོ་མའི་རྒྱ་མཚོ་ཁྱོད་ལ་འཁྱིལ།།
མི་སྐྱེས་སྐྱེས་ཐམས་ཅན་མེ་ཏོག་རེད།།
འདིའི་མེ་ཏོག་པད་མ་ཁྱོད་ལ་འཁོར།།
ས་བྱང་ལམ་སྐྱོད་པའི་རིན་པོ་ཆེ།
རླུང་གཤོག་པ་ཅན་གྱི་འདོ་རིགས་རྟ།།
ས་བྱང་ལམ་སྐྱོད་པའི་རིན་པོ་ཆེ།།
དངུལ་རིན་ཐང་ཅན་གྱི་ཁྱུང་དཀར་མཛོ།།
ཁལ་ལྩི་མོ་ཁུར་བའི་རིན་པོ་ཆེ།།
དུང་སྤུ་ཐུར་ཅན་གྱི་གཡང་མོ་ལུག།
རྒྱབ་བལ་ཁ་ལེན་སའི་རིན་པོ་ཆེ།།
ནོར་ལ་ཧམ་སེམས་མ་སྐྱེས་ཤིག
འདོད་པའི་ནོར་དང་ཐུག་པའི་དུས།།
ཧམ་སེམས་མ་སྐྱེ་ཆོག་ཤེས་གྱིས།།
ཆོག་ཤེས་གྱིས་དང་ཕྱུག་པོ་ཡིན།།
སྡང་པའི་དགྲ་དང་ཐུག་པའི་དུས།།
ཞེ་སྡང་མ་སྐྱེ་བཟོད་པ་སྒོམས།།
བཟོད་པ་སྒོམས་དང་དཔའ་བོ་ཡིན།།
མཐུན་པའི་གྲོགས་དང་འགྲོགས་པའི་དུས།།
གཡོ་ཟོལ་མེད་པར་དྲང་མོ་གྱིས།།
དྲང་མོ་གྱིས་དང་མཛའ་ཡུན་རིང༌།།
བདག་མ་ཐུབ་བཏང་ན་སྤྲང་པོར་ལོག
བདུད་རྩི་ཆང་གི་རྫ་མ་དེ།།
རང་ལ་ཐོབ་ཀྱང་སྙིང་བོ་མེད།།
འཐུང་མ་ཤེས་ན་རང་ཉིད་བརླག།
ལྷ་ཕྲུག་གཞོན་ནུའི་རྩེད་མོ་དེ།།
སྣང་བ་སྐྱིད་ཀྱང་སྙིང་བོ་མེད།།
རྩེད་ཀྱིན་བསྡད་ན་རྐྱལ་སྟོང་ཉན།།
ཕ་ཁྱིམ་ཕྱུག་པོའི་ནོར་ཟོག་དེ།།
ལོངས་སྤྱོད་ཆེ་ཡང་སྙིང་བོ་མེད།།
བདག་མ་ཐུབ་བཏང་ན་སྤྲང་པོར་ལོག།
དགའ་ལྡན་ལྷ་ཡི་ཕོ་བྲང༌།
རྒྱ་མཚོའི་གཏིང་གི་ནོར་བུ་དེ།།
དགོས་འདོད་རིན་ཆེན་འབྱུང་གནས་རེད།།
ཀླུ་གཙུག་ན་རིན་ཆེན་མ་ལགས་པ།།
འཇིག་རྟེན་མི་ལ་སྤྱོད་དབང་མེད།།
དགའ་ལྡན་ལྷ་ཡི་ཕོ་བྲང་དེ།།
ལྟད་མོ་ངོ་མཚར་ཆེ་བ་རེད།།
སློབ་དཔོན་ཐོགས་མེད་མ་ལགས་པ།།
སྐྱེ་མོ་ཕལ་བས་མཐོང་ས་མེད།།
དྲིན་གྱིས་བསྐྱངས་པའི་ཕ་མ་དེ།།
བཀུར་ན་བསོད་ནམས་ཆེ་བ་རེད།།
ཡ་རབས་བུ་རྒྱུད་མ་ལགས་པ།།
བུ་མིང་ཐོགས་ཀྱང་དྲིན་ལན་མེད།།
གྲོ་ནས་འཛོམས་པའི་སྐུ་རེ་བསྟོད།
ཕར་གི་རི་ལ་ཚུར་གི་རི།།
ཕར་གི་རི་འདི་གསེར་གི་རི།།
ཚུར་གི་རི་འདི་དངུལ་གི་རི།།
ངས་གསེར་དངུལ་འཛོམས་པའི་སྐུ་རེ་བསྟོད།།
ཕར་གི་རི་ལ་ཚུར་གི་རི།།
ཕར་གི་རི་འདི་གོས་གི་རི།།
ཚུར་གི་རི་འདི་དར་གི་རི།།
ངས་གོས་དར་འཛོམས་པའི་སྐུ་རེ་བསྟོད།།
ཕར་གི་རི་ལ་ཚུར་གི་རི།།
ཕར་གི་རི་འདི་གྲོ་གི་རི།།
ཚུར་གི་རི་འདི་ནས་གི་རི།།
ངས་གྲོ་ནས་འཛོམས་པའི་སྐུ་རེ་བསྟོད།།
གཉེན་རྒྱལ་པོ་ཤར་ནས་ཡོང་རྒྱུ་ཟེར།
གཉེན་རྒྱལ་པོ་ཤར་ནས་ཡོང་རྒྱུ་ཟེར།།
ཁས་ཁ་གསུམ་ལ་དར་དཀར་ཁྱེར།།
གཉེན་དེ་ནས་མི་ཡོང་གང་ནས་ཡོང༌།།
གཉེན་རྒྱལ་པོ་ལྷོ་ནས་ཡོང་རྒྱུ་ཟེར།།
ལམ་སྐེད་གསུམ་ལ་བསྟི་དགུག་བཟུང༌།།
གཉེན་དེ་ནས་མི་ཡོང་གང་ནས་ཡོང༌།།
གཉེན་རྒྱལ་པོ་ནུབ་ནས་ཡོང་རྒྱུ་ཟེར།།
ལུང་མདོ་གསུམ་ལ་ཇ་ཐབ་བཙུགས།།
གཉེན་དེ་ནས་མི་ཡོང་གང་ནས་ཡོང༌།།
དབྱར་ཟླ་གསུམ་གྱི་དང་པོ་ལ།
དབྱར་ཟླ་གསུམ་གྱི་དང་པོ་ལ།།
རྩྭ་མེ་ཏོག་ང་ཚོའི་མགྲོན་པོ་རེད།།
ང་ཚོའི་མགྲོན་པོ་ད་སླེབས་རེད།།
གླུ་གར་རྩེད་མོས་བསུ་བ་བྱེད།།
སྟོན་ཟླ་གསུམ་གྱི་དང་པོ་ལ།།
ལོ་ཐོག་ང་ཚོའི་མགྲོན་པོ་རེད།།
ང་ཚོའི་མགྲོན་པོ་ད་སླེབས་རེད།།
གཡུལ་ཁའི་ནང་དུ་བསུ་བ་བྱེད།།
དགུན་ཟླ་གསུམ་གྱི་དང་པོ་ལ།།
ནོར་ལུག་ང་ཚོའི་མགྲོན་པོ་རེད།།
ང་ཚོའི་མགྲོན་པོ་ད་སླེབས་རེད།།
དྲོན་པོ་ར་ལ་བསུ་བ་བྱེད།།
དྲིན་ལ་བརྗེད་ཐབས་མེད།
ཤ་ཚོན་པོ་ཟ་ལ་ཚིལ་དཀར་ལུག།
སྤང་སེར་པོའི་དྲིན་འདི་བརྗེད་ཐབས་མེད།།
ཇ་ཞིམ་པོ་འཐུང་བ་ཟུང་ཆུ་མཁར།།
མཛོ་ཁྱུང་དཀར་དྲིན་འདི་བརྗེད་ཐབས་མེད།།
ཆང་བདུད་རྩི་འཐུང་བ་སྔོན་མོ་ནས།།
ཞིང་གྲུ་བཞིའི་དྲིན་འདི་བརྗེད་ཐབས་མེད།།
རྩོམ་ཁུངས།