ལ་གཞས་མཐུན་པ་དྲུག་སྐོར་ལས། འབྲལ་བའི་སྐོར།༤
༤༡ས་སྨད་ཕྱོགས་རྨ་ཆུའི་ཁ་ནས།།
ཆུ་རྨ་ཆུར་ཟམ་ཞིག་འཕངས་ཡོད།།
ངས་ཟམ་ཐོག་ལྕགས་ཀྱིས་ཤན་ཡོད།།
ལྕགས་ཐོག་འཛེར་མས་མནན་ཡོད།།
ཆུ་རྨ་ཆུ་དགུང་ལ་འཕྱུར་རུང་།།
ཁུར་འགྲོ་བའི་བསམ་པ་མེད་གི།
མར་བལྟས་ཀྱི་སྡེ་ཆེན་གྲོང་ནས།།
ངས་འདང་ཅན་རོགས་ཤིག་བཙལ་ཡོད།།
ཚིག་སྙན་མོ་མགོ་རྐང་བསྒྲིགས་ཡོད།།
འདང་ཞེ་བརྩེ་སེམས་ལ་བཟུང་ཡོད།།
གཏམ་མི་ཁ་གླིང་ལ་གྲགས་རུང་།།
འགལ་འགྲོ་བའི་བསམ་པ་མེད་གི།
༤༢མཚོ་སྔོན་པོ་ཁ་ཞེང་ཆེ་གི།
ཉ་གསེར་མིག་ཁ་གྲངས་མང་གི།
རྒྱ་ཁེ་བ་ཁ་བཤད་རྒོད་རུང་།།
ལྷ་གཤིན་རྗེ་ཁྲིམས་ཁ་བཙན་གི།
ཁ་མ་ཎི་ཐོན་དང་སྲལ་གི།
ས་སྡེ་ཆེན་ཁ་ཞེང་ཆེ་གི།།
ནང་ན་ཟླ་ཁ་གྲངས་མང་གི།
རོགས་འུ་གཉིས་ཁ་སེམས་མཐུན་རུང་།།
ཕྱི་སྲིད་སྡེ་མི་ཁ་བཙན་གི།
མནའ་དོན་ཆེན་སྐྱོལ་དང་སྲལ་གི།
༤༣ཁྱོས་ཡར་ལ་མ་བལྟ་མར་ལ་ལྟོས།།
མར་གྱི་བྱ་ཁྱུང་བྲག་ལ་ལྟོས།།
སེར་གྱི་ལེ་གསེར་ཏོག་སུམ་ཐོག་རེད།།
འདིའི་ཐོག་ཁང་བླ་མའི་གཟིམས་ཁང་རེད།།
འདིའི་འོག་ཁང་ཀུན་རིག་གསུངས་ས་རེད།།
ཡང་གསེར་ཏོག་སེར་བོའི་བྱ་འོག་ནས།།
རོགས་འུ་གཉིས་མཉམ་དུ་མནའ་ཞིག་བསྐྱལ།།
ངས་མནའ་འགོ་དབུས་གཙང་ཡུལ་ལ་འཇོག།
དབུས་ཁ་ཐག་རིང་གི་ཟེར་ན།།
ངས་མནའ་སྐེད་དཀར་བོ་ཆོས་ལ་འཇོག།
ཆོས་ཁ་གྲངས་མང་གི་ཟེར་ན།།
ངས་མནའ་སྨད་དྲིན་ཆེན་ཕ་མར་འཇོག།
ཡུལ་ཕ་མ་རྒས་ནས་འདས་རུང་།།
རོགས་འདང་ཆེན་མི་བརྗེད་མནའ་ཞིག་བསྐྱལ།།
༤༤མཐོ་ཡག་དགུང་སྔོན་གནམ་གྱི།།
འཆར་ཡག་འཛམ་གླིང་ཉི་མ།།
རྒས་ཡག་དྲིན་ཆེན་ཕ་མ།།
སྐྱེ་ཡག་འདང་ཅན་རོགས་ལོ།།
ཁྱོའི་བློ་རྟ་ཅང་ཤེས་གྲུག་དཀར།།
སྒའི་སྔ་རི་ཉི་མ་རང་ཤར།།
སྒའི་ཕྱི་རི་ཟླ་བ་རང་ཚེས།།
འོབ་ཆེན་ཉི་ཟླ་ཁ་སྤྲོད་རེད།།
རི་མཐོ་ས་ཞིག་ནས་བུད་དང་།།
འཛུམ་དམུལ་ལེ་སྔོན་ནས་ང་འབུད།།
འབུད་ཨེ་ཐུབ་མི་ཐུབ་འདོད་ན།།
ཤར་ཕྱོགས་སྤྲིན་པ་སེར་བོ།།
ནུབ་ཕྱོགས་ཨ་སྐྱོང་གནམ་སྲུང་།།
ས་འཛམ་བུ་གླིང་གི་ལྷ་རེད།།
རོགས་འུ་གཉིས་མཉམ་དུ་མནའ་བསྐྱལ།།
༤༥ཕྲེང་བ་བརྒྱ་ཡི་གྲས་ནས།།
རྗེ་སྐྱབས་མགོན་རྩ་བའི་བླ་མ།།
ཕྲེང་འདྲེན་གྲངས་གླེང་ཡོད་ཟེར་ན།།
དེང་ཕྱིན་ཆད་གཤོབ་ཏུ་ལོག་འགྲོ།།
ཆོས་འདོན་དུས་བརྒྱ་རེ་གླེང་ཡོད།།
མི་གླེང་གླེང་ཁ་བྱས་ན།།
ངའི་མགོ་ཐོག་ཉི་མ་སེར་བགོ།
གཅིག་ཤར་ནས་ཚང་ལ་བསྐྱལ་ནོ།།
ཁ་ཡ་ན་ཟླའི་གྲས་ནས།།
ལྷ་བྱམས་པ་འདྲ་བའི་རོགས་ལོ།།
ཚིགས་བཤད་གྲངས་གླེང་ཡོད་ཟེར་ན།།
དེང་ཕྱིན་ཆད་གཤོབ་ཏུ་ལོག་འགྲོ།
ས་རུབ་གྲངས་རེ་རེ་གླེང་ཡོད།།
མི་གླེང་གླེང་ཁ་བྱས་ན།།
ཆོས་ཡུམ་ཆེན་དུམ་པ་བཅུ་གཉིས།།
གཅིག་བཏོན་ནས་ཐོད་པ་གཏུག་ནོ།།
༤༦ང་འདོ་སེང་གྲོ་རྒྱ་གཡུ་ལོ།།
ངའི་གསེར་ཆེན་རྔོག་མའི་ནང་ལ།།
ལང་དར་ཚོན་སྲུང་ཞིག་བཏགས་ནོ།།
རྟ་རྟ་མང་གྲལ་ལ་སོང་རུང་།།
རྒྱེའུ་རྒྱ་མོར་རྔོག་རྩེ་བྱས་རུང་།།
སྲུང་དེ་ཚོ་མི་བོར་མནའ་བསྐྱལ།།
ང་མ་བཟང་བྱི་མོའི་རོགས་ལོ།།
ངའི་ཡ་ཆུང་གངས་དཀར་སེམས་ལ།།
དོན་དམ་པས་ཚིག་གསུམ་བཤད་ནོ།།
ས་སྡེ་ཆེན་བརྒྱུད་ནས་སོང་རུང་།།
ནང་ན་ཟླ་མང་པོར་ཐུག་རུང་།།
ཚིག་དེ་ཚོ་མི་བོར་མནའ་བསྐྱལ།།
༤༧ཆུ་རྨ་ཆུ་རླངས་པ་ཅན་པོ།།
བྱ་རྨ་བྱ་ཆགས་སའི་གནས་རེད།།
སྒྲོ་ལྗང་སྨུག་གསེར་ཐེལ་ཅན་པོ།།
གསེར་བུམ་པའི་ཁ་ཡི་རྒྱན་རེད།།
བྱ་རང་རང་ས་ལ་འཕུར་དུས།།
སྒྲོ་ལྗང་སྨུག་སེམས་ཀྱི་སྨྲེང་རེད།།
སྡེ་ཆེན་པོ་ཁ་ཞེང་ཅན་པོ།།
ནང་ན་ཟླ་འཚོགས་སའི་ཡུལ་རེད།།
ཚིག་སྙན་མོ་ལྷོད་ཤ་ཅན་པོ།།
ཞེ་སྣང་བ་མཐུན་པའི་གཞི་རེད།།
རོགས་རང་རང་ས་ལ་འགྲོ་དུས།།
ཚིག་སྙན་མོ་སེམས་ཀྱི་སྨྲེང་རེད།།
༤༨སྟོད་སྤྲིན་དཀར་སྤྲིན་དམར་བར་ནས།།
འོད་ཉི་ཐིག་ཙམ་ཞིག་བརྒྱབ་ནོ།།
ལོ་གསུམ་ལ་མུན་པ་འཐིབས་རུང་།།
དགུང་དྲོད་ཁོལ་ཡིད་ནས་མི་བརྗེད།།
ས་ཕྱི་སྡེ་རང་སྡེ་བར་ནས།།
ངས་ད་ཐེངས་རོགས་ཤིག་རྩེས་ནོ།།
ལོ་གསུམ་ལ་མི་ཁ་འཁོར་རུང་།།
རོགས་ཞེ་མཐུན་ཡིད་ནས་མི་བརྗེད།།
༤༩དམར་བོ་མེ་དང་ཉི་མ་གཉིས།།
དྲོད་ཆེ་བ་དམར་བོ་མེ་རེད།།
དགུང་ཉི་མར་གོ་གི་མ་འཇུག།
མེ་མེད་དུས་ཉི་མར་རེ་དགོས།།
ཞེ་མཐུན་རོགས་དང་བཟའ་བ་གཉིས།།
འདང་ཆེ་བ་ཆུང་འདྲིས་རོགས་རེད།།
ཁྱིམ་ཆུང་མར་གོ་གི་མ་འཇུག།
རོགས་མེད་དུས་ཆུང་མར་རེ་དགོས།།
༥༠དགུང་ཉི་མ་གསེར་ནག་འཁོར་ལོ་རེད།།
གསེར་འཁོར་ལོ་འཁོར་ནས་ནུབ་ནོ་རེད།།
ཞེ་སྡུག་ནོ་རི་ཆེན་གྲིབ་མ་རེད།།
རི་གྲིབ་མ་གོན་ནས་འདུག་ནོ་རེད།།
རོགས་ངེད་ཚོ་ཕྱོགས་ཡོང་མགྲོན་པོ་རེད།།
ཁ་ཚིག་གསུམ་བཤད་ནས་འགྲོ་ནོ་རེད།།
ཞེ་སྡུག་ནོ་ཁ་འཁྱམ་བྱི་མོ་རེད།།
ཞེ་སྡུག་རུང་ཡུལ་ནས་འདུག་ནོ་རེད།།
༥༡དམར་ཤུར་རེ་བྲག་རིའི་རྫ་ནས།།
ཁྲ་ཤུར་རེ་འབྲོང་ཕྲུག་སྙིང་རྗེ།།
འགངས་སྙིང་རྗེ་ཟེར་བ་མིན་མོད།།
ཁྱོའི་ནང་སྐོར་བྲག་རིའི་རྫོང་རེད།།
ཕྱིར་འཁོར་ནས་ཐེངས་གསུམ་ངུར་ན།།
ཞེ་བསམ་པས་འབྲོང་ཕྲུག་སྙིང་རྗེ།།
དལ་ཤོད་ལེ་སྡེ་ཆེན་གྲོང་གི།།
སྨུག་ཤོད་ལེ་རྩེ་རོགས་སྙིང་རྗེ།།
འགངས་སྙིང་རྗེ་ཟེར་བ་མིན་མོད།།
ཁྱོད་ནང་སྐོར་ཆུང་མའི་རྩིབ་རེད།།
ཕྱིར་འཁོར་ནས་ཚིག་གསུམ་བཤད་ན།།
ཞེ་བསམ་པས་རོགས་ལོ་སྙིང་རྗེ།།
༥༢རི་མཐོན་པོ་རྨ་རྒྱལ་སྦོམ་ར་རེད།།
མགོར་མི་བུད་ཟེར་བ་ཁོ་ཐག་རེད།།
ཡར་འགོས་རུང་རྩེ་མོ་ཇེ་མཐོ་རེད།།
སྤྲིན་ནག་པོ་རྔམས་ཁ་ཇེ་མཐུག་རེད།།
ཐག་རིང་ནོ་ཕྱི་སྡེ་རྩེད་ར་རེད།།
རོགས་མི་ཐུག་ཟེར་བ་ཁོ་ཐག་རེད།།
རོགས་རྩེ་བའི་ཁ་ཐག་ཇེ་རིང་རེད།།
རོགས་རྩེ་བའི་ཞེ་རྩ་ཇེ་གཉོམ་རེད།།
༥༣ས་སྤང་ཆེན་མཁར་སྒོ་གོང་མ་ན།།
ཤ་ཡུ་མོ་དུང་གི་རྭ་འཁུར་ཅན།།
ཤ་དུང་གི་ར་ལག་བརྩི་ཡག་བྱོས།།
ས་སྤང་ཆེན་ཁ་ཐག་ཇེ་རིང་རེད།།
ཤ་ཡུ་མོ་ནམ་ཐུག་ཆ་མེད་རེད།།
ས་སྡེ་ཆེན་དུང་རི་ཞོལ་མ་ནས།།
རོགས་ཆུང་ལོ་དུང་གི་སོ་སྒོ་ཅན།།
ཚིག་ནང་གཏམ་ཡོད་ན་བཤད་ཡག་བྱོས།།
རོགས་རྩེ་བའི་ཁ་ཐག་ཇེ་རིང་རེད།།
རོགས་འུ་ཚོ་ནམ་ཐུག་ཆ་མེད་རེད།།
༥༤གནམ་འབབ་ཁར་ལྷོ་ལ་མི་ལྟ།།
ལྷོ་ཆར་ཆུ་མོད་པ་བསམ་ན།།
སྨུག་དྭངས་མཐའ་མེད་པ་སྡུག་གི།
རོགས་འགྲོ་ཁར་བདེ་མོ་མི་ཟེར།།
ས་ཁ་ཐག་རིང་བ་བསམ་ན།།
རོགས་རིག་རྒྱུ་མེད་པ་སྡུག་གི།
རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི