ལ་གཞས་མཐུན་པ་དྲུག་སྐོར་ལས། དྲན་པའི་སྐོར།༣
༣༡རྟ་རི་དྭགས་འདྲ་བོ་རིག་ན།།
རི་མཐོན་མཉམ་གཉིས་ཀྱི་བར་ནས།།
སྤང་སེར་བོའི་ཕོ་བྲང་ཀླད་ནས།།
ཕྱི་རྟ་བརྒྱའི་ཁ་ངོའི་སྔུན་ནས།།
ང་ཡང་གཅིག་ཞོན་ན་འདོད་གི།
རོགས་ལྷ་སྐུ་འདྲ་བོ་རིག་ན།།
སྡེ་མང་ཉུང་གཉིས་ཀྱི་བར་ནས།།
གྲོང་རྩེ་བའི་ཕོ་བྲང་དཀྱིལ་ནས།།
ཕྱི་རོགས་བརྒྱའི་ཁ་ངོའི་སྔུན་ནས།།
ང་ཡང་གཅིག་འགྲོག་ན་འདོད་གི།
༣༢རི་དམའ་མོས་སྨུག་པ་ཐོད་ལ་ཟུངས།།
སྨུག་ཐོད་ལ་ཟུངས་དང་དྭངས་རྒྱུ་མེད།།
དྭངས་སོང་དུས་སྟོན་ཟླ་གཞུག་མ་རེད།།
རོགས་འདང་ཆེན་ཞེ་འདང་ཡིད་ལ་ཟུངས།།
འདང་ཡིད་ལ་ཟུངས་དང་བརྗེད་མེད་རེད།།
བརྗེད་སོང་དུས་སྐྱེ་བ་གཞུག་མ་རེད།།
༣༣རི་མཐོ་ན་མི་སྡུག་དམའ་ན་སྡུག།
རི་དམའ་ནས་སྨུག་པ་འཐིབས་ན་སྡུག།
སྨུག་དྭངས་མཐའ་མེད་ན་ལྷག་པར་སྡུག།
རོགས་མེད་ན་མི་སྡུག་ཡོད་ན་སྡུག།
རོགས་ཡོད་ནས་ཁ་ཐག་རིང་ན་སྡུག།
རོགས་ཐུག་འཕྲད་མེད་ན་ལྷག་པར་སྡུག།
༣༤སྨད་རྒྱ་ནག་གོས་རའི་ནང་ནས།།
གོས་ཉོ་གྲངས་རོགས་ལོ་དྲན་གི།
གོས་གོན་གྲངས་དངན་པ་འཆོར་གི།
ཁྱིམ་གཅིག་གི་སྨོན་ལམ་མེད་ན།།
གོས་མཉམ་གོན་བྱེད་རྒྱུ་དཀའ་གི།
མགོ་ཁང་གྲུ་བཞིའི་ནང་ནས།།
ཇ་བསྐོལ་གྲངས་རོགས་ལོ་དྲན་གི།
ཇ་འཐུང་གྲངས་དངན་པ་འཆོར་གི།
ཇ་མཉམ་འཐུང་བྱེད་རྒྱུ་དཀའ་གི།
༣༥ཡར་བལྟས་ཀྱི་སྤང་དཀར་ཀླད་ནས།།
རྟ་འདོ་བས་ཟིལ་རྩྭ་ཟ་གི།
རྩྭ་ཟ་བའི་ཞོར་ལ་སྨྲེང་གི།
སྨྲེང་མི་དགོས་འདོ་བས་ངར་ཉོན།།
ལྕག་ངར་མ་བརྒྱབ་ན་ལན་གཅིག་རེད།།
རྩྭ་རྩི་ཏོག་ཟ་ལ་ཚེ་གཅིག་རེད།།
མར་བལྟས་ཀྱི་སྡེ་ཆེན་དཀྱིལ་ནས།།
རོགས་ཆུང་ལོས་ལ་གཞས་ལེན་གི།
རོགས་རྩེ་བའི་ཞོར་ལ་སྨྲེང་གི།
སྨྲེང་མི་དགོས་རོགས་ལོས་ངར་ཉོན།།
ཁ་མི་ཁ་གྲག་ན་ལན་གཅིག་རེད།།
འགྲོགས་རྔ་མ་བསྲིངས་ན་ཚེ་གཅིག་རེད།།
༣༦རྟ་འདོ་བས་སྤང་རི་ཉུལ་དུས།།
ངའི་སྨྲེང་ས་རྒྱེའུ་མོ་ཁྱོད་རེད།།
ཁྱོའི་ཕན་ན་སྨྲེང་སའི་རྟ་མེད།།
རྟ་ཡོད་རུང་སྨྲེང་ནི་དཔེ་མེད།།
ང་བྱི་ལི་སྡེ་རུ་བརྒྱུད་དུས།།
ངའི་སྨྲེང་ས་བྱི་མོ་རེད།།
ཁྱོའི་ཕན་ན་སྨྲེང་སའི་རོགས་མེད།།
གཅིག་ཡོད་རུང་སྨྲེང་ནི་དཔེ་མེད།།
༣༧སྟོད་སེ་ཆེན་ཀླད་ཀྱི་མེ་ཏོག།
ཞེ་མ་སྨྲེང་མ་སྡུག་སྡོད་དང་།།
ང་ཞེ་ཁྲེལ་རྐང་དྲུག་སྦྲང་མ།།
ཁྱོད་ས་ལ་དཀྲིས་གསུམ་རྒྱག་ག།
རོགས་ཆུང་ལོ་སྙིང་ལ་རྗེ་བོ།།
ཞེ་མ་སྨྲེང་མ་སྡུག་སྡོད་དང་།།
ང་རྒྱུ་བྱིན་ཆུང་མའི་མི་འདི།།
ཁྱོད་ས་ལ་དཀྲིས་གསུམ་རྒྱག་ག།
༣༨སྟོད་སེ་ཆེན་ཀླད་ཀྱི་མེ་ཏོག།
ཞེ་མ་སྨྲེང་མ་སྡུག་སྡོད་དང་།།
ང་ཞེ་ཁྲེལ་རྐང་དྲུག་སྦྲང་མ།།
ཁྱོད་ས་ལ་དཀྲིས་གསུམ་རྒྱག་ག།
རོགས་ཆུང་ལོ་སྙིང་ལ་རྗེ་བོ།།
ཞེ་མ་སྨྲེང་མ་སྡུག་སྡོད་དང་།།
ང་རྒྱུ་བྱིན་ཆུང་མའི་མི་འདི།།
ཁྱོད་ས་ལ་དཀྲིས་གསུམ་རྒྱག་ག།
༣༩དབྱར་དྲུག་པའི་མེ་ཏོག་སེར་ཆེན།།
ཉིན་ལུང་ཉིན་ནས་སྐྱེ་དུས།།
ཁྱོད་གཤོག་དྲུག་སྦྲང་མ་མིན་པས།།
དེའི་ཕན་ན་འབབ་ནི་གཅིག་མེད།།
ང་སྡེ་ཆེན་ཁ་འཁྱམ་བྱི་ལི།།
ཕྱི་སྡེ་ཆེན་རོགས་ལ་རྩེ་དུས།།
ཁྱོད་ཞེ་མཐུན་རོགས་ལོ་མིན་པས།།
ཁྱོའི་ཕན་ན་རྩེ་སའི་རོགས་མེད།།
རོགས་ཡོད་རུང་རྩེ་ནི་དཔེ་མེད།།
༤༠ས་སྤང་ལུང་ཉིན་གྱི་མེ་ཏོག།
སེར་གྱི་ལེར་མེ་ཏོག་བཀད་ན།།
ང་རྐང་དྲུག་སྦྲང་མ་ཟེར་བ།།
ཟླ་བཅུ་བ་ཡིན་རུང་ཐོན་ན།།
ས་སྡེ་ཆེན་དཀྱིལ་གྱི་རོགས་ལོ།།
ཁ་དགོད་ལ་ལ་གཞས་ལོངས་དང་།།
ང་ཞང་བཟང་ཚ་མོ་ཟེར་བ།།
ས་ཁ་ཐག་རིང་རུང་རྩེ་རྒྱུ།།
༤༡ང་སྟག་ལུང་ཉིན་གྱི་སྟག་པ།།
ཁྱོད་ལྕང་ལུང་ཉིན་གྱི་ལྕང་མ།།
ཤིང་སྐྱེས་སའི་ལུང་བ་ཁ་ཁ།།
སྒ་ལྷུ་བཞི་ལས་དུས་ལོས་གཅིག།
ང་ཕྱི་སྡེ་གྲོང་གི་བྱི་ལི།།
ཁྱོད་རང་སྡེ་ཁུགས་ཀྱི་བྱི་མོ།།
རོགས་སྐྱེས་ཡུལ་མི་གཅིག་ཁ་ཁ།།
མགོ་སྔས་ལ་འཇོག་དུས་ལོས་གཅིག།
༤༢རྫ་ཁྲ་ཡག་དཀྱིལ་གྱི་འབྲོང་ཕྲུག།
རྩྭ་ཟ་སའི་རྫ་ལུང་མི་གཅིག།
རྩྭ་ཟ་སའི་རྫ་ལུང་མི་གཅིག་རུང་།།
དགོང་ཕྱི་དྲོ་དགོང་གྲིབ་གོན་དུས།།
ཆུ་འཐུང་སའི་ན་ལུང་ལོས་གཅིག།
རོགས་ཆུང་ལོ་སྙིང་ལ་རྗེ་བོ།།
རོགས་སྐྱེས་སའི་སྡེ་ལུང་མི་གཅིག།
རོགས་སྐྱེས་སའི་སྡེ་ལུང་མི་གཅིག་རུང་།།
དགོང་མུན་ནག་ས་རྩ་རུབ་དུས།།
མགོ་འཇོག་སའི་སྔས་མགོ་ལོས་གཅིག།
༤༣ང་རྫ་ཁུགས་རུ་དམར་ཟེར་བ།།
ང་ཉུལ་ས་ཁྲ་ཡག་རྫ་རེད།།
ང་འཁོར་ས་ན་དམར་གཞུང་རེད།།
དེ་ཡིན་ནོ་ཁྱོས་ཀྱང་ལོས་ཤེས།།
ང་སྡེ་ཆེན་ཁ་འཁྱམ་བྱི་ལི།།
ང་ཉུལ་ས་ཕྱི་སྡེ་གྲོང་རེད།།
ང་རྩེ་ས་བྱི་མོ་ཁྱོད་རེད།།
དེ་མིན་ནོ་ཁྱོས་ཀྱང་ལོས་ཤེས།།
༤༤རྫ་ཁྲ་ཡག་དཀྱིལ་གྱི་འབྲོང་ཕྲུག།
ཁྱོད་རྫ་མགོ་བསྐོར་ནས་མ་འདུག།
རྫ་གཅིག་ལ་བློ་རྩེ་གཏོད་དང་།།
ཚེ་གང་གི་རྩྭ་ས་ཉན་ན།།
ས་སྡེ་ཆེན་དཀྱིལ་གྱི་རོགས་ལོ།།
ཁྱོད་སྡེ་མཐའ་ཉུལ་ནས་མ་འདུག།
ང་བྱི་མོར་བློ་རྩེ་གཏོད་དང་།།
ཚེ་གང་གི་ཚེ་འགྲོགས་ཉན་ན།།
༤༥ང་རྫ་ཁུགས་རུ་དམར་ཟེར་བ།།
ང་རྫ་མཐའ་བརྒྱུད་འདོད་མེད་ལ།།
རྫ་ཁྲ་ཁྲའི་བང་རིམ་བར་ན།།
འབྲོང་རྭ་ཁ་ཀྱུག་གེ་བསྡད་ཡོད།།
ང་སྡེ་ཆེན་ཁ་འཁྱམ་བྱི་ལི།།
སྡེ་ཁ་རི་ཉུལ་འདོད་མེད་ལ།།
གྲོང་རྩེ་བའི་ཕོ་བྲང་དཀྱིལ་ན།།
ཁ་བགད་ནས་རྩིབ་ན་བསྡད་ཡོད།།
༤༦རྫ་ཡག་པ་རྫ་རྐང་ཕྲ་མོ།།
འབྲོང་ཡག་པ་འབྲོང་ཕྲུག་བྲེ་ལོ།།
ཁྱོད་ཁྲ་ཡག་རྫ་ནས་སྡོད་དང་།།
ངའི་རྣམ་ཤེས་འབྲོང་མོ་འདྲ་བོ།།
ཁྱོའི་གཡས་དང་གཡོན་ན་བསྡད་ཡོད།།
སྡེ་ཡག་པ་སྡེ་རྐང་ཕྲ་མོ།།
རོགས་ཡག་པ་ན་ཟླའི་ཆུང་ལོ།།
ཁྱོད་སྡེ་ཆེན་གྲོང་ནས་སྡོད་དང་།།
ངའི་རྣམ་ཤེས་སྦྲང་མ་འདྲ་བོ།།
ཁྱོའི་གཡས་དང་གཡོན་ན་བསྡད་ཡོད།།
རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི