ལ་གཞས་མཐུན་པ་དྲུག་སྐོར་ལས། དྲན་པའི་སྐོར།༢
༡༦ཁིས་གོང་མའི་ཁ་ནས་ཡར་བུད་དུས།།
དབུས་བླ་མ་གསུམ་ལ་ལམ་ནས་ཐུག།
ཞྭ་ཕུད་དེ་ཕྱག་གསུམ་འཚལ་རག་ལ།།
དེའི་བར་ལ་ཆུང་འདྲིས་རོགས་ལོ་དྲན།།
དྲན་ཡོད་མེད་ཟེར་ན་དྲིས་བཏང་ན།།
དགུང་ཉི་མ་སེར་བོས་བལྟས་ནས་ཡོད།།
ཁིས་བར་མའི་ཁ་ནས་ཕར་བུད་དུས།།
རྟ་འདོ་བ་གསུམ་ལ་ལམ་ནས་ཐུག།
ལག་བསྲིངས་ནས་སྒ་ཆ་སྟོད་རག་ལ།།
དེའི་བར་ནས་ཆུང་འདྲིས་རོགས་ལོ་དྲན།།
དྲན་ཡོད་མེད་ཟེར་ནས་དྲིས་བཏང་ན།།
དགུང་དུང་ཟླ་དཀར་བོས་བལྟས་ནས་ཡོད།།
ཁིས་ཞོལ་མའི་ཁ་ནས་མར་བུད་དུས།།
རོགས་འདང་ཆེན་གསུམ་ལ་ལམ་ནས་ཐུག།
ངག་བཀུག་སྟེ་ཚིག་གསུམ་བཤད་རག་ལ།།
དེའི་བར་ནས་ཆུང་འདྲིས་རོགས་ལོ་དྲན།།
དྲན་ཡོད་མེད་ཟེར་ནས་དྲིས་བཏང་ན།།
དགུང་སྐར་མ་སྨེ་བདུན་བལྟས་ནས་ཡོད།།
༡༧དབུས་ཁ་ཐག་རིང་བའི་སྟོན་པའི་སྐུ།།
དུས་རྒྱུན་དུ་མཇལ་སྟབས་མི་འགྲིག་གི།
དུས་རྒྱུན་དུ་མཇལ་སྟབས་མི་འགྲིག་རུང་།།
ནམ་ཡིན་རུང་ཕྱག་གསུམ་འཚལ་ལ་འདུག།
གོང་རིན་ཐང་ཆེ་བའི་གོས་ཆེན་ལྭ།།
དུས་རྒྱུན་དུ་ཉོ་སྟབས་མི་འགྲིག་གི།
དུས་རྒྱུན་དུ་ཉོ་སྟབས་མི་འགྲིག་རུང་།།
ནམ་ཡིན་རུང་རི་མོར་བལྟ་ལ་འདུག།
གྲོང་ཁ་ཐག་རིང་བའི་སྙིང་རྗེའི་རོགས།།
དུས་རྒྱུན་དུ་རྩེ་སྟབས་མི་འགྲིག་གི།
དུས་རྒྱུན་དུ་རྩེ་སྟབས་མི་འགྲིག་རུང་།།
ནམ་ཡིན་རུང་ཁ་ནས་གླེང་གིན་འདུག།
༡༨འབྲི་ཐུལ་མ་རྫ་ལ་འཚོགས་དུས།།
ངའི་བཞོ་འབྲི་ཁྱུ་ན་མེད་གི།
འབྲི་མེད་ན་རྫ་རི་སྟོང་བ་རེད།།
ཤིང་ཤུག་པའི་བཞོ་ཟེའུ་སྟོང་བ་རེད།།
རྟ་བརྒྱ་བྱང་ལ་འཚོགས་དུས།།
ངའི་བློ་རྟ་ཁྱུ་ན་མེད་གི།
རྟ་མེད་ན་བྱང་ལམ་སྟོང་བ་རེད།།
སྲབ་སིལ་མའི་ཨ་ལོང་འཁྱག་པ་རེད།།
རོགས་མ་ལོ་སྡེ་ལ་འདུ་དུས།།
ངའི་རོགས་ལོ་གྲས་ན་མེད་གི།
ཞེ་ཡ་ཆུང་ཁོག་པ་སྟོང་བ་རེད།།
ཤ་མཆིན་པའི་ཁོག་པ་འཁྱག་པ་རེད།།
༡༩རི་མཐོན་པོ་དུང་གི་རྩེ་མོ་ནས།།
བྱ་དཀར་བོ་དུང་གི་གཤོག་པ་ཅན།།
སྨྲེང་ཤལ་ལེ་ཐེངས་གསུམ་གྲགས་བཏང་ན།།
ངས་དང་མའི་ལྷ་བྱ་སེམས་ལ་དྲན།།
ཐང་བདེ་མོ་བྱང་ལམ་རིང་མོ་ནས།།
གོམ་བདེ་མོའི་ཕུམ་དཀར་འདོ་བ་ཁྱོད།།
བདེ་ཤལ་ལེ་གོམ་གསུམ་བརྒྱུགས་བཏང་ན།།
ངས་དང་མའི་བློ་རྟ་སེམས་ལ་དྲན།།
སྡེ་ཆེན་པོའི་སྡེ་ལུང་གོང་མ་ནས།།
རོགས་ཡག་པ་ལྷ་ཕྲུག་འདྲ་བོ་ཁྱོད།།
སྨྲེང་ཤལ་ལེ་ཐེངས་གསུམ་རྩེས་བཏང་ན།།
ངས་དང་མའི་རྩེ་རོགས་སེམས་ལ་དྲན།།
༢༠ཤྭ་ཆ་བརྒྱད་ཤེའུ་ཡི་ཐིག་ལེ་ཅན།།
མགོ་གསེར་ནག་བྱི་རུའི་ར་ལག་ཅན།།
རྐང་རྨིག་བཞི་དུང་གི་པ་ཏྲ་ཅན།།
ལུས་རྒྱན་དྲུག་རྨ་བྱའི་གཡུ་ཐེལ་ཅན།།
ཤྭ་ཁྱོད་ལ་ཡིད་སེམས་དྲང་ནི་གིས།།
ཤྭ་རྫ་ནས་བཤར་དུས་དྲན་ཤིང་རེད།།
སྨུག་ལང་ལོང་འཐིབས་དུས་སྨྲེང་སློང་རེད།།
སྟག་ཤ་ར་དུང་གི་སོ་སྒོ་ཅན།།
ཡག་ཕོ་སྒོ་འཛམ་གླིང་གེ་སར་རྒྱལ།།
ཁ་དུང་སོ་དུང་གི་པ་ཏྲ་ཅན།།
ཚིག་སྙན་མོ་རྗེ་བཙུན་མགུར་མ་ཅན།།
རོགས་ཁྱོད་ལ་ཡིད་སེམས་དྲང་ནི་གིས།།
རོགས་སྡེ་ནས་འགྲོ་དུས་དྲན་ཤིང་རེད།།
ས་ཁ་ཐག་རིང་ནོ་སྨྲེང་སློང་རེད།།
༢༡མཚོ་དུང་ཤ་ཅན་པོའི་ཁ་ན།།
བྱ་དཀར་དམར་གཉིས་ཀ་འཁོར་གི།
བྱ་ཀན་ཚོ་ཚུར་ལ་འཁོར་རུང་།།
ཀན་ས་ལ་ཉན་འདོད་མེད་གི།
རི་བུམ་པ་འདྲ་བའི་མགོ་ནས།།
བྱ་ཁུ་བྱུག་གསུང་སྙན་ཅན་པོ།།
ནང་ཞིག་ལ་གྲག་ན་འདོད་ནས།།
ཞེ་སྡུག་པ་དྭངས་མཐའ་མེད་གི།
མར་བལྟས་ཀྱི་རྩེད་རའི་ནང་ནས།།
བུ་བུ་མོས་ལ་གཞས་ལེན་གི།
རོགས་ཀན་ཚོ་ཚུར་ལ་རྩེ་རུང་།།
ཀན་ས་ལ་ཉན་འདོད་མེད་གི།
གྲོང་རོགས་བརྒྱ་རོགས་མང་གྲས་ཀྱི།།
ཞེ་སྣང་བ་མཐུན་པའི་རོགས་ལོ།།
ནམ་ཞིག་ལ་རྩེ་ན་འདོད་ནས།།
ཞེ་སྡུག་པ་དྭངས་མཐའ་མེད་གི།
༢༢མཚོ་རང་འཁྱིལ་ཡིན་ནོ་དགའ་གི།
མཚོ་བཞུར་རྒྱུ་མེད་ནོ་སྡུག་གི།
རོགས་རང་མཐུན་ཡིན་ནོ་དགའ་གི།
རོགས་ཐུག་རྒྱུ་མེད་ནོ་སྡུག་གི།
༢༣འབྲུག་དགུང་སྔོན་གནམ་ན་སིང་སིང་སིང་།།
ཆར་བར་སྣང་ཁམས་ན་དལ་ལ་ལ།།
ལོ་ཡག་སྙེ་མ་གྲིག་གྲིག་གྲིག།
ལོ་ཡག་ནོ་སེམས་པ་སྡུག་སྤྱད་རེད།།
རོགས་སྡེ་ཆེན་གྲོང་ན་ལྷང་ལྷང་ལྷང་།།
ཁ་ཚིག་གསུམ་ཁྲོམ་ན་ཤ་ར་ར།།
ཁྱིམ་ཆུང་མ་རྩིབ་ན་ཉིལ་ལི་ལི།།
རོགས་རྩེ་ནོ་སེམས་པ་སྡུག་སྤྱད་རེད།།
༢༤དབྱར་མེ་ཏོག་ར་བའི་ནང་ནས།།
རྩྭ་མེ་ཏོག་པད་མ་དཀར་བོ།།
ངས་བཏབ་ནས་ལོ་གསུམ་འགོར་ཡོད།།
ཁྱོད་མ་བཀད་ཟླ་གསུམ་འགོར་ཡོད།།
ཁྱོད་ལོ་དང་ཟླ་བ་འགོར་རུང་།།
ངའི་རྣམ་ཤེས་སྦྲང་མ་འདྲ་བོ།།
ཁྱོའི་རྩིབས་ནས་མ་སོང་བསྡད་ཡོད།།
ས་མར་བལྟས་སྡེ་ཆེན་གྲོང་གི།
རོགས་ཆུང་ལོ་ལྷ་སྐུ་འདྲ་བོ།།
ཁྱོར་རྩེ་ནས་ལོ་གསུམ་འགོར་ཡོད།།
ཐུག་མ་ཐུབ་ཟླ་གསུམ་འགོར་ཡོད།།
ཁྱོད་ལོ་དང་ཟླ་བ་འགོར་རུང་།།
ངའི་རྣམ་ཤེས་གཡུ་ཆུང་འདྲ་བོ།།
ཁྱོའི་རྩིབས་ནས་མ་སོང་བསྡད་ཡོད།།
༢༥སྟོད་དབུས་གཙང་གསེར་རིའི་རི་རྒྱུད་ནས།།
བྱ་སྐྱིད་གི་ཡོད་ཅིང་སྡུག་གི་ཡོད།།
གཅིག་ལོས་སྐྱིད་གསེར་མཐའ་གསེར་ཡུལ་རེད།།
གཉིས་ལོས་སྡུག་གསེར་ཏོག་རིག་རྒྱུ་མེད།།
དེ་རིག་རྒྱུ་མེད་ཀྱང་བརྗེད་གི་མེད།།
ས་གར་སོང་ས་ནས་གླེང་གི་ཡོད།།
ས་སྡེ་ཆེན་ཁ་རིའི་རི་རྒྱུད་ནས།།
ང་སྐྱིད་གི་ཡོད་ཅིང་སྡུག་གི་ཡོད།།
གཅིག་ལོས་སྐྱིད་རང་ས་རང་ཡུལ་རེད།།
གཉིས་ལོས་སྡུག་རོགས་ལོ་རིག་རྒྱུ་མེད།།
རོགས་རིག་གི་མེད་ཀྱང་བརྗེད་གི་མེད།།
ས་གར་སོང་ས་ནས་གླེང་གི་ཡོད།།
༢༦མཚོ་སྔོན་པོ་གཡུ་ཡི་མེ་ལོང་རེད།།
ཉ་གསེར་མིག་མིག་ནང་གི་རྒྱན་ཆ་རེད།།
མཚོ་རླངས་པ་སྤྲིན་དཀར་འཁྱིལ་བ་རེད།།
སྤྲིན་ལངས་ན་སེམས་ཀྱི་སྨྲེང་སློང་རེད།།
སྡེ་ཆེན་པོ་དུང་དཀར་གཡས་འཁྱིལ་རེད།།
རོགས་ཆུང་ལོ་དུང་དཀར་མདུད་པ་རེད།།
ཞེ་སྣང་བ་དུང་གི་ཁོག་པ་རེད།།
དུང་བུས་ན་སེམས་ཀྱི་སྨྲེང་སློང་རེད།།
༢༧མཚོ་སྔོན་པོ་གཡུ་ཡི་མེ་ལོང་རེད།།
དེའི་ནང་ན་དུང་བྱ་དཀར་བོ་ཞིག།།
ཕྱི་བལྟས་ན་དུང་བྱ་མི་རིག་གི།
ནང་བོས་ན་དུང་བྱས་མི་གོ་གི།
བྱ་དུང་བྱ་ཡིད་ནས་མི་བརྗེད་གི།
སྦྲ་མཐིང་སྨུག་རས་ཀྱི་སྒོ་དར་ཅན།།
དེའི་ནང་ན་འདང་ཅན་རོགས་ལོ་ཞིག།
ཕྱི་བལྟས་ན་རོགས་ལོ་མི་རིག་གི།
ནང་བོས་ན་རོགས་ལོས་མི་གོ་གི།
རོགས་འདང་ཅན་ཡིད་ནས་མི་བརྗེད་གི།
༢༨མཚོ་སྔོན་པོ་གཡུ་ཡི་འདབས་ན།།
ཉ་གསེར་མིག་བྱི་རུའི་རྒྱན་ཆ།།
མཚོ་རླངས་པ་སྤྲིན་དཀར་འཁྲིགས་འདྲ།།
སྤྲིན་ལངས་ན་སེམས་ཀྱི་སྨྲེང་རེད།།
སྡེ་ཆེན་པོ་མར་ཁུའི་མཚོ་མོ།།
རོགས་ཆུང་ལོ་མར་མེ་བསྒྲོན་འདྲ།།
ཚིག་བཤད་ནོ་རྗེ་བཙུན་མགུར་མ།།
མགུར་བླངས་ན་སེམས་ཀྱི་སྐྱིད་རེད།།
༢༩རྟ་གཅིག་མ་གཏོགས་ངར་མེད།།
རྟ་གཅིག་དེ་གཡུ་ལུང་ཉིན་ན་ཡོད།།
ས་གཡུ་ལུང་གཡང་གིས་བཀང་ཡོད།།
རྟ་མ་རིག་ཞེ་རེ་སྨྲེང་ཡོད།།
རོགས་གཅིག་མ་གཏོགས་ངར་མེད།།
རོགས་གཅིག་དེ་ཚོ་དྲུག་གླིང་ན་ཡོད།།
ཚིག་སྙན་མོ་མནའ་ཡིས་བསྒགས་ཡོད།།
རོགས་མ་རིག་ཞེ་རེ་སྨྲེང་ཡོད།།
༣༠ངར་རྟ་ཞིག་ཡོད་ཀྱང་འདི་ན་མེད།།
སྤང་སེར་བོའི་ཕོ་བྲང་ཀླད་ན་ཡོད།།
རྟ་དེ་ཚོ་རྟ་འགྲིན་དམར་བོས་བསྲུངས།།
ང་ཡང་གཅིག་ཞོན་ན་འདོད་གོ་གི།
ངར་རོགས་ཤིག་ཡོད་ཀྱང་འདི་ན་མེད།།
ས་སྡེ་ཆེན་རྩེ་བའི་གྲོང་ན་ཡོད།།
མ་དེ་ཚོ་རྗེ་བཙུན་སྒྲོལ་མས་བསྲུངས།།
ང་ཡང་གཅིག་རྩེ་ན་འདོད་གོ་གི།
རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི