ལ་གཞས་མཐུན་པ་དྲུག་སྐོར་ལས། དྲན་པའི་སྐོར།༡
༡བྱ་ཁུ་བྱུག་སྙིང་ལ་རྗེ་བོ།།
སྙིང་རྗེ་བའི་དོན་དེ་བཤད་ན།།
ཟླ་བཞི་བ་མ་ལོན་མི་དབང་།།
ནགས་ཙན་དན་མེད་ན་མི་གྲག།
ཐེངས་རེ་རེར་གྲགས་ནས་བུད་འགྲོ།།
བུད་སོང་ན་ཡིད་ནས་སྨྲེང་གི།
སྙིང་རྗེ་བའི་དོན་དག་དེ་ཡིན།།
རྟ་འདོ་བ་སྙིང་ལ་རྗེ་བོ།།
སྙིང་རྗེ་བའི་དོན་དེ་བཤད་ན།།
ཟླ་དྲུག་པ་མ་ལོན་མི་དབང་།།
ས་བྱང་ལམ་མིན་ན་མི་བརྒྱུག།
ཐེངས་རེ་རེ་བརྒྱུགས་ནས་བུད་འགྲོ།
བུད་སོང་ན་ཡིད་ནས་སྨྲེང་གི།
སྙིང་རྗེ་བའི་དོན་དག་དེ་ཡིན།།
རོགས་མ་ལོ་སྙིང་ལ་རྗེ་བོ།།
སྙིང་རྗེ་བའི་དོན་དེ་བཤད་ན།།
ཟླ་རྒྱ་ལོ་མ་ལོན་མི་དབང་།།
བོད་ཚོ་ཆེན་མིན་ན་མི་རྩེ།།
ཐེངས་རེ་རེ་རྩེ་ནས་བུད་འགྲོ།
སྙིང་རྗེ་བའི་དོན་དག་དེ་ཡིན།།
༢དཀར་གསལ་ལེ་ནམ་མཁའ་ལངས་དུས།།
འབྲི་ཐུལ་མའི་ཞེ་སེམས་རྫ་རེད།།
རྫ་ཕ་མ་ཉན་ནི་ཅི་ཡིན།།
རྩྭ་རམ་དཀར་ཕ་མའི་ཡན་རེད།།
སེར་གྱི་ལེ་ཉི་རྩེ་ཤར་དུས།།
ལུག་འཚེར་མོའི་ཞེ་སེམས་སྤང་རེད།།
སྤང་ཕ་མ་ཉན་ནི་ཅི་ཡིན།།
སྤང་སེར་ཆེན་ཕ་མའི་ཡན་རེད།།
སྨག་གྱི་ལེ་མུན་པ་འཐིབས་དུས།།
ང་དགའ་ལོའི་ཞེ་སེམས་སྡེ་རེད།།
སྡེ་ཕ་མ་ཉན་ནི་ཅི་ཡིན།།
རོགས་ཁྱོད་ཚོ་ཕ་མའི་ཡན་རེད།།
༣བྱ་ཁུ་བྱུག་སྙིང་ལ་རྗེ་བོ།།
ཁྱོད་དང་མ་རྒྱ་གར་ཡུལ་རེད།།
དེའི་བར་ནས་གསེར་མཁར་ཁ་རེད།།
ཁྱོད་དེང་སང་ཙན་དན་རྩེ་རེད།།
མགོ་སྒུར་ནས་ཐེངས་གསུམ་གྲག་ན།།
ངས་རིག་ན་སྙིང་རེ་རྗེ་གི།
ངས་གོ་ན་ཡིད་རེ་སྨྲེང་གི།
རྟ་འདོ་བ་སྙིང་ལ་རྗེ་བོ།།
ཁྱོད་དང་མ་གཞིས་སྨུག་ར་རེད།།
དེའི་བར་ནས་རྟ་བརྒྱའི་ཁྱུ་རེད།།
ཁྱོད་དེང་སང་བྱང་ལམ་ཐད་རེད།།
ས་བྱང་ལམ་དཀྱིལ་ནས་བརྒྱུགས་ན།།
ངས་རིག་ན་སྙིང་རེ་རྗེ་གི།
ངས་གོ་ན་ཡིད་རེ་སྨྲེང་གི།
རོགས་མ་ལོ་སྙིང་ལ་རྗེ་བོ།།
ཁྱོད་དང་མ་ཕ་མའི་རྩིབས་རེད།།
དེའི་བར་ནས་ན་ཟླའི་དཀྱིལ་རེད།།
ཁྱོད་དེང་སང་སྡེ་ལུང་གཞན་རེད།།
ཁ་བགད་དེ་ཚིག་གསུམ་བཤད་ན།།
ངས་རིག་ན་སྙིང་རེ་རྗེ་གི།
ངས་གོ་ན་ཡིད་རེ་སྨྲེང་གི།
༤བྱ་བརྒྱ་དགུང་ལ་འདུས་དུས།།
ངས་ལྷ་བྱ་ཁྱུ་ན་ཨེ་ཡོད་དྲིས།།
ངའི་ལྷ་བྱ་ཁྱུ་ན་ཡོད་ཟེར་ན།།
སྒྲོ་མགོ་སེར་བོ་གསེར་ཡིན།།
སྒྲོ་སྐེད་སྔོན་མོ་གཡུ་རེད།།
སྒྲོ་རྟིང་དཀར་བོ་དུང་རེད།།
སྒྲོ་དེ་གསུམ་འཛོམས་ན་ལྷ་བྱ་ཡིན།།
རྟ་བརྒྱ་བྱང་ལ་འདུས་དུས།།
ངས་བློ་རྟ་ཁྱུ་ན་ཨེ་ཡོད་དྲིས།།
ངའི་བློ་རྟ་ཁྱུ་ན་ཡོད་ཟེར་ན།།
རྟ་འདོ་བ་གསེར་ཡིག་བྲིས་མ་རེད།།
མགོ་ཕུམ་ཕུམ་དར་ལ་སླས་འདྲ་རེད།།
རྐང་རྨིག་བཞི་རླུང་ཆེན་འཁོར་ལོ་ཡིན།།
རྟ་དེ་གསུམ་འཛོམས་ན་བློ་རྟ་ཡིན།།
རོགས་ན་ཟླ་སྡེ་ལ་འདུས་དུས།།
ངས་རྩེ་རོགས་གྲས་ན་ཨེ་ཡོད་དྲིས།།
ངའི་རྩེ་རོགས་གྲས་ན་ཡོད་ཟེར་ན།།
ཕྱིའི་སྐྱེ་གཟུགས་སྦ་དཀར་དྲང་སྐྱེ་རེད།།
ཁས་ཅི་བཤད་ཆུ་དང་འོ་མ་རེད།།
ནང་བསམ་པ་གངས་རི་དཀར་བོ་རེད།།
རོགས་དེ་གསུམ་འཛོམས་ན་རྩེ་རོགས་རེད།།
༥བཀྲ་ཤིས་པའི་ཚོ་ལུང་གོང་མ་ན།།
སྙིང་རྗེ་བའི་ངང་བ་སེར་བོ་སྣང་།།
སྙིང་རྗེ་བའི་དོན་དེ་བཤད་དགོས་ན།།
ང་སྔུན་ལ་བུད་དེ་བལྟས་ནི་ཡིན།།
མགོའི་བྱ་ཟེ་ཞྭ་མོ་མནབས་འདྲ་རེད།།
ང་གཞུག་ལ་བུད་དེ་བལྟས་ནི་ཡིན།།
སྒྲོའི་དཀྱིལ་འཁོར་མེ་ཏོག་བཞད་འདྲ་རེད།།
སྙིང་རྗེ་བའི་དོན་ནི་དེ་འདྲ་ཡིན།།
བཀྲ་ཤིས་པའི་ཚོ་ལུང་བར་མ་ན།།
སྙིང་རྗེ་ནོ་གྲོ་བྱིས་འདོ་བ་རེད།།
སྙིང་རྗེ་བའི་དོན་དེ་བཤད་དགོས་ན།།
ང་སྔུན་ལ་བུད་དེ་བལྟས་ནི་ཡིན།།
མགོ་ཕུམ་ཕུམ་དར་གྱིས་སླས་མ་རེད།།
ང་གཞུག་ལ་བུད་དེ་བལྟས་ནི་ཡིན།།
རྐང་རྨིག་བཞི་ལྕགས་ཀྱིས་རྡུང་འདྲ་རེད།།
སྙིང་རྗེ་བའི་དོན་ནི་དེ་འདྲ་ཡིན།།
བཀྲ་ཤིས་པའི་ཚོ་ལུང་ཞོལ་མ་ན།།
སྙིང་རྗེ་བའི་ཁ་ཡ་ན་ཟླའི་རོགས།།
སྙིང་རྗེ་བའི་དོན་དེ་བཤད་དགོས་ན།།
ང་སྔུན་ལ་བུད་དེ་བལྟས་ནི་ཡིན།།
ཁས་ཅི་བཤད་ཆུ་དང་འོ་མ་རེད།།
ང་གཞུག་ལ་བུད་དེ་བལྟས་ནི་ཡིན།།
ལུས་སྐྱེས་གཟུགས་སྦ་དཀར་དྲང་སྐྱེས་རེད།།
སྙིང་རྗེ་བའི་དོན་ནི་དེ་འདྲ་ཡིན།།
༦དགུང་ཨ་སྔོན་སྐར་མ་ཁྲི་མ་འབུམ།།
ངས་ཁྲི་མ་འབུམ་ལ་ལྟ་གི་མེད།།
ངས་སྐར་ཆེན་ཁྲ་མོ་བརྗེད་གི་མེད།།
ས་བྱང་ལམ་རྟ་བརྒྱ་ཁྲི་མ་འབུམ།།
ངས་ཁྲི་མ་འབུམ་ལ་ལྟ་གི་མེད།།
ངས་གྲོ་བྱིས་འདོ་བ་བརྗེད་གི་མེད།།
བོད་ཚོ་ཆེན་རྩེ་རོགས་ཁྲི་མ་འབུམ།།
ངས་ཁྲི་མ་འབུམ་ལ་ལྟ་གི་མེད།།
ངས་དང་མའི་རྩེ་རོགས་བརྗེད་གི་མེད།།
༧བྱ་ཁུ་བྱུག་སྙིང་ལ་རྗེ་བོ།།
སྙིང་རྗེ་དོན་བཤད་དགོས་ཟེར་ན།།
ཁྱོད་མེད་ན་དབྱར་དགུན་མི་ཤེས་གི།
བྱ་གཞན་པའི་གསུང་སྙན་མི་གཅིག་གི།
སྙིང་རྗེ་དོན་བཤད་ན་དེ་ཡིན།།
རྟ་འདོ་བ་སྙིང་ལ་རྗེ་བོ།།
སྙིང་རྗེ་དོན་བཤད་དགོས་ཟེར་ན།།
ཁྱོད་མེད་ན་ལ་ཐུར་མི་བུད་གི།
རྟ་གཞན་པའི་རྒྱུག་འཁྱེར་མི་གཅིག་གི།
སྙིང་རྗེ་དོན་བཤད་ན་དེ་ཡིན།།
རོགས་ན་ཟླ་སྙིང་ལ་རྗེ་བོ།།
སྙིང་རྗེ་དོན་བཤད་དགོས་ཟེར་ན།།
ཁྱོད་མེད་ན་ཚིག་གསུམ་མི་ཤོད་གི།
རོགས་གཞན་པའི་རྩེ་འཁྱེར་མི་གཅིག་གི།
སྙིང་རྗེ་དོན་བཤད་ན་དེ་ཡིན།།
༨བྱ་ཁུ་བྱུག་ནགས་ལ་ལོབས་སོང་ཟིག།
ཤིང་ཡལ་ག་ཉུང་ནོ་མི་བསམ་གི།
མགོ་སིལ་ཏོག་ཞིམ་ནོ་མི་བརྗེད་གི།
བྱ་རྨ་བྱ་མཚོ་ལ་ལོབས་སོང་ཟིག།
སྒྲོ་བརླན་གྱིས་སིལ་ནོ་མི་བསམ་གི།
མཚོ་ཁ་ཞེང་ཆེ་ནོ་མི་བརྗེད་གི།
ཆུང་འདྲིས་རོགས་ལ་ལོབས་སོང་ཟིག།
རོགས་མི་ཁ་ཆེ་ནོ་མི་བསམ་གི།
ཞེ་སྣང་བ་མཐུན་ནོ་མི་བརྗེད་གི།
༩ཡར་བྲག་དཀར་ལྷ་རིའི་དབུ་རྩེ་ནས།།
འབྲི་ཐུལ་མས་ངུར་ཆུང་ཡུལ་ལ་བྱེད།།
དེ་རང་དགར་ངུར་ནི་ཅི་ལ་ཡིན།།
ང་བེའུ་ཆུང་བསམ་ནས་ངུར་ནི་རེད།།
དེ་མིན་ན་ངུར་དོན་ཅི་ལ་ཡོད།།
ཡར་བྲག་དཀར་ལྷ་རིའི་དབུ་སྐེད་ནས།།
རྟ་འདོ་བས་འཚེར་ཆུང་ཡུལ་ལ་བྱེད།།
དེ་རང་དགར་འཚེར་ནི་ཅི་ལ་ཡིན།།
ང་རྟེའུ་ཆུང་བསམ་ནས་འཚེར་ནི་རེད།།
དེ་མིན་ན་འཚེར་དོན་ཅི་ལ་ཡོད།།
ཡར་བྲག་དཀར་ལྷ་རིའི་དབུ་འདབས་ནས།།
རོགས་ཆུང་ལོས་ལ་གཞས་སྡེ་ལ་ལེན།།
དེ་རང་དགར་བླངས་ནི་ཅི་ལ་ཡིན།།
རོགས་ཞེ་མཐུན་བསམ་ནས་བླངས་ནི་རེད།།
དེ་མིན་ན་ལེན་དོན་ཅི་ལ་ཡོད།།
༡༠རྒོད་ཐང་དཀར་སྙིང་ལ་རྗེ་བོ།།
སྙིང་རྗེ་བའི་དོན་ནི་བཤད་དགོས་ན།།
ནངས་སྔ་མོར་དགུང་ལ་བསྟད་དགོས་གི།
དགོང་ཕྱི་དྲོ་བྲག་ལ་འབབ་དགོས་གི།
བྲག་དམར་བོའི་སུལ་ཁ་ཆེ་ནི་གིས།།
སྙིང་རྗེ་བའི་དོན་ནི་དེ་འདྲ་ཡིན།།
རྟ་འདོ་བ་སྙིང་ལ་རྗེ་བོ།།
སྙིང་རྗེ་བའི་དོན་ནི་བཤད་དགོས་ན།།
ནངས་སྔ་མོར་བྱང་ལམ་བརྒྱུག་དགོས་གི།
དགོང་ཕྱི་དྲོར་ར་ལ་ཡོང་དགོས་གི།
ནང་རྟ་བདག་ཁ་བཙན་ཆེ་ནི་གིས།།
སྙིང་རྗེ་བའི་དོན་ནི་དེ་འདྲ་རེད།།
རོགས་ཆུང་ལོ་སྙིང་ལ་རྗེ་བོ།།
སྙིང་རྗེ་བའི་དོན་ནི་བཤད་དགོས་ན།།
ནངས་སྔ་མོར་སྡེ་ལ་རྩེ་དགོས་གི།
དགོང་ཕྱི་དྲོར་ཡུལ་ལ་འོང་དགོས་གི།
ནང་བཟའ་ཚང་ཁ་བཙན་ཆེ་ནི་གིས།།
སྙིང་རྗེ་བའི་དོན་ནི་དེ་འདྲ་ཡིན།།
༡༡ངས་རྫ་མགོ་རི་མགོ་བརྒྱུད་དུས།།
ངས་རྫ་སྔོན་ཁྲ་མོ་རིག་དུས།།
འབྲི་ཐུལ་མ་ཞེ་ལ་འཆར་གི།
ནང་བེའུ་ཆུང་མིག་ལ་འབབ་གི།
ངས་རི་སྐེད་རྫ་སྐེད་བརྒྱུད་དུས།།
སྤང་སེར་བོའི་མེ་ཏོག་རིག་དུས།།
ལུག་གཡང་དཀར་ཞེ་ལ་འཆར་གི།
ནང་ལུ་གུ་མིག་ལ་འབབ་གི།
ངས་རི་ཞོལ་ཚོ་འདབས་བརྒྱུད་དུས།།
ངས་བརྒྱ་ཚོགས་སྟོང་འདུས་རིག་དུས།།
ནང་ན་ཟླ་ཞེ་ལ་འཆར་གི།
ངའི་རྩེ་རོགས་མིག་ལ་འབབ་གི།
༡༢སྟོད་དབུས་གཙང་ལོ་རབས་མ་གླེང་།།
སྟོད་དབུས་གཙང་ལོ་རབས་གླེང་ན།།
དབུས་ཆོས་ར་ཡིད་ལ་འཆར་གི།
ཆོས་ཀ་ཁ་མིག་ལ་འབབ་གི།
སྨད་རྒྱ་ནག་ལོ་རབས་མ་བཤད།།
སྨད་རྒྱ་ནག་ལོ་རབས་བཤད་ན།།
གོས་གསེར་མ་ཡིད་ལ་འཆར་གི།
སྟེང་རི་མོ་མིག་ལ་འབབ་གི།
རོགས་རྩེ་བའི་ལོ་རབས་མ་གླེང་།།
རོགས་རྩེ་བའི་ལོ་རབས་གླེང་ན།།
རོགས་ཞེ་མཐུན་ཡིད་ལ་འཆར་གི།
ངག་དབྱངས་སྙན་རྣ་ལ་འབབ་གི།
༡༣ང་བླ་མ་ཟེར་ནས་གླེང་ནི་ཚོ།།
ཁྱོད་བན་ཆུང་མི་བརྗེད་ཡིད་ལ་འཛིན།།
ཕྱི་དམྱལ་བར་མི་ལྷུང་ཁས་ལེན་བྱེད།།
ང་འདོ་བ་ཟེར་ནས་གླེང་ནི་ཚོ།།
ཁྱོད་འདོ་བདག་མི་བརྗེད་ཡིད་ལ་འཛིན།།
ཁིས་དར་དཀར་ཐོབ་པའི་ཁས་ལེན་བྱེད།།
ང་དགའ་ལོ་ཟེར་ནས་གླེང་ནི་ཚོ།།
རོགས་ཁྱོད་ཚོ་མི་བརྗེད་ཡིད་ལ་འཛིན།།
ཕྱི་སྡེ་ཁ་མི་ཆད་ཁས་ལེན་བྱེད།།
༡༤ཁྲ་ཆིལ་ལེ་ནམ་མཁའ་ལངས་དུས།།
ངས་ཡར་བལྟས་ཁྲ་ཡག་རྫ་ལ་བལྟས།།
དོན་ངོ་མས་བལྟ་འདོད་ཅི་ལ་ཡོད།།
ངས་བཞོ་བའི་ཐུལ་མ་རྫ་ན་ཡོད།།
རྫ་ཁ་ཐག་རིང་ནོ་མི་བསམ་གི།
བཞོ་ནུ་ལག་བདེ་ནོ་མི་བརྗེད་གི།
སེར་གྱི་ལེ་ཉི་མ་འཆར་དུས།།
ངས་ཕར་བལྟས་བྱང་ལམ་དཀྱིལ་ལ་བལྟས།།
དོན་ངོ་མས་བལྟ་འདོད་ཅི་ལ་ཡོད།།
ངའི་འདོ་བ་བྱང་ལམ་དཀྱིལ་ན་ཡོད།།
བྱང་ཁ་ཐག་རིང་ནོ་མི་བསམ་གི།
རྟ་གོམ་ལག་བདེ་ནོ་མི་བརྗེད་གི།
ནག་གྱི་ལེ་མུན་པ་འཐིབ་དུས།།
ངས་མར་བལྟས་སྡེ་ཆེན་གྲོང་ལ་བལྟས།།
དོན་ངོ་མས་བལྟ་འདོད་ཅི་ལ་ཡོད།།
ངའི་ཚེ་འགྲོགས་རོགས་ལོ་སྡེ་ན་ཡོད།།
གྲོང་ཁ་ཐག་རིང་ནི་མི་བསམ་གི།
རོགས་སྣང་བ་མཐུན་ནོ་མི་བརྗེད་གི།
༡༥མཛོ་ཁྱུང་དཀར་སྙིང་ལ་རྗེ་བོ།།
ཁྱོད་དང་མ་ནོར་བརྒྱའི་ཁྱུ་རེད།།
ཁྱོད་དེང་སང་ས་ནག་སུལ་རེད།།
སུལ་ནག་པོ་མིན་པས་མི་རིག་གི།
སྙིང་རྗེ་དོན་བཤད་ན་དེ་འདྲ་ཡིན།།
རྟ་འདོ་བ་སྙིང་ལ་རྗེ་བོ།།
ཁྱོད་དང་མ་རྟ་བརྒྱའི་ཁྱུ་རེད།།
ཁྱོད་དེང་སང་བྱང་ལམ་དཀྱིལ་རེད།།
མགོའི་ཕུམ་ཕུམ་མིན་པས་མི་རིག་གི།
སྙིང་རྗེ་དོན་བཤད་ན་དེ་འདྲ་ཡིན།།
རོགས་ཆུང་ལ་སྙིང་ལ་རྗེ་བོ།།
ཁྱོད་དང་མ་ན་ཟླའི་ཁྱུ་རེད།།
ཁྱོད་དེང་སང་དགྲ་ནག་རྩིབས་རེད།།
ངག་པི་ཝང་མིན་པས་མི་ཚོར་གི།
སྙིང་རྗེ་དོན་བཤད་ན་དེ་འདྲ་ཡིན།།
རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི