ལ་གཞས་མཐུན་པ་དྲུག་སྐོར་ལས། མཐུན་པའི་སྐོར།༨
༡༠༦རྟ་འགོ་མའི་འགོ་མ་རྒྱུག་དུས་ན།།
སྒ་བེ་ཤིང་ཁོང་རྒྱུན་སྲ་དགོས།།
གཞུའི་ནང་ལུང་འབྲོང་རྭ་འབྲུག་རེད།།
དགྲ་ཐུབ་པའི་ཡིད་ཟོན་ཡོད་དགོས།།
རོགས་འགོ་མའི་འགོ་མ་རྩེ་དུས།།
ཚིག་བཙན་པོ་མནའ་ཡིས་གནོན་དགོས།།
གླིང་མི་ཁས་སྡེ་བར་འུར་ན།།
ཁྱིམ་ཆུང་མར་ཡིད་ཟོན་ཡོད་དགོས།།
༡༠༧སྟོད་བྲག་དམར་བྱ་ཚང་ནང་ལ།།
མདའ་འཕེན་ནི་ཅན་ཞིག་ང་མིན།།
ཐབས་མེད་ལ་འཕེན་དགོས་ཟེར་ན།།
ངར་སྨྱུག་མ་སེར་བོའི་མདའ་དགོས།།
ཐང་དཀར་རྒོད་ཀྱི་སྒྲོ་དགོས།།
མདའ་མི་ཆག་ཁས་ལེན་བྱོས་དང་།།
མདའ་མཐེབ་ལ་ལེན་ན་ངས་འཕེན།།
ས་སྡེ་ཆེན་རྩེད་ར་ནང་ནས།།
རོགས་རྩེ་ནི་ཅན་ཞིག་ང་མིན།།
ཐབས་མེད་ལ་རྩེ་དགོས་ཟེར་ན།།
ངའི་ཡིད་ལ་འཛིན་རྒྱུའི་ཚིག་དགོས།།
འགྲོགས་རྔ་མ་སྐྱོང་རྒྱུའི་མནའ་དགོས།།
ཁྱིམ་བཟའ་བས་ཁས་ལེན་བྱོས་དང་།།
ཚིག་དོན་ཅན་བཤད་ལ་ང་རྩེ།།
༡༠༨རྨ་ཕ་རིའི་ཚྭ་མཚོའི་ཁ་ན།།
དུང་ལེན་རྒྱུ་མེད་ནི་མིན་མོད།།
ནུབ་ཕྱོགས་གཡུ་མཚོའི་ཁ་ཡི།།
དུང་གཡས་འཁྱིལ་ཞིག་ལ་དུངས་ནི།།
སྡེ་ཆེན་པོ་རང་སྡེའི་གྲས་ན།།
ང་རྩེ་ས་མེད་ནི་མིན་མོད།།
ས་སྡེ་ཆེན་དཀྱིལ་གྱི་རོགས་ལོར།།
ཞེ་བསམ་པས་འགྲོགས་ན་འདོད་གི།
༡༠༩དགུང་སྔོན་པོ་ཐང་ཡངས་ཐང་རྒྱ་རེད།།
འབྲུག་ཕོ་ཆུང་ཁ་རྒྱལ་མགོ་རྒྱལ་ཡིན།།
ཆར་ཇི་ལྟར་འབེབ་ན་རང་ལག་ཡིན།།
ས་སྡེ་ཆེན་ཐང་ཡངས་ཐང་རྒྱ་རེད།།
རོགས་ངེད་ཚོ་ཁ་རྒྱལ་མགོ་རྒྱལ་ཡིན།།
རོགས་ཇི་ལྟར་རྩེ་ན་རང་ལག་ཡིན།།
༡༡༠ཁྱོད་མི་སྐྲག་རྒྱུ་ལ་སྐྲག་གོ་གི།།
ནག་མོ་ནོར་ལ་སྐྲག་གོ་གི།།
སྒོ་ཁའི་ཤོག་ལ་ཅི་སྐྲག་རྒྱུ།།
སྐྲག་ངོ་མ་བྲེ་སེར་འབྲོང་ལོ་རེད།།
ཁྱོད་མ་དགོས་ང་ཡང་འཇིགས་སྣང་སྐྱེ།།
ཁྱོད་མི་སྐྲག་རྒྱུ་ལ་སྐྲག་གོ་གི།།
ངའི་ཞེ་མཐུན་རོགས་ལོར་སྐྲག་གོ་གི།
མ་ཅོ་ཐོ་ཅན་ལ་ཅི་སྐྲག་རྒྱུ།།
སྐྲག་ངོ་མ་ཁྱོད་ཀྱི་རོགས་ལོ་རེད།།
ཁྱོད་མ་དགོས་ང་ཡང་འཇིགས་སྣང་སྐྱེ།།
༡༡༡རི་ལྷུན་པོའི་གཞི་བདག་ལྷ་རེད།།
ཆང་མཆོད་ལ་ངོ་སོ་བསྟོད་དང་།།
ཤྭ་གསོད་གི་གནང་བ་སྟེར་ར།།
མ་ངེད་ཚོའི་མགོ་བདག་མི་ཡིན།།
ཚིག་ཤོད་ལ་ངོ་དགའ་བྱོས་ལ།།
རོགས་རྩེ་བའི་གནང་བ་སྟེར་ར།།
༡༡༢ཁྱོས་བཤད་ནོ་གྲམ་པའི་ཆུ་རེད།།
ཆུ་རྡོ་སྲུབས་ཉུལ་གི་ཨེ་ཡོད།།
ངས་བཤད་ནོ་སྐྱི་བསེར་རླུང་ཡིན།།
རླུང་གཡུག་གི་མེད་ནོ་འདི་རེད།།
ཁྱོས་བཤད་ནོ་བྱི་ལི་ང་རེད།།
ཁྱོད་ཕྱི་བསྣུར་བྱེད་གི་ཨེ་ཡོད།།
ངས་བཤད་ནོ་བྱི་མོ་ཁྱོད་རེད།།
ཁྱོད་བསམ་ནས་བསྡད་ནོ་འདི་རེད།།
༡༡༣བོའུ་རྭ་རིང་མིག་དཀར་སོ་བ་ཅན།།
ཕྱི་མི་འགྱུར་ལྕགས་ནག་དགུ་རྡུང་ཡིན།།
ནང་མི་འགྱུར་མེ་ནག་དགུ་རྫོངས་ཡིན།།
དེ་ཡིན་ཀྱང་བོའུ་ལོ་འགྱུར་སོང་ན།།
བོའུ་འཁུར་བའི་སྔོན་ལས་མེད་ནི་རེད།།
ས་སྡེ་ཆེན་གྲོང་གི་རོགས་ལོ་ཁྱོད།།
ཕྱི་མི་འགྱུར་ཁ་ཚིག་ཁ་བརྡ་ཡིན།།
ནང་མི་འགྱུར་འུ་གཉིས་མནའ་ཚིག་ཡིན།།
དེ་ཡིན་ཀྱང་རོགས་ལོ་འགྱུར་སོང་ན།།
རོགས་རྩེ་བའི་སྔོན་ལས་མེད་ནི་རེད།།
༡༡༤ཁྱོད་ཁྲ་རིང་བོའུ་ལོ་ཟེར་བ།།
ངས་ཁྲ་ཡག་རྫ་ལ་ཐེངས་གསུམ་འཕེན།།
ཐེངས་གསུམ་པོར་འགྱུར་ལྡོག་མ་བྱུང་ན།།
ཁྱོད་གནམ་ལྕགས་ཐོག་གི་སྤྲུལ་བ་རེད།།
ངའི་དམར་ཆུང་སྲོག་གི་སྐྱ་ཡ་ཡིན།།
རོགས་ཆུང་ལོ་སྙིང་ལ་རྗེ་བོ།།
ཁ་མི་ཁའི་བར་ནས་ཚིག་གསུམ་བཤད།།
ཚིག་གསུམ་པོར་འགྱུར་ལྡོག་མ་བྱུང་ན།།
ཁྱོད་ཞེ་མཐུན་རོགས་ཤིག་ཡིན་ནི་རེད།།
ཚེ་གང་བོར་རང་གི་རྩེ་རོགས་བྱེད།།
༡༡༥ང་རྔོག་ཐོགས་ཐོར་མོ་ཟེར་བ།།
རྒྱུག་ཨེ་ཡོད་མི་ཡོད་འདོད་ན།།
སྟོད་སྤང་དཀར་ཀླད་ནས་ཐེངས་གསུམ་ཁྱེར།།
ཐེངས་གསུམ་ལ་འགྱུར་ལྡོག་མ་བྱུང་ན།།
ཁྱོའི་བློ་རྟ་མ་རེད་ཅི་ཞིག་རེད།།
ས་སྡེ་ཆེན་དཀྱིལ་གྱི་རོགས་ལོ།།
ཁྲེལ་ཨེ་ཡོད་མི་ཡོད་འདོད་ན།།
ཁ་མི་ཁའི་བར་ནས་ཐེངས་གསུམ་འགྲོག།
ཐེངས་གསུམ་ལ་འགྱུར་ལྡོག་མ་བྱུང་ན།།
ཁྱོའི་ཚེ་འགྲོག་མ་རེད་ཅི་ཞིག་རེད།།
༡༡༦ང་འདོ་སེང་གྲོ་རྒྱ་གཡུ་ལོ།།
རྟ་བཟང་ངན་བཤད་རྒྱུ་ཅི་ཡོད་མོད།།
ཤ་ངན་པར་ཁས་ཤིག་རྒྱག་ན་ཐང་།།
རྟ་ཨེ་ཉོ་མི་ཉོ་མེད་ན།།
དེའི་ས་ནས་ཁན་ཞིག་ངས་འཇོག།
ས་སྡེ་ཆེན་གྲོང་གི་རོགས་ལོ་ང་།།
བུ་ཞིག་ལ་བཤད་རྒྱུ་ཅི་ཡོད་མོད།།
ཡག་མེད་པར་ཁས་ཤིག་རྒྱག་ན་ཐང་།།
རོགས་ཨེ་རྩེ་མི་རྩེ་མེད་ན།།
དེའི་ས་ནས་ཁིས་ཤིག་འཁུར་དགོས།།
༡༡༧རྟ་སྤུ་ག་ཅན་ཞིག་ང་མིན།།
སྒ་གྲུ་བཞི་མ་ཞིག་སྟོད་ལ།།
ས་བྱང་ལམ་བསྐོར་ལ་རྒྱུགས་དང་།།
རྟ་བཟང་འདུག་དེ་ནས་ཤེས་རྒྱུ་རེད།།
རོགས་མོ་སྒོ་ཅན་ཞིག་ང་མིན།།
ཁ་དགོད་ལ་ཚིག་གསུམ་ཤོད་ལ།།
ངའི་ཕྱོགས་ལ་བློ་རྩེ་གཏོད་དང་།།
འགྲོགས་རྔ་མ་ཅན་ཞིག་ང་ཡིན།།
༡༡༨ཁྱོད་རྔོག་ཐོག་འདོ་བ་ཟེར་བ།།
ས་སྤང་དཀར་ཀླད་ལ་ཤོག་དང་།།
རྟ་མ་རྒྱུག་དུས་ན་ཁྱོད་ཡིན།།
སྒ་མ་བསྟན་དུས་ན་ང་ཡིན།།
ས་སྡེ་ཆེན་དཀྱིལ་གྱི་རོགས་ལོ།།
གྲོང་རྩེ་བའི་ཁྲོམ་ལ་ཤོག་དང་།།
རོགས་མ་རྩེ་དུས་ན་ཁྱོད་ཡིན།།
ཚིག་མ་བཤད་དུས་ན་ང་ཡིན།།
༡༡༩ང་དམར་བོ་མེ་ལྕེ་ཟེར་བ།།
མེ་ལ་འབར་ས་ཞིག་མེད་གི།
ཁྱོས་དལ་ཐལ་ཟེར་ནི་ཨེ་གོ།
ཁྱོར་དེ་འདྲའི་གོ་མྱོང་ཨེ་ཡོད།།
ང་ཕྱི་སྡེ་ཁ་འཁྱམ་བྱི་ལི།།
རོགས་མ་འགྲོགས་ས་ཞིག་མེད་གི།
རོགས་འགལ་ཐལ་ཟེར་ནི་ཨེ་གོ།
ཁྱོར་དེ་འདྲའི་གོ་མྱོང་ཨེ་ཡོད།།
༡༢༠ལྷ་མ་མཇལ་ལྷ་ཞིག་མེད་གི།
ལྷ་མ་མཇལ་ལྷ་ཕྲུག་ཁྱོད་རེད།།
གཅིག་མཇལ་སྡིག་སྒྲིབ་དག་དགོས།།
གཉིས་མཇལ་བར་ཆད་སེལ་དགོས།།
རོགས་མ་རྩེ་རོགས་ཤིག་མེད་གི།
རོགས་མ་རྩེ་བྱི་ལི་ཁྱོད་རེད།།
གཅིག་རྩེ་སྣང་བ་མཐུན་དགོས།།
གཉིས་རྩེ་རྔ་མ་སྐྱོང་དགོས།།
རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི