ལ་གཞས་མཐུན་པ་དྲུག་སྐོར་ལས། མཐུན་པའི་སྐོར།༧
༩༡ང་ཨ་རིག་ར་ཁྲ་ཟེར་བ།།
ཁྱོའི་བློ་རྟ་བྱས་པའི་ཕྱི་ཉིན།།
རྒྱུག་མི་རྒྱུག་བྱས་རེ་བཏང་ན།།
ངའི་གྲུག་ཤ་ལེབ་མོའི་ཐོག་ལ།།
ལྕག་ཕྲ་མོས་བཞི་ཀྱིག་ཕོབ་དང་།།
ང་ཨ་རིག་འདོ་བས་ཉོས་ནི།།
ང་ཁ་འཁྱམ་བྱི་མོ་ཟེར་བ།།
ཁྱོའི་ཆུང་མ་བྱས་པའི་ཕྱི་ཉིན།།
འདུག་མི་འདུག་བྱས་རེ་བཏང་ན།།
ངའི་གངས་དཀར་དྲན་པའི་ངོས་ལ།།
ཚིག་གནོན་ནི་སྡུག་ནི་ཤོད་དང་།།
ཞེ་སྡུག་རུང་ང་ཡིས་ཉོས་ནི།།
༩༢ཤིང་གསོམ་དཀར་སྡོང་བོ་སྐྱེས་དྲང་གི།
ང་རྣོ་གཅོད་སོག་ལེ་ཁ་དྲང་གི།
ཡང་ཤིང་བཟོ་རྒན་པོའི་ཐིག་དྲང་གི།
ད་ཨ་གསུམ་དེ་གསུམ་ཐོ་ཐུག་དུས།།
མཁར་ཁང་བ་བཞེངས་རྒྱུ་ཅི་ལ་སྡུག།
ས་སྡེ་ཆེན་སྡེ་བའི་གཞུང་དྲང་གི།
ང་རྩེ་བ་དགའ་ལོའི་ཞེ་དྲང་གི།
དེའི་བར་གྱི་ཚིག་གི་འདང་དྲང་གི།
ད་ཨ་གསུམ་དེ་གསུམ་ཐོ་ཐུག་དུས།།
ཁྱིམ་བཟའ་བ་བྱེད་རྒྱུ་ཅི་ལ་སྡུག།
༩༣སོས་དལ་བའི་ཉག་ཕྲན་མདའ་མོ།།
སོས་དལ་ནས་ཡོད་དུས་དྲང་གི།
སོས་དལ་ནས་ཡོད་དུས་ལོས་དྲང་།།
སྨྱུག་ཚིགས་དྲུག་མཚམས་ནས་བཅད་ནི་རེད།།
ཤ་ཡུ་མོ་ཤོད་ལ་འབེབ་དུས།།
མདའ་དེ་དུས་དྲང་ན་དྲང་ནི།།
སོས་དལ་བའི་ཞེ་མཐུན་རོགས་ལོ།།
སོས་དལ་ནས་ཡོད་དུས་དུས་མཐུན་གི།
སོས་དལ་ནས་ཡོད་དུས་ལོས་མཐུན།།
ལོ་བཅོ་ལྔའི་སྟེང་གི་རོགས་རེད།།
གླིང་མི་ཁས་ད་སྡོད་ཟེར་དུས།།
ཁྱོད་དེ་དུས་མཐུན་ན་མཐུན་ནི།།
༩༤རྟ་ར་ཁྲ་ང་ལ་དྲང་ནི་གཅིག།
དེའི་སྒ་ཁྲ་རྒྱབ་ལ་བདེ་ནི་གཉིས།།
ང་འཁྱམ་པའི་ལྟ་ཚུལ་མིན་ན།།
ཅང་མི་འགོར་བློ་རྟ་ཉན་རྒྱུ་རེད།།
ཅག་གར་བལྟས་ནས་ཇག་ལ་འགྲོ་རྒྱུ་རེད།།
བོད་ལོའི་ནང་ལ་ལ་ལོ་འདེད་རྒྱུ་རེད།།
རྒྱ་ལོའི་ནང་ལ་རྒྱུ་མགོར་འབུད་རྒྱུ་རེད།།
རོགས་ཁྱོད་ཚོ་ང་ལ་དྲང་ནི་གཅིག།
ཕོ་ངེད་ཚོ་ཁྱོད་ལ་དུང་ནི་གཉིས།།
ང་རྩེ་བའི་ལྟ་ཚུལ་མིན་ན།།
ཅང་མི་འགོར་རྒན་མོ་ཉན་རྒྱུ་རེད།།
སྡེ་ཁ་རི་བརྒྱུད་ནས་འཁྲིད་རྒྱུ་རེད།།
ཡུལ་ཕ་མའི་རྩིབ་ལ་ཐོན་རྒྱུ་རེད།།
ལོ་མི་འགོར་ལོ་ལོ་མང་རྒྱུ་རེད།།
༩༥ཧོར་ཟླ་བཞི་བའི་ཁུ་བྱུག་སྔོན་མོ་ཁྱོད།།
ཕ་ས་སྐྱིད་པོ་རྒྱ་གར་རྡོ་རྗེ་གདན།།
ཕ་ཡུལ་བསོ་མོ་རྒྱ་རྫོང་ནགས་ནས་སྐྱེས།།
འཕུར་གྲོགས་བྱེའུ་འཇོལ་མོ་ང་དང་གསུམ།།
དགུན་ཟླ་བཅུ་བས་འབོད་པ་བྱས་ཀྱང་རུང་།།
སྟོན་ཟླ་བརྒྱད་པས་ལམ་ལ་བཅུག་ཀྱང་རུང་།།
སྐྱེ་བ་ཕྱི་མ་བཤད་ནི་མི་བཤད་ཀྱང་།།
སྐྱེ་བ་འདི་ནས་སྐྱིད་པོ་བཅའ་རྒྱུ་རེད།།
རང་ལོ་ཉི་ཤུའི་ནང་གི་རྩེ་རོགས་ཁྱོད།།
ཕ་ས་སྐྱིད་པོ་མདོ་སྨད་ཨ་མདོ་གཞུང་།།
ཕ་ཡུལ་བསོ་མོ་བཀྲ་ཤིས་མཚོ་མོའི་ཁ།།
རྩེ་རོགས་ཁ་འཁྱམ་བྱི་ལི་ང་དང་གསུམ།།
དགྲ་ནག་བྱི་ལིས་ངོ་མདོག་བསྟན་ཡང་རུང་།།
གླིང་ཡུལ་མི་ཁས་ཁ་ཁར་བཏང་ཡང་རུང་།།
སྐྱེ་བ་ཕྱི་མ་བཤད་ནི་མི་བཤད་ཀྱང་།།
སྐྱེ་བ་འདི་ནས་སྐྱིད་པོ་བཅའ་རྒྱུ་རེད།།
༩༦ཁྱོད་ཀྱལ་ཏ་དམར་བོ་ཨེ་ཡིན།།
ཁྱོད་ཀྱལ་ཏ་དམར་བོ་ཡིན་ན།།
ངས་མགོ་རྔ་དངུལ་གྱིས་ཤན་ན།།
རྟ་འདོ་བའི་གོང་ནས་འཛིན་རྒྱུ།།
ལྕག་འདི་ཡིན་ཟེར་ནས་ངོམ་རྒྱུ།།
ཁྱོད་ཕ་བཟང་བུ་མོ་ཨེ་ཡིན།།
ཁྱོད་ཕ་བཟང་བུ་མོ་ཡིན་ན།།
ངས་ཡང་བཟང་ཚིག་ཅིག་བཤད་ནས།།
ཕྱི་རྩེ་བའི་གྲས་ནས་འཁྲིད་རྒྱུ།།
རོགས་འདི་ཡིན་ཟེར་ནས་ངོམ་རྒྱུ།།
༩༧མཛོ་རང་གིས་རང་ཐག་ཨེ་ཆོད།།
མཛོ་རང་གིས་རང་ཐག་ཆོད་ན།།
ཁྱོས་རྒྱབ་ཀྱི་ལན་ཆགས་ཕོག་དགོས།།
ཤིང་བྲ་མའི་སྣ་གཅུ་གཅོག་དགོས།།
རྒྱ་ཁེ་བའི་འགེལ་མཛོ་བྱེད་དགོས།།
རོགས་རང་གིས་རང་ཐག་ཨེ་ཆོད།།
རོགས་རང་གིས་རང་ཐག་ཆོད་ན།།
ཁྱོས་དགྲ་ནག་བྱི་ལི་བསྐྱུར་དགོས།།
ཁྱོད་དྲིན་ཆེན་ཕ་མར་འགལ་དགོས།།
ཕོ་ངེད་ཚོའི་ཆུང་མ་ཉན་དགོས།།
༩༨རྟ་གྲོ་རིལ་སྔོ་རིལ་བརྒྱུགས་བཏང་ན།།
གོང་བྱིན་ནས་ཉོས་པའི་ར་ཁྲ་དེ།།
བྱ་ཡིན་རུང་བྱང་ནས་བསྐྱུར་ལ་ཐོངས།།
སྒ་བེ་ཤིང་གསེར་སྲང་སྟོང་ཡིན་ཀྱང་།།
སྟོང་ཡིན་ཀྱང་སྟོང་བ་ཕུད་ལ་ཐོངས།།
སྒ་དེ་འདྲ་ད་དུང་ཁུག་ནི་རེད།།
རོགས་འུ་གཉིས་གྲོང་ནས་རྩེ་བཏང་ན།།
དགྲ་ནག་པོ་མཆིན་པའི་ཤ་ཡིན་རུང་།།
ཤ་ཡིན་རུང་ཕྱིར་ལ་བསྐྱུར་ལ་ཐོངས།།
བུ་བུ་ཕྲུག་སེམས་ཀྱི་སྨྲེང་ཡིན་རུང་།།
སྨྲེང་ཡིན་རུང་གྲོང་ནས་ཞོག་ག་ཐོངས།།
རོགས་འུ་གཉིས་བཟའ་ཚང་ཉན་སོང་ན།།
བུ་དེ་འདྲ་ད་དུང་སྐྱེ་ནི་རེད།།
༩༩རྟ་གྲོ་རིལ་བློ་རྟར་ཉན་དགོས་ན།།
ཁྱོའི་རྒྱབ་ཀྱི་སྒ་ཁྲ་ལེན་དགོས།།
ངའི་མགོ་ཡི་སྲབ་ཁྲ་ཕུད་དགོས།།
སྡུག་ཉིས་འདག་སུམ་འདག་བྱེད་དགོས།།
དག་དག་གི་རྔ་མ་ཞིག་ལ།།
རྟ་བློ་རྟར་ཉན་ན་སྲལ་གི་མོད།།
འགངས་མ་ཉན་བཏང་ན་ངོ་རེ་ཚ།།
རོགས་ཁྱོད་ཚོའི་བཟའ་ཚང་ཉན་དགོས་ན།།
མ་ངེད་ཚོའི་བཟའ་ཚང་འཐོར་དགོས།།
ཁྱོའི་རྩིབ་ཀྱི་ཆུང་མ་གཏོར་དགོས།།སྡུ
ག་ཉིས་འདག་སུམ་འདག་བྱེད་དགོས།།
དག་དག་གི་རྔ་མ་ཞིག་ལ།།
ཁྱིམ་བཟའ་ཚང་ཉན་ན་སྲལ་གི་མོད།།
འགངས་མ་ཉན་བཏང་ན་ངོ་ཚ།།
༡༠༠ས་ཨ་རྒྱ་དར་རྒྱལ་ཀླད་ནས།།
བསམ་བསྡད་ནས་ཤ་ཞིག་བསད་ལ།།
བོའུ་ཁྲ་རིང་ཕྲག་ལ་ལྕི་རུང་།།
ཡུལ་གནས་བདག་སེམས་ལ་གནོད་རུང་།།
ཤ་མི་བསྐྱུར་ཐག་གིས་གཅོད་ལ།།
ས་ཨ་རྩེ་ཉིས་རྩེ་གྲོང་ན།།
བསམ་བསྡད་ནས་རོགས་ཤིག་བཙལ་ལ།།
ཁྱོའི་རྒད་པོའི་སེམས་ལ་གནོད་རུང་།།
ངའི་རྒན་མོ་མ་དགའ་ཤི་རུང་།།
རོགས་མི་འགལ་ཐག་གིས་གཅོད་ལ།།
༡༠༡ས་སྨད་ཕྱོགས་རྨ་ཆུའི་ཁ་ནས།།
གཟིངས་གྲུ་བཞིར་ལྷུ་བཞི་བསྒྲིགས་ཡོད།།
ལྷུ་ཐོག་དུང་གིས་མནན་ཡོད།།
ཟླ་དྲུག་པའི་ཆུ་དམར་ཐོན་རུང་།།
འཁུར་འགྲོ་བའི་བསམ་པ་མེད་གི།
ས་སྡེ་ཆེན་ཚོ་དྲུག་གླིང་ནས།།
ངས་བསལ་ནས་རོགས་ཤིག་བཙལ་ཡོད།།
ངས་ཚིག་རྟིང་ཚིག་གིས་མནན་ཡོད།།
ངས་ཚིག་རྔ་མནའ་ཡིས་བསྒགས་ཡོད།།
གླིང་ཚོ་དྲུག་མི་ཁ་འཁོར་རུང་།།
འགལ་འགྲོ་བའི་བསམ་པ་མེད་གི།
༡༠༢ང་དབུས་རི་དབུས་སྐོར་བརྒྱབ་བཏང་ང་།།
ང་དབུས་ཀྱི་བླ་མར་མཇལ་བཏང་ང།།
སྐེ་བསྲིངས་ནས་མཇལ་ཁ་བླངས་བཏང་ང་།།
ང་སྐྱིད་ལ་སྡིག་སྒྲིབ་དག་རྒྱུ་རེད།།
ང་སྡེ་རི་སྡེ་སྐོར་བརྒྱུད་བཏང་ང།།
ས་སྡེ་ཆེན་རོགས་ལ་རྩེ་བཏང་ང་།།
ཁ་བགད་ནས་ཚིག་གསུམ་བཤད་བཏང་ང་།།
སྐྱིད་ལ་བཟའ་ཚང་ཉན་རྒྱུ་རེད།།
༡༠༣ལྷ་མ་མཇལ་དད་པ་སྐྱེས་ནོ།།
གཅིག་མཇལ་ན་སྡིག་སྒྲིབ་དག་ནོ།།
དགོན་སྐུ་འབུམ་བྱམས་པ་གླིང་རེད།།
རོགས་མ་འགྲོགས་མིག་ལ་ཡག་ནོ།།
རྩེ་བཏང་ན་སྣང་བ་མཐུན་ནོ།།
སྡེ་ཆེན་པོའི་རྩེ་ཡ་ཁྱོད་རེད།།
༡༠༤ངས་བསམ་ནས་གླེང་གི་ཡོད་ནོ།།
སྨད་རྒྱ་ནག་རྒྱལ་སྲས་ཟ་འོག་ཡིན།།
གོན་མ་ཐུབ་ཡིད་སྨོན་ཤོར་ནོ།།
གོས་སྨུག་དག་ནོར་བུ་ཆ་བདུན་ཡིན།།
ངས་བསམ་ནས་གླེང་གི་ཡོད་ནོ།།
སྡེ་ཆེན་པོའི་རྩེ་ཡ་རྩེ་རོགས་ཡིན།།
རྩེ་མ་ཐུབ་ཡིད་སྨོན་ཤོར་ནོ།།
རོགས་ཞེ་མཐུན་དགའ་ལོ་ཁྱོད་ཡིན།།
༡༠༥མིང་ཆེན་གོས་ཆེན་འབྲུག་མ།།
དོན་ཅན་ཐོག་གི་རི་མོ།།
རྒྱན་ཆ་ཁ་ཡི་ཆུ་སྲམ།།
གོས་འདི་ཚོ་གོན་པའི་འཕྲོ་ནས།།
གོས་གཞན་པ་རྒྱབ་ལ་ཅིར་ལེན།།
གཅིག་བླངས་རུང་དྲོད་ཁོལ་ཅིར་གཅིག།
མིང་ཅན་ཕ་བཟང་བྱི་ལི།།
དོན་ཅན་ཁ་ཡི་ཚིག་གསུམ།།
རྒྱན་ཆ་འདང་དང་ཞེ་བརྩེ།།
རོགས་ཁྱོད་ཚོར་རྩེ་བའི་འཕྲོ་ནས།།
རོགས་གཞན་པ་ཞིག་ལ་ཅིར་རྩེ།།
གཅིག་རྩེ་རུང་སྣང་བ་ཅིར་མཐུན།།
རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི