ལ་གཞས་མཐུན་པ་དྲུག་སྐོར་ལས། མཐུན་པའི་སྐོར།༦
༧༦ཁངས་མ་འབབ་རྫ་མགོ་དཀར་ནོ།།
རྨ་ཕ་རིའི་རྨ་ཆེན་གངས་རེད།།
དགུང་ཉི་མ་ཀླད་ནས་ཤར་རུང་།།
ཞུ་འགྲོ་བའི་བསམ་པ་མེད་ནོ།།
ཤར་རྨ་རྒྱལ་གངས་གསེང་དར་རེད།།
གངས་མི་ཞུ་ཟེར་དོན་དེ་ཡིན།།
རོགས་མ་རྩེ་སྣང་བ་མཐུན་ནོ།།
ཞེ་མཐུན་རོགས་ལོ་ཁྱོད་རེད།།
གླིང་མི་ཁའི་འཁོར་ལོ་བསྐོར་རུང་།།
འགལ་འགྲོ་བའི་བསམ་པ་མེད་ནོ།།
རོགས་འུ་གཉིས་ཚིག་དང་མནའ་རེད།།
རོགས་མི་འགལ་ཟེར་དོན་དེ་ཡིན།།
༧༧མཁར་སྐྱོ་མོའི་གྱང་རྟིང་རྡོ་རེད།།
མཁར་མི་ལོག་ཟེར་དོན་དེ་ཡིན།།
ཕོ་ངེད་ཚོའི་ཚིག་རྟིང་མནའ་ཡིན།།
རོགས་མི་འགལ་ཟེར་དོན་དེ་ཡིན།།
༧༨འབའ་མང་རའི་བྱེ་ཁུགས་ཐག་རིང་གི།
ང་རྒྱག་གི་འདོ་བའི་བོངས་ཆུང་གི།
རྒྱུག་གོམ་ལག་བར་ནས་བཀའ་དོག་གི།
སྒ་ལྷུ་བཞིའི་འོག་ནས་དབང་ཆུང་གི།
རྟ་རང་རང་དབང་ལ་མ་འོང་ན།།
ངས་དབང་ཆུང་འདོ་བ་སྙིང་རྗེ་གི།
ང་རྩེ་མཁན་རོགས་ལོར་ཞེ་མཐུན་གི།
ཞེ་མཐུན་པའི་རོགས་ལོར་དབང་ཆུང་གི།
ཁྱིམ་ཆུང་མའི་རྩིབ་ནས་བཀའ་དོག་གི།
ཁ་ཚིག་གསུམ་བཤད་དུས་དབང་ཆུང་གི།
རོགས་རང་རང་དབང་ལ་མ་འོང་ན།།
ངས་དབང་ཆུང་རོགས་ལོར་སྙིང་རྗེ་གི།
༧༩སྟོད་དབུས་གཙང་གསེར་ཏོག་སེར་བོ་རེད།།
གསེར་དགུ་ཐོག་འཛམ་གླིང་ཉི་མ་རེད།།
དཔེ་བཞག་ན་བུ་དང་བུ་མོ་རེད།།
ཞེ་མཐུན་ན་ཀན་གྱི་རང་བཞིན་རེད།།
སྡེ་ཆེན་པོ་དངུལ་ཏོག་དཀར་བོ་རེད།།
དངུལ་དུང་ཐོག་ན་ཟླ་ཆུང་ལོ་རེད།།
དཔེ་བཞག་ན་བུ་དང་བུ་མོ་རེད།།
ཞེ་མཐུན་ན་ཀན་གྱི་རང་བཞིན་རེད།།
༨༠ས་ཡག་སྤང་དཀར་ཀླད་ནས།།
རྟ་ཡག་གྱི་ལིང་གྲོ་རྒྱ།།
ཁྱོས་ཕྱི་བལྟས་མིག་གིས་འཚོས་ནོ།།
ནང་རྟ་བརྒྱའི་གྲས་ཀྱི་རྒྱན་རེད།།
རྟ་ཞོན་ན་གོམ་ལག་བདེ་ནོ།།
ང་རྟ་བདག་སེམས་ཀྱི་འདོད་རེད།།
ས་སྡེ་ཆེན་ཚོ་དྲུག་གླིང་ནས།།
རོགས་ཆུང་ལོ་སྙིང་ལ་རྗེ་བོ།།
ཁྱོས་ཕྱི་བལྟས་མིག་གིས་འཚོས་ནོ།།
ནང་ན་ཟླའི་གྲས་ཀྱི་རྒྱན་རེད།།
རོགས་རྩེས་ནས་སྣང་བ་མཐུན་ནོ།།
ང་བྱི་མོའི་སེམས་ཀྱི་འདོད་རེད།།
༨༡ངས་རྟ་བརྒྱ་རྟ་མང་མིག་གིས་འཚོས།།
ངས་འདོ་བ་རྐྱང་རྒོད་སེམས་ཀྱིས་འཚོས།།
རྟ་བརྒྱ་བོ་མིག་གིས་མ་འཚོས་ན།།
རྟ་གཅིག་དེ་འཚོ་ས་མི་འགྲོ་གི།
ངས་རོགས་བརྒྱ་རོགས་མང་མིག་གིས་འཚོས།།
ངས་ཆུང་གཅིག་རོགས་ལོ་སེམས་ཀྱིས་འཚོས།།
རོགས་བརྒྱ་བོ་མིག་གིས་མ་འཚོས་ན།།
རོགས་གཅིག་དེ་འཚོ་ས་མི་འགྲོ་གི།
༨༢ཡར་བལྟས་ཀྱི་དགུང་སྔོན་གནམ་ན།།
སྤྲིན་དཀར་སྤྲིན་དམར་གཉིས་ཡོད།།
སྤྲིན་དམར་རྔམས་ཀ་མཐུག་རུང་།།
ཞེ་སྤྲིན་དཀར་ཞིག་ལ་ཆགས་ཡོད།།
སྤྲིན་དཀར་བོ་དཀར་བོ་དུང་རེད།།
སྤྲིན་དཀར་བོར་ཆགས་དོན་དེ་ཡིན།།
ཕྱི་སྲིད་སྡེ་ཚོ་དྲུག་གླིང་ན།།
རོགས་ཁ་མཐུན་ཞེ་མཐུན་གཉིས་ཡོད།།
ཁ་མཐུན་ཁ་ཚིག་ཡག་རུང་།།
སེམས་ཞེ་མཐུན་རོགས་ལོར་ཆགས་ཡོད།།
རོགས་བརྩེ་འདང་མ་དང་བུ་རེད།།
ཞེ་རོགས་ལ་ཆགས་དོན་དེ་རེད།།
༨༣རྟ་གྲོ་རིལ་སྔོ་རིལ་བརྒྱུགས་ནོ།།
ངེད་ཚང་གི་བློ་རྟར་གསང་དགོས།།
ངའི་བློ་རྟས་གོ་རེ་སོང་ན།།
ངའི་བློ་རྟས་གློ་འཕྲ་འཕེན་ན།།
ངས་ཨ་ལ་ཞང་ང་བཤད་ནི།།
གློ་འཕྲ་འཕེན་ན་བློ་རྟ་བཙོང་ང་བཏང་།།
སྒ་ངན་གཅོག་ན་སྒར་ར་འབུལ་ལ་བཏང་།།
བློ་རྟ་བཙོངས་ནས་རྟ་ཞིག་རྙེད་ནི་རེད།།
སྒར་ལ་ཕུལ་ནས་ཆོས་ཤིག་བཅོས་ནི་རེད།།
གོ་གཅིག་ཆོད་ཉིས་ཆོད་བྱུང་ནི་རེད།།
རོགས་འུ་གཉིས་འདི་ནས་རྩེ་ནོ།།
ངེད་ཚང་གི་རྒན་མོར་གསང་དགོས།།
ངའི་རྒན་མོས་གོ་རེ་སོང་ན།།
ངའི་རྒན་མོས་བཟའ་སྡིག་བྱེད་ལ།།
ངས་ཨ་ལ་ཞང་ང་བཤད་ནི།།
བཟའ་སྡིག་བྱེད་ན་བཟའ་ཚང་འཐོར་ར་བཏང་།།
མི་ཁ་སྐོར་ན་མི་ལ་སྟེར་ར་བཏང་།།
བཟའ་ཚང་ཐོར་ནས་མཐུན་པ་བཙལ་ནི་རེད།།
མི་ལ་བྱིན་ནས་མི་ངོ་ལོན་ནི་རེད།།
གོ་གཅིག་ཆོད་ཉིས་ཆོད་བྱུང་ནི་རེད།།
༨༤རྟ་གྲོ་རིལ་གཉིས་ཀྱི་ཕན་ནས།།
ཉོས་ཡོད་པའི་ཨ་སང་གྲོ་རྒྱ།།
བསྐྱུར་ཞེ་ན་ཡ་ལ་ཡ་ཡིན།།
ཞོན་ཞོན་པའི་རྟ་བོར་ཤ་མེད།།
རྟ་ཤ་མེད་བརྒྱ་མེད་འདི་ཚོ།།
བཙོང་ཞེ་ན་ཅང་གིས་མི་ཉོ།།
རབ་ཡིན་ན་ཕར་ལ་རྒྱག་ག་བཏང་།།
རོགས་ཁྱོད་ཚོ་བཟའ་ཚང་ཉན་ན།།
བཙལ་ཡོད་པའི་རྒྱུ་བྱིན་ཆུང་མ།།
བསྐྱུར་ཞེ་ན་ཡ་ལ་ཡ་ཡིན།།
རྩེ་རྩེ་བའི་རྒྱུ་བྱིན་ཆུང་མ།།
ལོ་ལོན་ནས་ལོ་ལོ་མང་གི།
སྟེར་ཞེ་ན་ཅང་ལ་མི་དགོས།།
སོང་ཟེར་ན་འགྲོ་ས་མེད་གི།
རབ་ཡིན་ན་ཕར་ལ་རྒྱག་ག་བཏང་།།
༨༥རྟ་འདོ་བ་སྙིང་ལ་རྗེ་བོ།།
ཁྱོས་རྟ་བདག་འཁྱམ་པའི་ཁ་ལོངས།།
སུག་སྐོར་སྒྲོག་སུམ་རྩའི་ཁྲིམས་རྩིས།།
ཁྱོར་ཐོབ་བྱ་ཅན་པོ་དེ་རེད།།
ཡང་ཐོབ་བྱ་མེད་ནོ་ང་རེད།།
རོགས་ཆུང་ལོ་སྙིང་ལ་རྗེ་བོ།།
ཁྱོས་རྒྱུ་བྱིན་ཆུང་མའི་ཁར་ཉོན།།
ཡང་དྲིན་ཆེན་ཕ་མའི་ཚིག་རྩིས།།
ཁྱོར་ཐོབ་བྱ་ཅན་པོ་དེ་རེད།།
ཡང་ཐོབ་བྱ་མེད་ནོ་ང་རེད།།
༨༦རྫ་ཁ་རི་ཉུལ་གི་བོའུ་རྒྱུ།།
རྫ་ཁ་རི་ཉུལ་ནས་འགྲོ་དོན།།
ངའི་འགྲོ་དོན་ཤ་བོ་ཁྱོད་ཡིན།།
ཤ་ཁྱོད་ལ་ཐོབ་བྱ་མེད་ན།།
རྫ་ཁ་རི་ཉུལ་ནོ་དོན་མེད།།
བོའུ་ཕྲག་ལ་འཁུར་ནོ་ལན་ཆགས།།
སྡེ་ཁ་རི་ཉུལ་གི་འཁྱམ་པ།།
སྡེ་ཁ་རི་ཉུལ་ནས་འགྲོ་དོན།།
ངའི་འགྲོ་དོན་རོགས་ལོ་ཁྱོད་ཡིན།།
རོགས་ཁྱོད་ལ་ཐོབ་བྱ་མེད་ན།།
སྡེ་ཁ་རི་ཉུལ་ནོ་དོན་མེད།།
ཁ་ཚིག་གསུམ་བཤད་ནོ་ལན་ཆགས།།
༨༧ཁྱོད་རི་གསུམ་རྩེ་ཡི་ཁོལ་མོ།།
ཤིང་བྲ་མས་ལན་ཆགས་ཨེ་གཏོད་གི།
ཤིང་བྲ་མས་ལན་ཆགས་གཏད་བཏང་ན།།
འདུག་མི་དགོས་ཁོལ་མོ་བུད་ལ་ཤོག།
ཁྱོད་ཡོང་ས་ཁྲ་ཡག་རྫ་ཡོད།།
བློ་གཏོད་ས་བྲག་དམར་ང་ཡོད།།
ས་སྡེ་ཆེན་གྲོང་གི་དགའ་ལོ།།
ཁྱིམ་ཆུང་མས་ལན་ཆགས་ཨེ་གཏོད་གི།
ཁྱིམ་ཆུང་མས་ལན་ཆགས་གཏད་བཏང་ན།།
འདུག་མི་དགོས་དགའ་ལོ་བུད་ལ་ཤོག།
ཁྱོད་ཡོང་ས་སྡེ་ཆེན་གྲོང་ཡོད།།
བློ་གཏོད་ས་བྱི་མོ་ང་ཡོད།།
༨༨སྟོད་དབུས་གཙང་ཡུལ་གྱི་བླ་མ།།
ང་བྲག་ཁུང་སྐམ་པོའི་ནང་ནས།།
སྒོམ་ཏིང་ངེ་འཛིན་ལ་བཞུགས་ནོ།།
ཚེ་འདི་ཕྱི་བསམ་ནི་མིན་ན།།
དབུས་གྲྭ་བ་སྟོང་གི་དབུས་ན།།
སྐྱིད་བརྒྱབ་ནས་འདུག་ནི་ལོས་ཐུབ།།
ང་ཁ་འཁྱམ་བྱི་ལི་ཟེར་བ།།
ས་སྡེ་ཆེན་འཁྱམ་པའི་ལྟ་བྱས།།
ཡུལ་རི་ཁ་ཁྱི་ཁ་ཉུལ་ནོ།
།མ་ཁྱོད་ཚོ་བསམ་ནི་མིན་ན།།
ཡུལ་ཉལ་ས་དྲོན་པོའི་ནང་ནས།།ལུ
ས་ཉལ་ནས་འདུག་ནི་ལོས་ཐུབ།།
༨༩ཁྲི་རྒྱབ་ཡོལ་སྟེང་གི་བླ་མ།།
ཁྲི་སེར་བོའི་སྟེང་ནས་ཁྱོད་བཞུགས།།
མགོ་སྒུར་ནས་ཕྱག་གསུམ་ངས་འཚལ།།
ཚེ་འདི་ནས་སྡིག་གྲིབ་ངར་ལྗིད།།
ཚེ་ཕྱི་མའི་དོན་དག་ཁྱོར་གསལ།།
ས་སྡེ་ཆེན་གྲོང་གི་རོགས་ལོ།།
སྡེ་ཆེན་པོའི་དཀྱིལ་ནས་ཁྱོད་སྡོད།།
ཁ་བགད་ནས་ཚིག་གསུམ་ངས་བཤད།།
སྡེ་འདི་ནས་མི་ཁ་ངར་ངན།།
ཚེ་གང་གི་དོན་དག་ཁྱོར་གསལ།།
༩༠རྟ་འདོ་བ་སྙིང་ལ་རྗེ་བོ།།
ངའི་བློ་རྟ་མ་བྱས་གོང་ལ།།
ཁྱོར་བཤད་རྒྱུ་ཚིག་གསུམ་ཡོད་ནོ།།
རྟ་བློ་རྟ་ཉོས་པའི་ཕྱིན་ཆད།།
སྒ་གཞན་པ་རྒྱབ་ལ་བླངས་ནས།།
སྲབ་གཞན་པ་མགོ་ལ་གོན་དུས།།
ཁྱོའི་རྟ་བདག་མཛད་པ་བཙོག་གི།
ཁྱོའི་སྒ་ངན་རྒྱབ་ནས་ལེན་ན་ཐང་།།
ཁྱོའི་ཐུར་ངན་མགོ་ནས་ཕུད་ལ།།
མར་དགོན་འདབས་ཐུར་ར་བདའ་ལ།།
སྒར་དགོན་བདག་བླ་མ་ཡོང་ནས།།
ལད་པ་སུམ་བརྒྱ་དྲུག་ཅུ།།
ལད་ཅན་ང་རེད་ཟེར་རུང་།།
ངའི་རྟ་རྒན་བདག་པོ་ང་རེད།།
སྒར་གྱི་བླ་མ་འོ་རེད།།
རོགས་ཆུང་ལོ་སྙིང་ལ་རྗེ་བོ།།
ངའི་རྩེ་རོགས་མ་བྱས་གོང་ལ།།
ཁྱོར་བཤད་རྒྱུ་ཚིག་གསུམ་ཡོད་ནོ།།
རོགས་ཚེ་འགྲོག་ཉན་པའི་ཕྱིན་ཆད།།
མི་གཞན་པའི་ཁ་བཤད་རྒྱུག་ནས།།
ཚིག་གང་ཡག་གཞན་ལ་བཤད་དུས།།
ཁྱོའི་རོགས་ཀྱི་མཛད་པ་བ་བཙོག་གི།
ཚིག་རྩུབ་མོས་ཡིད་སེམས་གསོད་ལ།
།ཡུལ་ཕ་མར་ནང་མཚང་བཤད་ལ།།
ཁྱོའི་དྲིན་ཆེན་ཕ་མ་གཉིས་ཀྱིས།།
ལད་པ་སུམ་བརྒྱ་དྲུག་ཅུ།།
ལད་ཅན་ང་རེད་ཟེར་རུང་།།
ངའི་རོགས་ལོའི་བདག་པོ་ང་རེད།།
ཀན་རྒན་རྒོན་གཉིས་ཀ་འོ་རེད།།
རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི